ཡི་གེ་བརྒྱ་པའི་སྔགས་ཀྱི་འབྲུ་འགྲེལ་བཞུགས་སོ།།
ཡི་གེ་བརྒྱ་པའི་སྔགས་ཀྱི་འབྲུ་འགྲེལ་བཞུགས་སོ།།
༄༅། །ཡི་གེ་བརྒྱ་པའི་སྔགས་དོན་ལ། ཨོཾ་ནི་སྐུ་རྡོ་རྗེའི་ས་བོན་ཡིན་ཞིང་། རྡོ་རྗེ་འཛིན་པའི་སྔགས་དོན་ཡང་གཞག་ཏུ་ཡོད་དེ། ཨོཾ་ལ་ཡི་གེ་ཨ་ཨུ་མ་གསུམ་ཡོད་པས། སྐུ་གསུང་ཐུགས་རྡོ་རྗེ་གསུམ་སོ་སོར་མཚོན། ཨ་ལ་ཨུ་བཅུག་པས་ཨོར་སོང་། དེ་ལ་མ་ཡིག་ཐིག་ལེར་བྱིན་པས་ཨོཾ་ཡིག་གཅིག་ཏུ་གྱུར་པས་ན་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་མཚོན་པ་ཡིན་པའི་ཕྱིར། མཚོན་དོན་དེ་དྲན་པའི་སྒོ་ནས་ཨོཾ་ཞེས་ལན་གཅིག་བརྗོད་པས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ལེན་པས་ནོར་བུ་འཛིན་པའི་སྔགས་ཞེས་བརྗོད་པ་ཡིན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བརྗོད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་དང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པའི་ཕྱིར། བཛྲ་སཏྭ་ནི་རྡོ་རྗེ་སེམས་དཔའ། ས་མ་ཡ་ནི་དམ་ཚིག །མ་ནུ་པཱ་ལ་ཡ་ནི་རྗེས་སུ་སྐྱོངས། བཛྲ་སཏྭ་ཏྭེ་ནོ་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཉེ་བར། ཏིཥྛ་ནི་གནས་པར་མཛོད། དྲིཌྷོ་ནི་བརྟན་པ། མེ་ནི་བདག །བྷ་ཝ་ནི་དངོས་པོའི་རང་བཞིན་དུ་མཛོད། སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད། ཨ་ནུ་རཀྟོ་མེ་བྷ་ཝ་ནི་བདག་ལ་རྗེས་སུ་ཆགས་པའི་རང་བཞིན་དུ་མཛོད། སུ་པོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད། སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ། སརྦ་ཀརྨ་སུ་ཙ་མེ་ནི་བདག་ལ་ལས་ཐམས་ཅད་སྩལ་དུ་གསོལ། ཙིཏྟཾ་ཤྲཱི་ཡཾཿཀུ་རུ་ནི་སེམས་ཀྱི་དཔལ་དུ་མཛོད། དཔལ་དེ་ཇི་ལྟ་བུ་ཞེ་ན། ཧཱུཾ་ནི་ཐུགས་རྡོ་རྗེའི་ས་བོན་དང་། ཧ་བཞི་ཧོ་དང་ལྔས་ནི་ཡེ་ཤེས་ལྔ་མཚོན།བྷ་ག་ཝན་ནི་བཅོམ་ལྡན་འདས། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། བཛྲ་ནི་རྡོ་རྗེ། མ་མེ་ནི་བདག །མུཉྩ་ནི་མ་འདོར་ཅིག །བཛྲ་བྷ་ཝ་ནི་རྡོ་རྗེ་ཅན་གྱི་རང་བཞིན། མཧཱ་ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ཆེན་པོ། ཨཱཿནི་གསུང་རྡོ་རྗེའི་ས་བོན་ཡིན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པ་མཚོན། ཧཱུྃ་གིས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན། ཕཊ་ཀྱིས་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་གསལ་བར་བྱེད་ཅིང་། དེའི་མི་མཐུན་ཕྱོགས་འཇོམས་པར་བྱེད་དེ། ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། གྲོགས་དང་བཅས་པ་འཇོམས་པར་བྱེད། ཅེས་གསུངས་པའི་ཕྱིར། དེ་ལྟར་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ལ་སྡིག་པའི་གཉེན་པོ་སྟོབས་བཞི་ཡོངས་རྫོགས་ཚང་བ་ཡིན་ཏེ། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པས་རྟེན་གྱི་སྟོབས། སྒོམ་བཟླས་དངོས་ཀྱིས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། མངོན་བརྗོད་ནས་གསུངས་པའི། བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱིས་རྣམ་པར་སུན་འབྱིན་པའི་སྟོབས་དངོས་སུ་བསྟན་ནས་ཉེས་པ་ལས་སླར་ལྡོག་པའི་སྟོབས་ཤུགས་ལ་བསྟན་པ་ཡིན་པའི་ཕྱིར་རོ།།