ཡིད་ཀྱི་ཁྱེའུ་ཆུང་དང་བཻ་རོ་ཙ་ནའི་གཏམ་རྒྱུད་ས་བོན་

ཡོང་ཁུངས་Wikipedia

མདོ་གཟེར་མིག་༼སྟོད་ཆ་ངོས་༡༤༩༽ལས། བདག་ཅག་མཆིས་པའི་ཡུལ་ནི། འཇིག་རྟེན་གྱི་ཁམས། ཤར་ཕྱོགས་ཀྱི་གླིང་། ཧོས་མོ་གླིང་དྲུག་ལགས་སོ། ཞེས་པ་ནས། ༼༡༥༠༽མཐོ་སར་འདྲེན་པ་དང་། ཐར་ལམ་སྟོན་པའི་སློབ་དཔོན་མི་བདོག་ནས། སྟོན་པ་ཉིད་སྤྱན་འདྲེན་འོང་བ་ཡིན། ཞེས་སོགས་ནས་བསྟན་པའི་སྟོན་པ་གཤེན་རབ་ཀྱིས་ཧོས་ཀྱི་རྒྱལ་པོ་དང་བ་ཡིད་རིང་གི་མཆོད་གནས་སུ་ཁོང་གི་སློབ་མའི་གཙོ་བོ་ཡིད་ཀྱི་ཁྱེའུ་ཆུང་བཏང་བ་དེ་ཧོས་ཀྱི་ཡུལ་དུ་ལོ་གསུམ་ལ་བོན་བསྟན་ཏེ་ཡུལ་ཕྱོགས་དེར་མཛད་ཕྲིན་ཆེན་པོ་བྱུང་སྟེ་ཡོད་པར། རྒྱལ་པོའི་བཙུན་མོ་གུ་ལིང་མ་ཏི་བྱ་བས་ཡིད་ཀྱི་ཁྱེའུ་ཆུང་ལ་ཆགས་སེམས་བཅང་བ་རེ་དོན་མ་གྲུབ་ནས་ཁོང་ལ་བསྐུར་འདེབས་ཆེན་པོ་ཞུས་པའི་རྐྱེན་ཀྱིས་ནད་ངན་མཛེ་ཡིས་ཟིན་ཏེ་འཆི་ལ་ཐུག་པ་དང་། སློབ་དཔོན་ཡུལ་ཕྱོགས་གཞན་གྱི་རི་གསེང་དུ་གཤེགས་ཏེ་མེད་པར། སྟོན་པ་གཤེན་རབ་སྤྱན་དྲངས་དུས་སྟོན་པས་མོ་རང་ལ་སླར་ཡིད་ཀྱི་ཁྱེའུ་ཆུང་ལ་སྔར་བྱས་སྡིག་པ་བཤགས་སྦྱོང་བྱས་ན་ཕན་ཚུལ་བཀའ་སྩལ་པ་ལྟར་གདན་འདྲེན་ཞུས་ཏེ་གནོང་འགྱོད་ཞུམས་པའི་སྒོ་ནས་བཤགས་སྦྱང་དང་ཚོགས་བསགས་རྒྱ་ཆེན་བགྱིས་མཐར་མོ་རང་ལས་སྒྲིབ་བྱང་སྟེ་ཐར་པར་འཁོིད་པའི་ཚུལ་རྒྱས་པར་བཀོད་ཡོད་པའི་གཏམ་རྒྱུད་འདིའི་རྒྱུད་རིམ་ནང་དུ་སྤྱིར་བུད་མེད་ཀྱི་འདུ་ཤེས་དང་། ཡིད་ཀྱི་ཁྱེའུ་ཆུང་ལྟ་བུ་དཀའ་ཐུབ་པ་ཚད་ལྡན་གྱི་གནས་ཚད་དང་། རྒྱལ་པོ་དང་བ་ཡིད་རིང་གི་མངོན་འདོད་ཀྱི་རང་བཞིན་དང་། ཡིད་ཀྱི་ཁྱེའུ་ཆུང་ལམ་བར་དུ་མགར་བ་དང་འཕྲད་པའི་འཁྲུག་ཆ་དོད་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དང་། རྒྱལ་པོས་ཆུ་ཕ་རོལ་དུ་གཤེགས་ཚར་བའི་ཡིད་ཀྱི་ཁྱེའུ་ཆུང་ལ་འགྱོད་བཤགས་ཀྱི་སྨྲེ་ངག་དང་། བཙུན་མོ་ནད་ངན་གྱིས་མནར་ཏེ་ཡི་མུག་པའི་སྐྱོ་ཉམས་དང་། མཐར་ཡིད་ཀྱི་ཁྱེའུ་ཆུང་དང་བཙུན་མོ་རྒྱལ་པོ་སོགས་སྟོན་པའི་སྤྱན་སྔར་འཚོགས་པའི་རྒྱུད་རིམ་དང་། སྐབས་དེ་དུས་བཙུན་མོ་ཕྱག་འཚལ་བའི་སྐབས་ཀྱི་མགོ་བོ་ཡར་མི་ཐེག་པའི་གནོང་འགྱོད་ཀྱི་ངོ་ཚ་བའི་ཉམས་སོགས་རྩོམ་རིག་འདིར་སྒྱུ་རྩལ་གྱི་ཁྱད་ཆོས་རྨད་དུ་བྱུང་བ་ལྡན་ཡོད་པའི་གཏམ་རྒྱུད་ཅིག་ཡིན་ཞེས་ཤོད་ཆོག །གཏམ་རྒྱུད་འདི་ནི་བཀའ་ཐང་སྡེ་ལྔའི་ནང་དུ་བཱེ་རོ་ཙྭ་ནའི་གཏམ་རྒྱུད་ཅིག་དང་ནང་དོན་དང་རྣམ་པ་གང་གི་ཐད་ནས་འདྲ་མཚུངས་སུ་གྱུར་ཡོད་པ་ནི་དཔྱད་བྱ་ཞིག་ཡིན་ཏེ། བཀའ་ཐང་སྡེ་ལྔ་༼མི་རིགས་དཔེ་སྐྲུན་ཁང་གི་དཔར་མ་ངོས་༢༤༤༽ལས། ནང་པར་སློབ་དཔོན་དྲོ་ལ་བྱོན་ཙ་ན། བསམ་ཡས་ཡུལ་གྱི་བྱ་གག་རྣམས་ཀྱིས་བསུས། དེ་ནས་རི་དྭགས་སྤུ་སྡུག་རྣམས་ཀྱིས་བསུས། ཞེས་སོགས་ཀྱིས་བཱེ་རོ་ཙ་ན་དང་ཡིད་ཀྱི་ཁྱེའུ་ཆུང་གཉིས་མི་སྣ་གཅིག་གི་ངོ་བོར་བྱུང་ལ། བཙུན་མོ་གུ་ལིང་མ་དང་ཚེ་སྤོང་ཟ་དམར་རྒྱན་གཉིས་མི་སྣ་གཅིག་ཏུ་སོང་སྟེ་བཙུན་མོས་ལྟོ་ལོང་བཏབ་ཚུལ་༼༢༤༦༽བཙུན་མོས་འོང་དུ་རེ་ནས་བསྡད་ངང་ཐུང་། ཞེས་དང་། བཱེ་རོ་ཙ་ན་དང་ཡིད་ཀྱི་ཁྱེའུ་ཆུང་གཅིག་གྱུར་གྱི་མི་སྣ་དེས་རི་ལ་གཤེགས་པའི་ལམ་བར་མགར་བ་དང་འཕྲད་པ་ནི། ༼༢༤༨༽དེ་ནས་ལ་བརྒལ་ལུང་ལ་བབ་ནས་བྱོན། ཞེས་སོགས་དང་། ཧོས་དང་བ་ཡིད་རིང་དང་རྒྱལ་པོ་ཁྲི་སྲོང་གཅིག་གྱུར་གྱི་མི་སྣ་དེས་འཚོལ་དུ་གཤེགས་པ་ནི། ༼༢༥༠༽དེ་དུས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནི། ཞེས་སོགས་ཀྱིས་བསྟན། བཱེ་རོ་ཙ་ན་དང་ཡིད་ཀྱི་ཁྱེའུ་ཆུང་གཅིག་གྱུར་གྱི་མི་སྣ་དེས་ཀླུ་བསྒྲུབས་ནས་བཙུན་མོ་ལ་ཙི་ཙི་ཛ་ལ་བཏང་བ་ནི། ༼༢༥༣༽དེ་ནས་ནང་པར་ནམ་ལངས་གུང་སོང་ནས། ཞེས་སོགས་དང་། མོ་མའི་ལུང་འབྲས་ལྟར་བཙུན་མོར་ལྟོ་ལོང་སྐུར་བཏབ་དྲང་པོར་སྨྲ་ཁས་བླངས་པ་ནི་གཅིག་གྱུར་ཡིན་པ་དང་། སྟོན་པ་གཤེན་རབ་གུ་རུ་རིན་པོ་ཆེ་གཉིས་གཅིག་གྱུར་གྱི་མི་སྣ་དེས་ལུང་བསྟན་མཛད་ནས་བཱེ་རོ་གདན་དྲངས་པ། བཙུན་མོས་བཤགས་པ་ཕུལ་བས་བཱེ་རོ་ཙ་ན་དགྱེས་ཏེ་བཙུན་མོ་ནད་ལས་གྲོལ་བ། བཙུན་མོས་སྒྲིབ་སྦྱོང་བྱས་ཏེ་མཐར་སྒྲིབ་པ་བྱང་བ་སོགས་གཅིག་གྱུར་ཡིན་པས་འདིའི་ཕྱོགས་ལ་དཔྱད་སྡུར་བྱས་ན་ཡ་མཚན་པའི་རྣམ་པ་མཐོང་རྒྱུ་ཡོད་སྙམ་མོ། །