འོག་སྒོ་བདེ་བ་ཆེན་པོའི་ཁྲིད་འདོད་ཆགས་རང་གྲོལ་

ཡོང་ཁུངས་Wikipedia

༄༅། །ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ འོག་སྒོ་བདེ་བ་ཆེན་པོའི་ཁྲིད་འདོད་ཆགས་རང་གྲོལ་ཞེས་བྱ་བ་བཞུགས་སོ༔

དམ་མེད་ལ་གསང་རྒྱ༔ དྷ་ཐིམ༔དང་པོའི་སངས་རྒྱས་བདེ་ཆེན་མཆོག་གི་སྐུ༔ ཀུན་བཟང་ཞི་ཁྲོ་བདེ་ཆེན་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་བདེ་ཆེན་མངོན་གྱུར་ནས༔ འགྲོ་ཀུན་བདེ་ཆེན་མཆོག་ལ་གནས་གྱུར་ཅིག༔ འདོད་ཆགས་རང་གྲོལ་པདྨ་འབྱུང་གནས་ངས༔ སྐལ་ལྡན་སྐྱེས་བུ་འདོད་ཆགས་ཅན་དོན་དུ༔ འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་བསྟན༔ འདོད་ཆགས་ཉམས་སུ་ལོང་ཤིག་རིགས་ཀྱི་བུ༔ས་མ་ཡ༔ རྒྱ་རྒྱ་རྒྱ༔ གང་ཞིག་ཁམས་ཀྱི་དབང་པོ་ཏི་ལ་འདི༔ ཉམས་མེད་བཟུང་ཞིང་སྤེལ་ན་དགེ་སློང་ཡིན༔ དམ་ཚིག་སྡོམ་པས་བརྒྱན་ཕྱིར་སྔགས་པའོ༔ གནས་སྐབས་ཡོན་ཏན་རྒས་སྲ་གཞོན་ལུས་ལྡན༔ གཟུགས་བཟང་མཛེས་ཤིང་ཡུན་རིང་བདེ་བར་འཚོ༔ མཐར་ཐུག་ཡོན་ཏན་རྡོ་རྗེའི་སྐུ་ཐོབ་ཅིང༔ མཚན་དཔེས་རབ་བརྒྱན་ལྷ་འདྲེ་མི་གསུམ་འདུ༔ མ་དང་མཁའ་འགྲོ་མཚན་ལྡན་དབང་དུ་འགྱུར༔ བདེ་གཤེགས་སྙིང་པོའི་དོན་རྟོགས་ངན་སོང་སྤངས༔ གཤིན་རྗེའི་འཇིགས་བྲལ་དོན་གཉིས་མངོན་དུ་གྱུར༔ བྱང་སེམས་ཉམས་ན་དམ་ཚིག་སྡོམ་པ་མེད༔ མཁའ་འགྲོའི་གྲོང་ཁྱེར་བྱེ་བ་འཇིགས་ཤིང་ཉམས༔ བདེ་བ་སྤངས་ཕྱིར་ཡི་དམ་རྒྱབ་ཀྱིས་ཕྱོགས༔ བཀའ་ལས་འདས་པས་ངན་སོང་སྡུག་བསྔལ་མྱོང་༔ གནས་སྐབས་སུ་ཡང་ལུས་རྒུད་བསོད་ནམས་ཉམས༔ རྒས་སླ་ཚེ་འཇིག་འཆི་བདག་མྱུར་དུ་འོང་༔ འདོད་ཆགས་དབང་སོང་ལྟུང་བ་ཕོག་ནས་སུ༔ ཡེ་ཤེས་མི་མཐོང་ས་ལམ་འབྲས་བུ་འགག༔ དེ་ཕྱིར་བྱང་སེམས་མ་ཉམས་གཅེས་པར་སྤེལ༔ སྐྱེ་བོ་ཐ་མལ་ཉམས་པའི་ཡོན་ཏན་མེད༔ དཔེར་ན་འབྲས་ཆང་ཟག་པའི་བཅུད་ཤོར་འདྲ༔ ཉན་ཐོས་བསྲུངས་བས་མི་འཕེལ་སྐམ་པར་འགྱུར༔ དཔེར་ན་ཞིང་ལ་ཆུ་ལུད་མེད་དང་འདྲ༔ ཐབས་དང་ལྡན་པའི་རྣལ་འབྱོར་ཐིག་ལེ་འཕེལ༔ དཔེར་ན་ཟླ་བ་ཡར་གྱི་ངོ་བཞིན་དུ༔ འཕེལ་བ་དེ་ཉིད་བརྟན་པར་མ་བྱས་ན༔ ཡུན་རིང་འབད་ཀྱང་སྐད་ཅིག་དོན་མེད་འགྱུར༔ དཔེར་ན་ལོ་ཏོག་སེར་བས་བཅོམ་པ་འདྲ༔ དེ་ཕྱིར་རྫས་དང་ལོངས་སྤྱོད་ཁ་ཟས་དང་༔འཁྲུལ་འཁོར་རླུང་དང་དམིགས་པ་སྣ་ཚོགས་དང་༔ རང་ལུས་གཞན་ལུས་བསྟེན་ཅིང་འདི་འཕེལ་བྱ༔ དེ་ཉིད་ཉམས་ལེན་དངོས་གཞི་འདི་ལྟར་བྱ༔མཚན་ལྡན་བླ་མས་ཐེག་པའི་རིམ་པ་ལྟར༔ དམ་ཚིག་སྡོམ་པ་དབང་སྐུར་རིམ་པར་བྱ༔ ཁྱད་པར་གསུམ་པའི་དབང་རྫོགས་སྐྱེས་བུ་དེས༔ ཐོག་མར་ཚད་མེད་སྙིང་རྗེས་ཀུན་བསླངས་ནས༔ སྐྱབས་འགྲོ་སེམས་བསྐྱེད་རྒྱ་ཆེན་ཏིང་འཛིན་གསུམ༔ རང་ལུས་ལྷར་གསལ་ངང་ནས་སྟོང་པར་བསྒོམ༔ ལུས་གནད་སྐྱིལ་ཀྲུང་མཉམ་གཞག་སྒལ་ཚིགས་བསྲང་༔ མགྲིན་བཀུག་སྣ་རྩེར་ལྟ་ཞིང་དཔུང་པ་བསྐྱངས༔ དེ་ནས་རླུང་གིས་སྟོང་ར་བསྒོམ་པ་ནི༔ ཨོཾ་གྱིས་རླུང་རྔུབ་ཨཱཿཡིས་གནས་བཟུང་སྟེ༔ ཧཱུྃ་གིས་རླུང་འབུད་དེ་ལ་བྱང་བ་གཅེས༔ དེ་རྗེས་ཁ་དོག་ལྔ་ལྡན་རླུང་ལ་སྦྱང་༔ ལུས་དབུས་དྷཱུ་ཏཱ་ར་ཀྱང་གཡས་གཡོན་གསལ༔ འཁོར་ལོ་ལྔ་ལ་རྩ་རྣམས་གསལ་སྟོང་བསྒོམ༔ ལྟེ་འོག་འདུས་མདོར་ཨ་ཐུང་མེ་འདྲ་བསྒོམ༔ རིམ་བཞིན་མེ་འབར་སྤྱི་བོའི་ཧཾ་ཉིད་ཞུ༔ བདེ་བ་ཡས་འཛག་མེ་དྲོད་མས་ནས་འབར༔ འབར་འཛག་བདེ་དྲོད་གཏུམ་མོ་ཡིན་རིང་བསྒོམ༔ དམ་ཚིག་མེ་ནི་ལན་ཚ་སྔོ་འཁྲིག་སྤངས༔ མཐུན་པའི་ཟས་བསྟེན་བགེགས་རྣམས་འཕྲལ་ལ་བསལ༔ དེ་དག་སྔོན་དུ་འགྲོ་ཕྱིར་ཡུན་རིང་བསྒོམ༔ དེ་ནས་རང་ལུས་བདེ་བ་བསྒོམ་པ་ལ༔ ཐོག་མར་འོད་རིག་ཡེ་ཤེས་ཕྱག་རྒྱ་ནི༔ རང་གི་ཡིད་དུ་འོང་བའི་བུ་མོ་དེ༔ ཁ་དོག་དབྱིབས་དང་སྤྱོད་ལམ་མངོན་སུམ་ལྟར༔ཆགས་པས་དབང་གིས་མདུན་དུ་བྱུང་བར་བསྒོམ༔ རང་ཉིད་ཡི་དམ་རྟ་མགྲིན་བསྒོམ་པའམ༔ ཡང་ན་པདྨ་འབྱུང་གནས་གཅེར་བུའི་ཚུལ༔ བུ་མོ་དེ་ཉིད་ངོ་བོ་མཚོ་རྒྱལ་ལ༔ རྣམ་པ་བུ་མོ་དེ་ཉིད་དངོས་སུ་དམིགས༔ དང་པོ་ཆགས་པའི་ཚུལ་གྱིས་གཟུགས་ལ་བལྟ༔ དེ་ནས་འཛུམ་ཞིང་ལག་པས་འཁྱུད་པར་བསྒོམ༔ ནུ་མ་མཉེས་ཞིང་འོ་བྱེད་ལྕེ་འཇིབས་བསམ༔ བདེ་བ་འབར་ནས་མཁའ་གསང་སྤྲད་པ་ལས༔ དལ་བུས་བསྒུལ་ཞིང་སྤྱོད་པས་བདེ་བ་གཡོ༔ བུ་མོས་མ་བཟོད་མཁུན་ཆུང་ཅལ་ཅོལ་བཏབ༔ རང་ཉིད་བདེ་བ་མ་ཤོར་བསྐྱེད་རིམ་བསྒོམ༔ རིག་པ་མ་བཅོས་བདེ་སྟོང་གཉིས་མེད་བསྲེ༔ དེ་ལྟར་བསྒོམ་ཞིང་དབང་ཉམས་བདེ་བ་བསྒོམ༔ ལུས་གནད་ལག་གཉིས་པུས་མོས་དམ་དུ་འཁྱུད༔ བདེ་བ་དངོས་སུ་རྒྱས་ན་དེ་ཀ་བསྒོམ༔ མཇུག་ཏུ་བཟློག་བཀྲམ་འཁྲུལ་འཁོར་འབད་པར་བྱ༔ དེ་ནས་ལག་པའི་ཕྱག་རྒྱ་འདི་ལྟར་བྱ༔ མཛུབ་མོ་ལྔ་ནི་རིགས་ལྔའི་མཁའ་འགྲོར་བསྒོམ༔ རྡོ་རྗེ་ཞི་བས་དལ་བུས་ཉུག་པར་བྱ༔ སྤྱི་མོའི་ཧཾ་ལས་དཀར་པོ་བབ་པ་ལས༔ མགྲིན་པར་དགའ་བ་ངོས་བཟུང་ཞག་གསུམ་སྦྱང་༔ དེ་ནས་སྙིང་གར་མཆོག་དགའ་ངོས་བཟུང་བསྒོམ༔ དེ་ནས་ལྟེ་བར་ཆེས་དགའ་ངོས་བཟུང་བསྒོམ༔ དེ་ནས་རྡོ་རྗེའི་རྩ་བར་བབ་པ་དང་༔ ལག་པས་སྤྱོད་འཕྲོ་བཅད་ལ་འོག་རླུང་ལྷོད༔ བདེ་བ་མི་འཆོར་ལྷན་ནེ་ཟིན་པར་འགྱུར༔ ཡིད་ཀྱིས་ཡིད་འོང་བུ་མོ་མཚན་ལྡན་དང་༔ གོང་ལྟར་བལྟ་ཞིང་འཛུམ་དང་འཁྱུད་པ་དང་༔ རྡོ་རྗེ་པདྨ་དམ་སྦྱར་བསྲུབ་ཅིང་སྤྱོད༔ ཏི་ལ་བབ་ཅིང་བསྐྱིལ་བར་མ་ཡེངས་བསྒོམ༔ བདེ་བ་སྐྱེས་མ་ཐག་ཏུ་རིག་ངོར་བལྟ༔ བདེ་སྟོང་ལྷན་སྐྱེས་ངང་ལ་ལྷན་ནེ་བཞག༔ བདེ་བ་ཆུང་ན་ལག་པས་འཇམ་དཔལ་ལས༔ རང་གི་ལག་གི་རྡོ་རྗེ་མཆོག༔ ཡང་ནས་ཡང་དུ་གསོར་བྱེད་པ༔ ཁྲོ་གཉེར་རིམ་པར་ལྡན་ལ་སོགས༔ ཞེས་སོ༔ ཉུག་ཉུག་སྤྱོད། ཡང་ན་ལག་མཐིལ༔ བི་ཛ་ཤ་པར་སྣ་ཏ་ཤ་ཕཏ྄་ཐོ༔ བདེ་བ་ཆེ་ན་སྤྱོད་འཕྲོ་བཅད་ལ་བསྐྱིལ༔ མིག་གཉིས་གྱེན་བགྲད་སྒལ་ཚིག་དྲང་པོར་བསྲངས༔མཐེ་འོང་བཞི་བསྐུམ་འོག་རླུང་དྲག་ཏུ་འཐེན༔ འོག་སྒོ་བཙུམས་ལ་རྒྱུ་ཞགས་སྒལ་བར་སྦྱར༔ དར་དམར་གུང་ལ་སྦྱར་ཞིང་འཁོང་འདྲེན་བྱ༔ ཡང་ནི་བདེ་བ་དབབ་ཅིང་མཆི་མའི་བརླན་ཅིང་སྤྱོད༔ལག་པས་སྤྱོད༔གསང་བར་བདེ་བ་ཆིལ་གྱིས་ཕེབས་པ་དང་༔ འོག་རླུང་མི་འཐེན་ཀློད་ལ་ཉྭ་བཞི་ཀློད༔ ལག་པས་སྤྱོད་འཕྲོ་བཅད་ལ་ངང་ལ་བཞག༔ འོག་རླུང་ཀློད་ལས་ཐིག་ལེ་ལྷན་ནེ་གནས༔ བདེ་བ་ཡལ་ཡལ་འདྲ་ན་ལག་པས་སྤྱོད༔ བདེ་བ་ཆེ་ཆེ་འདྲ་ན་འོག་སྒོ་ལྷོད༔ དེ་གཉིས་རེས་མོས་བདེ་བ་ཡུན་རིང་ཟིན༔ ཐིག་ལེ་བསྐྱིལ་བའི་གནད་ལ་དེ་ཀ་ཟབ༔ དེ་ནས་འཆོར་འཆོར་འདྲ་ན་བཟློག་པ་ནི༔ གྱད་བཞི་དྲག་བསྐུམ་ངན་འགྲོའི་ལམ་གཉིས་བསྡམས༔ ཐུལ་སེལ་གྱེན་འདྲེན་རྒྱ་མཚོ་རི་ལ་སྦྱར༔ དར་དམར་དགོང་བསྐྱོད་རྒྱང་ཞགས་གནམ་ལ་བཀན༔ ཁོང་འདྲེན་དྲག་པོས་རིག་པ་ནམ་མཁའ་གཏད༔ དེས་ནི་ཐིག་ལེ་གནས་སུ་བཟློག་པར་ངེས༔ རྟག་ཏུ་བདེ་བ་ལྟེ་བ་སྙིང་ག་དང་༔ མགྲིན་པར་རིམ་གྱིས་མས་བརྟན་དགའ་བཞི་མྱོང་༔ རྡོ་རྗེའི་ངར་འཆོལ་སེམས་ལ་བདེ་བ་འབར༔ དེས་ཀྱང་མ་ཐུབ་འཆོར་འཆོར་འདྲ་བ་ན༔ ཐིག་ལེ་བཏང་རེ་ན་ར་ཀན་སྙམ་དུ༔ ཞེ་བཅད་དྲག་པོས་བདུད་བཞི་དྷཱུ་ཏཱི་མནན༔ རིག་པ་དབྱིངས་ལ་གཏད་པས་ངེས་པར་བཟློག༔ བསྐྱིལ་བཟློག་ཁྲེམས་པ་དུས་གཅིག་འབྱུང་བ་ཡིན༔ དེ་ནས་ཁོང་འདྲེན་མང་དུ་བྱས་པའི་མཐར༔ ལག་གཉིས་མཐེ་བོང་སྲིན་ལག་ཁུ་ཚུར་བཅངས༔ གསང་གནས་མཚམས་ནས་འཐེན་ཅིང་སྤྱི་བོར་འཕངས༔ ཐིག་ལེ་དབུ་མར་ཡར་ལ་འདྲེན་ནས་སུ༔སྤྱི་བོར་ཧཾ་ལ་ཐིམ་བསམས་དྲག་ཏུ་སྤྲུགས༔ ཧཾ་ལས་ཐིག་ལེ་འཕེལ་ནས་ལུས་ཀུན་ཁྱབ༔ བདེ་བས་ལུས་ཁྱབ་བསམས་ལ་དམིགས་མེད་བཞག༔ དེ་རྗེས་བུམ་པ་ཅན་གྱི་རླུང་ལ་སྦྱངས༔ དེ་ནི་གེགས་རྣམས་མི་འབྱུང་ཁྲེམས་པར་འགྱུར༔ ཁྱད་པར་ཀ་དག་ངང་ལ་བཞག་པ་གཅེས༔ དེས་ནི་གེགས་རྣམས་གཏན་ནས་འབྱུང་མི་སྲིད༔ དེ་རྗེས་དགེ་བ་བླ་མེད་བྱང་ཆུབ་བསྔོ༔ དེས་ནི་རང་ལུས་ཐབས་ལྡན་ཞེས་བྱ་སྟེ༔ དེ་ཀས་ཀྱང་ནི་བདེ་བ་ཆེར་འཕེལ་ནས༔ བདེ་སྟོང་ཟག་མེད་མཆོག་གི་ཏིང་འཛིན་ཐོབ༔ ཁྱད་པར་འདུལ་བ་འཛིན་པའི་དགེ་སློང་གིས༔ གཞན་ལུས་བསྟེན་ན་གཞན་གྱི་སྒྲོ་སྐུར་འབྱུང་༔ དེ་ཕྱིར་རང་ལུས་ཐབས་ལྡན་འདི་ལ་འབད༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་རང་ལུས་ཐབས་ལྡན་ལེགས་སོ༔


ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་གཞན་ལུས་ཕོ་ཉ་ལ་བསྟེན་པའི་གདམས་པ་བཞུགས་སོ༔ དེ་ནས་གསང་སྔགས་བླ་མེད་རྣལ་འབྱོར་པས༔ གཞན་ལུས་ཕྱག་རྒྱ་དངོས་སུ་མ་བསྟེན་ན༔ རང་ལུས་ཐབས་ལྡན་བདེ་བ་སྟོབས་ཆུང་བས༔ ལྷན་ཅིག་སྐྱེས་དགའ་བདེ་བ་མི་མྱོང་ཕྱིར༔ གཞན་ལུས་ཤེས་རབ་བསྟེན་པ་མཆོག་ཏུ་གཅེས༔ ཐེག་ཆེན་བླ་མེད་སངས་རྒྱས་བསྒྲུབ་པ་ལ༔ གཞན་གྱི་སྒྲོ་སྐུར་རྨི་ལམ་བྲག་ཅ་འདྲ༔ དེས་ན་ཚེ་གཅིག་ལུས་གཅིག་མཆོག་བསྒྲུབ་ན༔ གསང་སྔགས་ཐབས་ལྡན་ལམ་ལ་འགྲོ་བ་གཅེས༔ གཞན་ལུས་ཕྱག་རྒྱ་བསྟེན་པའི་གདམས་པ་ནི༔ ཐོག་མར་གཞན་ལུས་བསྟེན་རུང་གང་ཟག་ནི༔ གཞོན་ཞིང་ནད་མེད་ལུས་དར་ལང་ཚོ་རྒྱས༔ རྩ་བཟང་བློ་ཆེ་གསང་སྔགས་ལ་མོས་ཤིང་༔ གསུམ་པའི་དབང་ཐོབ་རང་ལུས་སྔོན་སོང་བས༔ ཡོན་ཏན་དགུ་དང་ལྡན་པའི་གཞན་ལུས་བསྟེན༔ བསྟེན་མི་རུང་བ་རྒས་རྒུད་དབང་པོ་ཉམས༔ གཅོང་ཆེན་བློ་ཆུང་རྩ་ངན་དབང་མ་ཐོབ༔ གསང་སྔགས་བློར་མི་ཤོང་བའི་གང་ཟག་ལ༔ གཞན་ལུས་གདམས་པ་མིང་ཡང་བསྒྲག་མི་བྱ༔ ལམ་འདིར་འབད་པས་ཏི་ལ་མི་ཉམས་འཕེལ༔ གནས་སྐབས་མཐར་ཐུག་བདེ་བ་ཐོབ་འདོད་ན༔ གསང་རྒྱུད་ཀུན་ཏུ་ཕྱག་རྒྱ་བསྟེན་པར་བྱ༔ དེ་ཕྱིར་གཞན་ལུས་ཐབས་ཀྱི་ལམ་འདིར་ཤོག༔ ལམ་འདིར་མི་མོས་སྐྱེ་བོ་བྱིས་པ་དག༔ འདོད་པའི་དབང་གིས་བདེ་བ་རབ་ཏུ་ཉམས༔ དམ་ཚིག་སྡོམ་མེད་ལྷུང་བས་ངན་འགྲོ་འཁྱམས༔ རྒྱལ་བའི་ཡོན་ཏན་སྐྱེད་བྱེད་ལམ་དང་བྲལ༔ མི་གཙང་བུ་གར་ཞེན་པས་མངལ་སྲིན་འགྱུར༔ དེ་ཕྱིར་འདི་ལ་སྨད་པར་ཡང་མི་བྱ༔ སྣོད་ལྡན་སྐྱེས་བུ་དབང་གིས་སྨིན་པ་དེས༔ཕ་རོལ་རིག་མ་མཚན་ལྡན་བསྟེན་པར་བྱ༔ རྒྱས་པར་མཚན་རྟགས་རང་གྲོལ་ནང་ལྟར་བརྟག༔ ཁྱད་པར་གཟུགས་བཟང་ལང་ཚོ་དར་ལ་མཛེས༔ ངག་སྙན་དྲི་ཞིམ་ཡིད་འོང་སྤྱོད་ལམ་དལ༔ ནུ་མ་ཆུང་མཁྲེགས་པདྨ་དམ་ཅིང་རུབ༔ སོ་དཀར་སྨིན་མཚམས་གཉེར་མ་གྱེན་འགྲེང་གསུམ༔ སྐྲ་ལི་ལུས་རན་སྐེད་པ་ཕྲ་མ་དང་༔ བློ་ཆེན་འཇམ་དཔལ་ལས༔ཤེས་རབ་ཆེན་པོ་བློ་ཆེན་ལྡན༔ ཅེས་སོ༔ དད་ལྡན་གསང་སྔགས་ལ་མོས་ཤིང་༔ ཁྱད་པར་རང་གི་ཡིད་འོང་རང་ལ་གུས༔ གསང་ཐུབ་སྦྱོར་བ་མཁས་ཤིང་ཆགས་པ་ཆེ༔ རྩ་བཟང་བཅུ་དྲུག་ཡན་ནས་བཞི་བཅུ་མན༔ དེ་ལྟར་རྟགས་ཀུན་རྫོགས་པ་རབ་ཡིན་ཏེ༔ ཆ་ཤས་ཚང་བ་འབྲིང་ལ་ཐ་མ་ཡང་༔ སྐྱོན་མེད་ཡོན་ཏན་མེད་ཀྱང་བསྟེན་རུང་ཙམ༔ སྐྱོན་ཆེན་རྒས་རྒུད་གཅོང་ནད་རྩ་ཞིག་ཉམས༔ བློ་ཆུང་གསང་མི་ཐུབ་ཅིིང་སྔགས་ལ་གཤེ༔ ཁྱད་པར་རང་ལ་མ་གུས་པ་ཉིད་སྤང༔ གོང་ལྟར་མཚན་དང་ལྡན་པ་དགུག་པ་ནི༔ རྫས་སྔགས་ཏིང་འཛིན་གསུམ་གྱིས་དབང་དུ་བསྡུ༔ དང་པོ་བག་ཟན་མི་མོ་སོར་བཞི་ཙམ༔ མཚན་མ་ནས་གང་ཚ་བ་གསུམ་པོ་བླུགས༔ ཟངས་ཁབ་མཚན་མ་དཀྲུག་ཅིིང་སྔགས་འདི་བཟླ༔ ཀ་བྷི་ར་ཀོ་བྷི་ར་ཧཱུྃ༔ཙག་ཙག་གཡའ་ཙག་ཙག༔ སད་སད༔ ཁུག་ཁུག༔ ཨཱ་ཨཿ སུམ་འབུམ་བཟླས་པས་མཚན་མའི་ནང་སྙིང་ནས༔ རླངས་པ་ཕྱུར་གྱིས་འོང་སྟེ་ཤམ་བུ་གདགས༔ ནྲྀ་ཆེ་གེ་མོའི་སྙིང་སྒུལ་ཅིག༔ མི་འགྲམ་ཆོག་ཅིག༔ མ་སེམས་དཀྲུགས་ཤིག༔ རང་དབང་མེད་པར་ཁུག་ལ་ཤོག༔ ཨ་ཏྲི་ནྲྀ་ཛ༔ ཆེ་གེ་མོ་དབང་དུ་སྡུས༔ཆེ་གེ་མོའི་སེམས་དཀྲུགས༔ སྙིང་འཕྱོ་རུ་ཆུག༔ རྐང་འགྲོ་རུ་ཆུག༔ ཡིད་ཀྱི་རྣམ་པར་ཤེས་པ་ཁུག་ལ་ཤོག༔ ཡཀྴ་དུན་ཏྲི་ཕོབ༔ཙག་ཙག་གཡའ་ཙག་ཙག༔ སད་སད༔ཁུག་ཁུག༔ ཨ་ཨྱེ༔ཛ་ལ་རཾ་ཁཱ་ཧི༔ སིདྡྷི༔ སིདྡྷི༔ ཨ་ལ་ལ་ཧོ༔ འདི་ཉིད་བརྒྱ་བཟླས་རང་ཉིད་ཏིང་འཛིན་ནི༔ དབང་ཕྱུག་ཆེན་པོ་གཅེར་བུ་མཚན་མ་བགྲེང་༔ མེ་ལོང་ཉི་ཟེར་ཞགས་པས་བསྒྲུབ་བྱ་བཀུག༔དབང་མེད་བཀུག་ནས་བདག་གི་བཀའ་ཉན་བསམ༔ ཟངས་ཁབ་བཏོན་ནས་བསྒྲུབ་བྱ་དེ་ལ་འཛུགས༔ ས་ཛོས་དེ་ཏ་མར་སྟུས་ཐུ་གུ་ཁ་མས་ཟས་ཁྱུས༔ ཡང་ན་ཆོས་དང་ཟང་ཟིང་སྦྱིན་ནས་བཀུག༔ དེ་ཉིད་དབང་གིས་རབ་ཏུ་སྨིན་བྱས་ནས༔ ཁྱི་དཀར་ཕོ་མཚན་སྦྲང་རྒོད་དང་སྦྱར་ནས༔ རྡོ་རྗེ་ལ་བྱུག་སྦྱོར་བ་བྱས་གྱུར་ན༔ གཞན་ལ་མི་འཆོར་རང་དང་འབྲལ་མི་ཕོད༔ དེ་ཉིད་གཞན་གྱི་སྐུར་པ་བཀག་པའི་ཕྱིར༔ གསང་སྔགས་གསང་བས་འགྲུབ་ཕྱིར་སྒྲིབ་པ་ནི༔ གནས་ཀྱི་སྦ་བ་ཁང་པ་སུམ་རིམ་དང་༔ མི་འགྲུལ་མེད་པའི་དབེན་པར་མཚན་ལྡན་སྦ༔ ཕྱི་མཚམས་ནང་མཚམས་མི་དང་ཁ་མི་འཕྲད༔ རྫས་ཀྱི་སྒྲིབ་ཤིང་བྱི་ལ་ནག་མོ་ཡི༔ ཕྲུ་གུ་སྐྱེ་ཁར་ཤིང་བུ་རྒྱ་གྲམ་གྱིས༔ ལུས་པོ་འགྱུར་མི་ཤེས་པར་བསྡོམས་ནས་ནི༔ རྐང་པ་ཀ་བའི་བར་དུ་བརྒྱངས་པ་ཡི༔ གཤའ་སྣོད་གཙང་ནང་དུ་གྲིབ་སྐབས་བྱ༔མ་མ་ལ་མ་ཤོར་རྙེད་པར་འགྱུར༔ དེ་དག་ཁྱི་ནག་དཀར་ཐིག་མེད་པའི་རོ༔ རུས་པ་ཐམས་ཅད་མེ་ལོང་ནང་བལྟས་པས༔ མི་མངོན་པ་གཅིག་ཡོད་པ་དེ་དང་གཉིས༔ ཁ་ཏའི་ཚང་ཤིང་རེ་རེ་ཆུར་བསྐྱུར་བས༔ གཞན་རྣམས་ཆུས་ཁྱེར་སྒྲིབ་ཤིང་ཅན་དེ་ནི༔ གྱེན་དུ་ཁྱེར་བ་གསུམ་པོ་དེ་དང་ནི༔ རྩི་བཞི་བཏགས་ལ་དྲི་ཆུས་རིལ་བུ་བྱ༔ དེ་ལ་གསེར་གྱིས་གཏུམས་ཏེ་དེ་སྟེང་དངུལ༔ དེ་སྟེང་ཟངས་ཀྱིས་གཏུམས་ལ་ལྕགས་ཀྱིས་གཏུམས༔ དེ་ཉིད་བར་ཆད་འབྱུང་བས་བགེགས་བསྐྲད་བྱ༔ དེ་ནས་རིལ་ལུ་མུ་དྲའི་ཁར་བཅུག་པས༔ སུས་ཀྱང་མི་མཐོང་སྐུར་པ་འབྱུང་མི་སྲིད༔ སྔགས་ཀྱི་སྒྲིབ་ཤིང་སྐྱེས་པ་གྲིར་ཤི་བའི༔ བརླ་ཤ་ཉ་ཤ་བྲག་ལ་གྲིབ་བསྐམ་བྱ༔ མི་རོ་བསྲེགས་ཤུལ་སྦུར་ནག་ཚང་བཅས་པའི༔ སྦུར་ནག་དེ་དང་གྲི་ཤ་རྩི་བཞིན་བཏགས༔ རིལ་བུ་དྲིལ་ལ་རྭ་ཅོའི་ནང་དུ་བཏབ༔ མུན་ནག་ནང་དུ་ཟླ་གཅིག་སྔགས་འདིས་བསྒྲུབ༔ ཨོཾ་ན་མོ་རུ་ཏྲི་ཡེ༔ ན་མོ་ཧི་རི་མི་རི་སྭཱ་ཧཱ༔ བསྒྲིབ་སྔགས་ནག་པོ་སྔགས་འབྲུ་བཅུ་བཞི་པ༔ ནམ་དགོས་རྫས་དེ་མུ་དྲའི་སྨིན་ཕྲག་བྱུགས༔ དེས་ནི་སུས་ཀྱང་མི་མཐོང་དྲུང་དུ་འོང་༔ དེ་ཉིད་ཐེག་ཆེན་ཆོས་ལ་བློ་བསྒྱུར་ཞིང་༔ དབང་རྣམས་རིམ་པར་བསྐུར་ཏེ་སྨིན་པར་བྱ༔ ནུབ་རེ་མུ་དྲ་ལ་ནི་ཡིད་ཀྱི་དབང་༔ མཁའ་གསང་བྱིན་རླབས་ཙམ་ལ་སྦྱོར་བ་བྱ༔ རང་དབང་ཕྱག་རྒྱ་ཡིན་ན་དབེན་པའི་གནས༔ ནགས་ཚལ་རི་ཕུག་བསྒྲུབ་ཁང་བཙན་པོའི་ནང་༔ རང་དང་ཕྱག་རྒྱ་གཉིས་ཀའི་ལུས་ཟུངས་གསོ༔ སྦྱོར་བ་མི་བྱ་ལྟ་དང་འཁྱུད་པ་དང་༔ འཛུམ་ཞིང་འོ་བྱ་ནུ་མ་མཉེ་བར་བྱ༔ ཁ་ཟས་བཅུད་ཆེན་བཟང་པོས་བཅུད་ལེན་བྱ༔ མེ་ཉི་ལན་ཚྭ་སྔོ་ངྷ་རལ་སྐྱུར་སྤང་༔ རང་ཉིད་ལུས་སྟོབས་རྒྱས་པའི་སྦྱོར་བ་ནི༔ ཕྱི་བྱུག་ནང་དུ་རྩ་རྒྱུད་སྨན་བཏང་ཞིང་༔ གསང་བ་ལོག་ནོན་སྨན་དང་གསུམ་ཡིན་ནོ༔ དང་པོ་ཕྱི་རུ་བྱུག་པའི་སྨན་གསུམ་ནི༔ ཕྲ་རབ་སློབ༔ ག་མཁོ་རྦང་ཕྲམ་གསུམ་ནི༔ ཞོ་རེ་ཆ་མཉམ་བཏགས་ཏེ་ར་ཚིལ་དང་༔ དངུལ་ཆུས་བཏུལ་ལ་རིལ་ལུ་སྲན་མ་ཙམ༔ དེ་དང་མར་རྙིང་སྦྱར་ལ་རྡོ་རྗེར་བྱུག༔ ཉིན་རེ་བཞིན་དུ་བྱུག་ཅིང་ཉི་མར་བསྲོ༔ ནང་དུ་རྩ་རྒྱུད་སྨན་ནི་འདི་རྣམས་སོ༔ ད་བྱིད་མཆིལ་པ་སྡིག་སྲིན་ཞོ་རོ་བསྙམ༔ ཞིབ་བཏགས་སྦྲང་རྩིར་སྦྱར་ལ་རིལ་ལུ་བྱ༔ རྒྱ་ཚྭ་ལྕམ་འབྲུའི་ཆུ་ལ་ལེགས་པར་སྣུར༔ ནང་པར་ལྟོ་སྟོང་མ་ཆད་བཏང་བ་ཡིས༔ མཚན་མ་གློ་བ་བརྒྱངས་ལྟར་སོང་ནས་ནི༔ པདྨ་རབ་ཁེགས་ཆེ་ཞིང་འགྲེང་བར་འགྱུར༔ དེ་ནས་གསང་བ་ལོག་ནོན་སྨན་འདིའོ༔ བྱང་གི་བུལ་ཏོག་རྒྱ་སྐྱེགས་ཚྭ་ལ་གསུམ༔ ཞོ་རེ་ཆ་བསྙམ་ཞིབ་བཏག་ཞུན་ཆས་སྤྲུས༔ བུ་རམ་སྦྱར་ལ་རིལ་བུ་སྲན་མ་ཙམ༔ རྡོ་རྗེ་ནན་ལྟར་འགྲེངས་ནས་མ་ཐོན་ན༔ རིལ་བུ་བཏང་པས་ཐོན་ཏེ་གེགས་སེལ་ལོ༔ རི་ལུ་གཅིག་དང་གཉིས་གསུམ་རིམ་པ་བཞིན༔ དངོས་མཚན་ཆེ་ཆུང་འབྲིང་རྣམས་རིམ་བཞིན་ཤེས༔ དེ་ཡི་ཡོན་ཏན་ཐབས་ལམ་རྣམས་ཀྱིས་སྲོག༔ ཕྱི་རུ་བྱུགས་པས་བདེ་བ་ཁྱད་པར་འཕགས༔ རྩ་རྒྱུད་ནང་བཏང་རྡོ་རྗེ་བརྒྱངས་ལྟར་འགྲོ༔ པདྨ་རབ་ཏུ་ཁེགས་ནས་རྩ་སྣ་དེ༔ རྡོ་རྗེའི་སྦུ་གུ་ཚུད་ནས་ཡབ་ཡུམ་གཉིས༔ བདེ་བ་རྒྱས་ནས་རང་ལ་རབ་ཏུ་ཆགས༔ སྐྱེས་པ་གཞན་གྱིས་མི་ཚིམ་རང་ལ་འདུད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཞན་ཡང་ཕྱག་རྒྱ་བསྟེན་པའི་རྣལ་འབྱོར་པས༔ ལུས་སྟོབས་སྐྱེད་པའི་བཅུད་སྦྱོར་འདི་ལྟར་བྱ༔ ད་བྱིད་རྩངས་པ་མཆིལ་པའི་ཤ་དང་གསུམ༔ ད་བྱིད་ཐུན་གསུམ་གཞན་གཉིས་མཉམ་པ་ལ༔ དབང་པོ་ལག་པ་དེ་ཡི་སུམ་ལོག་གཏང༔ ཞིབ་བཏགས་འོ་མ་དྲོན་མོས་སྤགས་ལ་གཏང་༔ སྨན་བཟང་ནུས་པ་ཆེ་ཞིང་ནམ་དགོས་རིང་༔ དེ་ནི་བཞི་སྦྱོར་ཞེས་བྱ་འཕྲལ་དུ་ནུས༔ གཞན་ཡང་སུམ་སྦྱོར་རྒྱུན་དུ་བསྟེན་པ་ནི༔ ད་ཐབས་མེད༔ སྦྱར་ལ་ལྟོ་སྟོང་རྒྱུན་ཏུ་བཟའ་བར་བྱ༔ རྒས་སྲ་ཤ་ལུས་རྒྱས་ཤིང་དབང་བྱིད་ཤིང་མངར་དབང་པོ་ལག་པ་གསུམ༔ ད་བྱིད་ཆ་གཅིག་ཤིང་མངར་ཆ་གཉིས་བྱ༔དབང་ལག་དེ་ཡི་སུམ་ལོག་ཙམ་དུ་གཏང་༔ མངར་གསུམ་རབ་སྟེ་གཅིག་ནི་མེད་པོ་གསལ༔ བཀྲག་མདངས་སྟོབས་ཆེ་ཤེད་ཆེན་འབྱུང་བ་སྙོམས༔ གཞན་ཡང་གཉིས་སྦྱོར་རྣོ་ལ་ངར་བཏགས་ནི༔ ད་བྱིད་ཟོལ་མེད་ཤིན་ཏུ་རྣོ་བ་ལ༔ སྦྲུལ་ཤའི་ངར་བཏགས་ཆང་ཞིམ་ཉིང་ཁུས་ཕུལ༔ རྣོ་ལ་ངར་བཏགས་ཞེས་བྱ་ལོ་བརྒྱ་ཡང་༔ ལུས་ཀྱི་སྟོབས་རྒྱས་འཕྲལ་གྱི་སྦྱོར་བ་རེམ༔ གཞན་ཡང་གཅིག་ཐུབ་རལ་གྲི་ཕྱུང་རྒྱབ་ནི༔ ལུས་ལྡན་ད་བྱིད་ཟོལ་མེད་ཤ་རུས་གཉིས༔ ཞིབ་བཏགས་འོ་མ་དྲོན་མོས་འཕུལ་བཏང་ན༔ ནམ་དགོས་རྡོ་རྗེ་རིང་ཞིང་སྤྱོད་པར་ནུས༔ གཞན་ཡང་ལུག་གི་རྨིག་པ་བརྒྱད་ཙམ་གཅིག༔ འོ་མར་བསྐོལ་འཐུང་མཚན་མ་རིང་བར་བྱེད༔ གོ་བྱེ་ཤུ་དག་དོང་ག་ཤིང་ཚྭ་རྣམས༔ བསྲེགས་པའི་ཐལ་བ་ཕོ་མཚན་ལ་བྱུགས་ན༔ ཞག་དྲུག་བར་དུ་སྦོམ་ཞིང་ཤུགས་ལྡན་འགྱུར༔ དབང་ལག་ཕྱེ་མ་བ་རའི་འོ་མར་བཏབ༔ ཟླ་ཕྱེད་བར་ཟོས་མདོག་དཀར་ཤ་རྒྱས་ཤིང་༔ སྟོབས་ལྡན་དྲན་པ་གསལ་ཞིང་ཤེས་རབ་ཆེ༔ ཡིད་གཞུངས་ཚེ་རིང་སྦྱོར་བ་རེམ་པར་འགྱུར༔ མོན་སྲིན་གྲེའུ་གཟེ་མ་འབུ་སྲིན་སྐོལ༔ འཐུངས་ན་རྡོ་རྗེ་མཁྲེགས་ཤིང་ན་ཆུང་དགའ༔ ཀ་ཤོ་ཀན་ངྷ་ཏིལ་གྱི་ཕྱེ་མ་རྣམས༔ མར་དང་འོ་མར་སྦྱར་ལ་ཟླ་བྱེད་འཐུང་༔ སྟོབས་ཤེད་རྒྱས་ཤིང་སྦྱོར་བ་རེམ་པར་འགྱུར༔ དེ་ལ་སོགས་པའི་ལུས་སྟོབས་རྒྱས་པ་ནི༔ སྨན་ནི་བྱ་ཞིང་སྦྱོར་བ་དངོས་མི་བྱ༔ དེ་ནས་དངོས་འཛིན་ཞེན་པ་བཟློག་པའི་ཕྱིར༔ ཕྱག་རྒྱ་སྒྱུ་ལུས་དག་ལ་བསླབ་པ་ནི༔ བདེ་བའི་སྟན་ལ་ཕྱག་རྒྱ་གཅེར་བུར་འདུག༔ མེ་ལོང་ནང་དུ་འཆར་བ་དེ་ལ་བལྟ༔ སོ་ལུས་ནུ་མ་པདྨར་ལེགས་པར་བལྟ༔ དེ་ལ་སྟོད་སྨད་ཆགས་སྡང་མེད་པ་དང་༔ སྣང་ལ་རང་བཞིན་མེད་པའི་གཟུགས་དེ་ལ༔ ཡང་ཡང་བལྟ་ཞིང་ཡིད་ལ་གསལ་བར་བྱ༔ དེ་དང་ཕྱག་རྒྱ་དངོས་གཉིས་ཁྱད་མེད་པར༔ བསྒོམ་ཞིང་ཨ་འཐས་ཞེན་པ་མེད་པར་བྱ༔ དེ་བཞིན་སྣང་སྲིད་སྣང་སྟོང་གཉིས་མེད་བལྟ༔ དེ་ནས་དངོས་འཛིན་མེད་པའི་ཉམས་བྱུང་ན༔ དེ་ནས་ཕྱག་རྒྱ་དངོས་ལ་ཁྲུས་བྱ་ཞིང་༔རྒྱན་གྱིས་རབ་བརྒྱན་ཡིད་དུ་འོང་བར་བྱ༔ ཟླ་བྱེད་བར་དུ་ཤ་དང་ཆང་སྤྱོད་ལ༔སྦྱོར་བ་མི་བྱ་ཉིན་རེ་བཞིན་དུ་ནི༔ དང་པོ་གