ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཀྱྱི་སུམ་ཅུ་བའི་སྡོམ་ཚིག

ཡོང་ཁུངས་Wikipedia

ཡི་གེ་སྤྱིའི་རྣམ་བཞག[རྩོམ་སྒྲིག]

མཁས་མཆོག་ཐོན་མི་སམ་བྷོ་ཊས།།

རྒྱ་གར་ཡི་གེ་དཔེར་བླངས་ནས།།

བོད་ཡིག་འབྲི་བའི་སྲོལ་ཆེན་བཏོད།།

དབྱངས་བཞི་གསལ་བྱེད་སུམ་ཅུ་དང་།།

གསལ་བྱེད་ནང་ནས་རྗེས་འཇུག་བཅུ།།

ག་ང་ད་ན་བ་མ་འ།།

ར་ལ་ས་དང་དེའི་ནང་ནས།།

ག་ད་བ་མ་འ་ལྔ་བོ།།

སྔོན་དུ་འཇུག་པའི་ཡི་གེ་ཡིན།།

ད་ས་གཉིས་ནི་ཡང་འཇུག་ཡིན།།

སྔོན་དུ་འཇུག་པའི་ཡི་གེ་ཡིན།།

ད་ས་གཉིས་ནི་ཡང་འཇུག་ཡིན།།

རྗེས་འཇུག་མིང་གཞི་ཀུན་ལ་འཇུག།

མིང་གཞི་རྐྱང་བ་འཕུལ་ཅན་ལ།།

འ་མཐའ་ངེས་པར་ཐོབ་པ་ཡིན།།

དབྱངས་ལྡན་མགོ་དང་འདོགས་ཅན་ལ།།

འ་མཐའ་སྤངས་དགོས་ཤེས་པར་བྱ།།

ཡང་འཇུག་ད་ནི་ན་ར་ལ།།

ས་ནི་ག་ང་བ་མ་བཞིར།།

སྔོན་འཇུག་ག་ནི་ཅ་ཉ་ཏ།།

ད་ན་ཙ་ཞ་ཟ་ཡ་ཤ།

ས་བཅས་བཅུ་གཅིག་སྔོན་དུ་འཇུག།

ད་ནི་ཀ་ག་ང་པ་བ།།

མ་སྟེ་དྲུག་གི་སྔོན་དུ་འཇུག།

བ་ཡིག་ཀ་ག་ང་ཅ་ཇ།།

ཉ་ཏ་ད་ན་ཙ་ཛ་ཞ།།

ཟ་ར་ཤ་ས་བཅས་བཅུ་དྲུག།

མ་ཡིག་ཁ་ག་ང་ཅ་ཇ།།

ཉ་ཐ་ད་ན་ཚ་ཛ་བཅས།།

བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག།

འ་ཡིག་ཁ་ག་ཆ་ཇ་ཐ།།

ད་ཕ་བ་ཚ་ཛ་སྟེ་བཅུ།།

ར་ལ་ས་ཡི་མགོ་ཅན་དང་།།

ཡ་ར་ལ་ཝའི་འདོགས་ཅན་བཅས།།

ར་མགོ་བཅུ་གཉིས་ལ་མགོ་བཅུ།།

ས་མགོ་བཅུ་གཅིག་ཡ་བཏགས་བདུན།།

ར་བཏགས་བཅུ་གཅིག་ལ་བཏགས་དྲུག།

ཝ་ཟུར་ཅན་ནི་བཅུ་གཉིས་སོ།།

རྣམ་དབྱེ་དང་ཚིག་ཕྲད།[རྩོམ་སྒྲིག]

