འོད་ཆགས་
འོད་ཆགས་ནི་སྤྱོད་འཇུག་གི་མཆོད་པའི་སྐབས་སུ་ཆེར་དྲངས་པའི་ཐ་སྙད་ཅིག་སྟེ། ཁྱད་པར་དུ་རིན་པོ་ཆེ་དང་མུ་ཏིག་སོགས་ཀྱི་འོད་ཟེར་གསལ་ཞིང་འབར་བའི་རང་བཞིན་སྟོན་པར་བྱེད། དེ་ཡང་བླ་རེ་དང་སྒྲོན་མེ། གདུགས་དང་གཞལ་ཡས་ཁང་སོགས་ཀྱི་མཆོད་རྫས་རྣམས་ལ་ཆེར་སྤྱོད།
ནང་དོན།
[རྩོམ་སྒྲིག]"འོད་ཆགས་ནི་འོད་གསལ་བ་སྟེ།"[༡] ཞེས་དང་། གཞན་ཡང་། "འོད་ཆགས་ནི་འོད་ཟེར་ཞེས་པའི་དོན་ཏོ། །"[༢]ཞེས་གསུངས་པ་ལྟར། འདིས་འོད་ཆགས་ཞེས་པ་ནི་འོད་ཟེར་གསལ་བ་དང་ལྡན་པའམ་འོད་ཀྱིས་ཁྱབ་ཅིང་གསལ་བའི་དོན་ཡིན་པར་གསལ་ལོ། །
མུ་ཏིག་འོད་ཆགས་ཀྱི་བླ་རེ།
[རྩོམ་སྒྲིག]ཁྲུས་ཁང་གི་བླ་རེ་སྤྲོ་སྐབས། "མུ་ཏིག་གིས་སྤྲས་པས་འོད་ཆགས་པའི་བླ་རེ་བྲེས་པ་དེར་རོ། །"[༣]ཞེས་འགྲེལ་བ་ལྟར། མུ་ཏིག་གི་བླ་རེ་ནི་རང་བཞིན་གྱིས་འོད་ཟེར་དང་ལྡན་ཞིང་གསལ་བའི་ཁྲུས་ཁང་གི་སྟེང་དུ་བྲེས་པར་བྱའོ། །
རིན་ཆེན་སྒྲོན་མེའི་སྐབས།
[རྩོམ་སྒྲིག]རིན་ཆེན་སྒྲོན་མེ་འབུལ་སྐབས། "ལ་ལར་ནི་ནོར་བུ་རིན་པོ་ཆེ་བཞག་པས་སྣང་བ་བྱེད་པ་སྟེ་ནོར་བུ་མཆོག་གིས་དཔག་ཚད་བརྒྱ་ལ་སོགས་པར་མུན་པ་སེལ་བའི་ཕྱིར་དང་། སྒྲོན་མེ་ཕལ་པ་ནི་སྦྲུལ་ལ་སོགས་པའི་སྲོག་ཆགས་འདུ་དུ་བ་བཀུ་མིག་ལ་གནོད་ལ། རིན་པོ་ཆེའི་སྒྲོན་མེ་ནི་དེ་ལས་ལྡོག་སྟེ་ཡི་དྭགས་དང་དུད་འགྲོ་འབྱེར་མིག་ལ་ཕན་པས་མཆོག་ཏུ་གྱུར་པའོ། །"[༤]ཞེས་འགྲེལ་བ་ལྟར། གསེར་གྱི་པད་མའི་ནང་དུ་རིན་པོ་ཆེ་བཞག་པས་སྒྲོན་མེ་ནི་འོད་ཟེར་འཕྲོ་ཞིང་གསལ་བར་སྣང་། "འོད་འབར་བའི་རིན་ཆེན་སྒྲོན་མེ་རྣམས་"[༥]ཞེས་པ་ལྟར་རོ། །
གསེར་སྦྱངས་ཀྱི་དཔེ།
[རྩོམ་སྒྲིག]སངས་རྒྱས་ཀྱི་སྐུ་ལ་བྱུག་པ་འབུལ་སྐབས། "གསེར་བཙོ་མ་ནི་ཁ་སྦྱར་དུ་བསྐོལ་བ་ལ་སོགས་པས་ནང་གི་དྲི་མ་སྦྱངས་པ་སྟེ། བྱི་དོར་བྱས་པ་ནི་རོ་ཙ་ན་ལ་སོགས་པའི་ནོར་བུས་ཕྱིས་པ་དང་།[༦]ཞེས་འགྲེལ་བ་ལྟར། གསེར་སྦྱངས་རྗེས་ཤིན་ཏུ་གསལ་ཞིང་འོད་ཟེར་འཕྲོ་བ་བཞིན། སངས་རྒྱས་ཀྱི་སྐུ་ལ་དྲི་བྱུག་སྐབས་སྐུ་འོད་ཆགས་འབར་བ་ཞིག་ཏུ་འགྱུར།
གདུགས་དང་གཞལ་ཡས་ཁང་།
[རྩོམ་སྒྲིག]གདུགས་དང་གཞལ་ཡས་ཁང་བརྒྱན་སྐབས། "མུ་ཏིག་དང་རིན་ཆེན་དུ་མའི་རྒྱན་གྱི་ཆུན་བུ་འཕྱང་བས་མཛེས་པ་དང་འོད་འབར་བ་"[༧]ཞེས་འགྲེལ་བ་ལྟར། མུ་ཏིག་དང་རིན་པོ་ཆེས་བྱས་པའི་རྒྱན་ཆུན་པོ་རྣམས་ནི་འཕྱང་བ་སྐབས་འོད་ཟེར་འཕྲོ་ཞིང་མཛེས་པར་འབར། "འོད་འཕྲོ་བ་མང་པོ་དང་ལྡན་པས་དཔག་ཡས་ཏེ་མཐའ་ཡས་པའི་ནམ་མཁའི་ཁམས་འོད་ཀྱིས་ཁྱབ་པར་བྱེད་པའི་ཕྱིར་"[༨]ཞེས་གསུངས།
མཐའ་དོན།
[རྩོམ་སྒྲིག]དོན་ལ་འོད་ཆགས་ཞེས་པ་འདི་ནི་རང་བཞིན་གྱིས་འོད་ཟེར་འཕྲོ་ཞིང་གསལ་བའི་དོན་དུ་གོ་དགོས། ཁྱད་པར་དུ་རིན་པོ་ཆེ་དང་གསེར། མུ་ཏིག་སོགས་ཀྱི་རིན་ཐང་ཆེ་བའི་རྫས་རྣམས་ལ་ཆེར་སྤྱོད་ཅིང་། དེ་དག་གི་འོད་ཟེར་འཕྲོ་ཞིང་གསལ་བའི་རང་བཞིན་མཚོན་པར་བྱེད། མཆོད་པའི་སྐབས་སུ་ཡང་མཆོད་རྫས་རྣམས་ཀྱི་མཛེས་སྡུག་དང་འོད་གསལ་གྱི་ཁྱད་པར་སྟོན་པའི་ཆེད་དུ་དྲངས། ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས། "འོད་ཆགས་ནི་འོད་གསལ་བ་"ཞེས་གསུངས་པའི་དོན་དང་མཐུན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། བྱང་ཆུབ་ཀྱི་སྤྱོད་པ་ལ་འཇུག་པའི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།