རྣམ་དབྱེ་བརྒྱད་ནི་གོ་རིམ་བཞིན།།

དང་བོ་ངོ་བོ་གཉིས་པ་ལས།།

གསུམ་པ་བྱེད་པ་བཞི་བ་དགོས།།

ལྔ་བ་འབྱུང་ཁུངས་དྲུག་འབྲེལ།།

བདུན་པ་གནས་གཞི་བརྒྱད་པ་འབོད།།

གང་ཞིག་ངོ་བོ་ཙམ་བརྗོད་པ།།

རྣམ་དབྱེ་དང་བོ་ཡིན་ཏེ་དཔེར།།

བུམ་པ་ཀ་བ་ཞེས་བརྗོད་བཞིན།།

དེ་དང་འབྲེལ་བའི་རྫོགས་ཚིག་ནི།།

གོ་ངོ་དོ་ནོ་བོ་མོ་འོ།།

རོ་ལོ་སོ་ཏོ་བཅུ་གཅིག་གོ།

སླར་སྡུད་ཟླ་སྡུད་ཅེས་ཀྱང་བྱ།།

ལ་དོན་རྣམ་པབདུན་ཡོད་དེ།།

སུ་རུ་དུ་ཏུ་ན་ར་ལ།།

གཉིས་པ་བཞི་བ་བདུན་པ་དང་།།

དེ་ཉིད་ཚེ་སྐབས་རྣམས་ལ་འཇུག།

ས་སུ་ག་བ་ད་དྲག་ཏུ།།

ང་ད་ན་མ་ར་ལ་དུ།།

འ་དང་མཐའ་རྟེན་མེད་མཐར་རུ།།

འདི་དང་ར་མཐའ་བྱ་བ་གཅིག།

ན་ལ་གཉིས་ནི་སྐབས་དང་སྦྱར།།

རྣམ་དབྱེ་སྦྱར་སའི་གཞི་དེ་ལ།།

བྱ་བ་བྱས་དང་བྱེད་པ་ཙམ།།

སྟོན་པ་རྣམ་དབྱེ་གཉིས་པ་ཡིན།།

རྣམ་དབྱེ་སྦྱར་སའི་གཞི་དེ་ཡི།།

ཆེད་དུའམ་དགོས་པ་སྟོན་པ་དེ།།

རྣམ་དབྱེ་བཞི་བ་དགོས་ཆེད་ཡིན།།

རྣམ་དབྱེ་སྦྱར་སའི་གཞི་དེ་ལ།།

ཆོས་ཤིག་གནས་ཙམ་སྟོན་པ་དེ།།

རྣམ་དབྱེ་བདུན་པ་གནས་གཞི་ཡིན།།

རྣམ་དབྱེ་སྦྱར་ས་དེ་ཉིད་ཀྱི།།

ངོ་བོ་ཉིད་དུ་གྲུབ་སྟོན་པ།།

དེ་ཉིད་ཅེས་བྱའི་ཚིག་ཕྲད་དོ།།

དུས་ཙམ་སྟོན་པའི་ལ་དོན་དེ།།

ཚིག་ཕྲད་ཚེ་སྐབས་ཞེས་བྱ་ཡིན།།

དྲུག་པ་འབྲེལ་སྒྲ་ཁྱད་གཞི་དང་།།

ཁྱད་ཆོས་གང་དག་འབྲེལ་བྱེད་པའི།།

ཀྱི་གི་གྱི་འི་ཡི་ལྔ་བོ།།

རྣམ་དབྱེ་གསུམ་པ་བྱེད་པ་ནི།།

བྱེད་པོ་གང་གིས་བྱ་བ་ཞིག།

བྱས་དང་བྱེད་པ་སྟོན་བྱེད་པའི།།

ཀྱིས་གིས་གྱིས་འིས་ཡིས་རྣམས་སོ།།

ད་བ་ས་ཀྱི་ག་ང་གི།།

ན་མ་ར་ལའི་རྗེས་སུ་གྱི།།

འ་དང་མཐའ་རྟེན་མེད་མཐར་འི།།

རྐང་བ་སྐོང་ཚེ་ཡི་ཞེས་ཐོབ།།

རྒྱན་སྡུད་ཀྱང་འང་ཡང་གསུམ་ནི།།

རྒྱན་སྡུད་ཀྱང་འང་ཡང་གསུམ་ནི།།

མཐུན་དང་མི་མཐུན་ཆོས་གཉིས་ནི།།

གཞི་གཅིག་ལ་ནི་ཉེར་སྡུད་ཅིང་།།

ཁྱད་པར་ཚིག་གི་མཛེས་བྱེད་ལ།།

མཐུན་དང་མི་མཐུན་རྒྱན་གཉིས་ཟེར།།

ག་ད་བ་ས་ད་དྲག་མཐར།།

ཀྱང་ཐོབ་ང་ན་མ་ར་ལའི།།

མཐའ་རུ་ཡང་ནི་སྦྱོར་བ་སྟེ།།

རྗེས་འཇུག་མེད་དང་འ་ཡིག་མཐར།།

འང་དང་ཡང་གཉིས་ཅི་རིགས་སྦྱོར།།

ཡང་ནི་བསྐྱར་དང་བསྣན་ལའང་འཇུག།

སྟེ་ཏེ་དེ་གསུམ་ནས་ལ་བཅས།།

བསྟན་བྱ་ཚིག་གི་ལྷག་མ་ཙམ།།

འདྲེན་པའི་ལྷག་བཅས་ལ་འཇུག་གོ།།

ད་དེ་ན་ར་ལ་ས་དང་།།

ད་དྲག་ཅན་མཐར་ཏེ་རྐྱང་འཐོབ།།

ག་ང་བ་མ་འ་རྣམས་དང་།།

མཐའ་རྟེན་མེད་མཐར་ས་སྟེ་འཐོབ།།

ལ་དང་ནས་ནི་རང་དབང་ཅན།།

འབྱེད་སྡུད་སྐབས་སུ་རྗེས་འཇུག་བཅུ།།

རང་འདྲར་མ་ཡིག་སྦྱར་བ་དང་།།

ད་དྲག་ཐོབ་མཐར་ཏ་དང་སྦྱར།།

ནས་ལས་གཉིས་ནི་འབྱུང་ཁུངས་དང་།།

དགར་དང་སྡུད་པ་གསུམ་ལ་འཇུག།

གང་ཞིག་གང་ལས་བྱུང་སྟོན་པའི།།

ནས་ལས་གཉིས་ནི་འབྱུང་ཁུངས་ཡིན།།

ཀྱེ་དང་ཀྭ་ཡེ་འབོད་པའི་སྒྲ།།

ཕལ་ཆེར་མིང་གི་ཐོག་མར་སྦྱར།།

སྐབས་འགར་མཐའ་མར་སྦྱར་བའང་ཡོད།།

ཚིག་ཕྲད་རང་དབང་ཅན་དང་ཚེག་ཤད་སྦྱོར་ཚུལ།[རྩོམ་སྒྲིག]

ནི་སྒྲ་དགར་དང་ནན་ཏན་གྱི།།

བརྣན་པ་གཉིས་ལ་འཇུག་པ་ཡིན།།

དང་སྒྲ་སྡུད་དང་འབྱེད་པ་དང་།།

རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ།།

གང་སུ་ཅི་ཇི་སྤྱི་སྒྲ་ཡིན།།

གང་ནི་ཀུན་གྱི་སྤྱི་སྒྲ་ལ།།

སུ་སྒྲ་གང་ཟག་ཅི་ཇི་གཉིས།།

རིམ་བཞིན་དོན་དང་དཔེའི་སྤྱི་སྒྲ།།

པ་བ་པོ་བོ་ཅན་ལྡན་རྣམས།།

བདག་པོ་སྟོན་བྱེད་བདག་སྒྲ་ཡིན།།

ག་ད་ན་བ་མ་ས་དང་།།

ད་དྲག་ཅན་མཐར་པ་དང་པོ།།

ང་འ་ར་ལ་མཐའ་མེད་མཐར།།

བ་དང་བོ་ཉིད་སྦྱོར་བའོ།།

ཅན་ལྡན་ངེས་མེད་སྐབས་དང་སྦྱར།།

མ་མི་མེད་མིན་རྣམས་དགག་སྒྲ།།

མ་མི་གཉིས་ནི་སྔོན་ལ་སྦྱར།།

མེད་མིན་གཉིས་ནི་མིང་མཐར་སྦྱོར།།

དེ་སྒྲ་དོན་དགུ་ལ་འཇུག་སྟེ།།

ཐ་སྙད་དབང་དུ་བྱས་པ་གསུམ།།

དངོས་པོའི་དབང་དུ་བྱས་པ་བཞི།།

དུས་ཀྱི་དབང་གིས་གཉིས་ཏེ་དགུ།།

དང་བོ་ཐ་སྙད་འདས་པ་དང་།།

རྣམ་གྲངས་གཞན་བརྗོད་ལྷག་བཅས་གསུམ།།

གཉིས་པ་བདེན་དང་གསང་བ་དང་།།

བདག་གི་བ་དང་ཕ་རོལ་བཞི།།

གསུམ་པ་འདས་དང་མ་འོངས་གཉིས།།

དེ་སྒྲ་དངོས་པོ་བདག་དང་དུས།།

ད་ལྟ་བ་ལ་མི་འཇུག་གོ།།

འདི་ཞེས་བྱ་བའི་ཚིག་ཕྲད་དེ།།

དུས་གསུམ་ནང་ནས་ད་ལྟ་བ།།

དངོས་པོ་ཉེ་རིང་གཉིས་ལས་ནི།།

ཉེ་བ་ཁོ་ནར་འཇུག་པ་ཡིན།།

མངོན་ལྐོག་གཉིས་ལས་མངོན་གྱུར་དང་།།

བདག་གཞན་གཉིས་ལས་གཞན་ལ་འཇུག།

འདི་སྒྲ་ལ་ནི་ཉེ་ཚིག་དང་།།

དེ་སྒྲར་རིང་ཚིག་ཟེར་བའོ།།

ད་ཞེས་བྱ་བའི་ཚིག་ཕྲད་དེ།།

བརྗོད་བྱ་སྟོན་པ་སྐབས་བབ་པའི།།

ཚིག་ཕྲད་ཡིན་ཕྱིར་དུས་གསུམ་གྱི།།

ད་ལྟ་བ་ལ་འཇུག་པ་ཡིན།།

འདས་དང་མ་འོངས་ལ་མི་སྦྱོར།།

ཅིང་སོགས་ཚིག་ཕྲད་སྦྱོར་ཚུལ་ནི།།

ག་ད་བ་དང་ད་དྲག་མཐར།།

ཅིང་ཅེས་ཅེ་འོ་ཅེ་ན་ཅིག།

ང་ན་མ་འ་ར་ལ་དང་།།

མཐའ་རྟེན་མེད་པའི་རྗེས་དག་ཏུ།།

ཞིང་ཞེས་ཞེ་འོ་ཞེ་ན་ཞིག།

ས་མཐར་དམིགས་བསལ་ཞེས་མ་གཏོགས།།

ཤིང་ཤེས་ཤེ་འོ་ཤེ་ན་ཤིག།

འོ་འུ་འམ་གྱི་ཚེག་ཁྱིམ་ཡང་།།

རྐང་བ་སྐོང་དང་མི་སྐོང་དབྱེ།།

འཕགས་ཡུལ་ཡི་གེ་ཇི་བཞིན་དུ།།

ཡིག་མགོར་དབུ་ཁྱུད་འབྲི་སྲོལ་ཡོད།།

ལྷུག་པའི་རྣམ་གྲངས་སོ་སོ་དང་།།

དོན་ཚན་མཐའ་ལ་ཆིག་ཤད་དང་།།

ཚིགས་སུ་བཅད་པའི་རྐང་མཐའ་དང་།།

རྫོགས་ཚིག་ཅན་མཐར་ཉིས་ཤད་བྱ།།

སྡེ་ཚན་ཆེན་པོ་རྫོགས་མཚམས་དང་།།

ལེའུ་མཚམས་ལྟ་བུར་བཞི་ཤད་འཐོབ།།

ཕྱི་རྐང་ཅན་གྱི་ཡི་གེ་རྣམས།།

མཐར་བྱུང་རྐང་བ་ཤད་རེར་བརྩི།།

རྐང་མཐར་ང་ཡིག་མ་གཏོགས་པའི།།

ཤད་གོང་རྣམས་སུ་ཕྱི་ཚེག་སྤངས།།

རིན་ཆེན་སྤུངས་ཤད་སྦྲུལ་ཤད་དག།

སྐབས་ཐོབ་སྦྱར་ཚུལ་ཤེས་པར་བྱ།།

ཞེས་པ་འདི་ནི་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་བོད་ཀྱི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ལས་བཏུས།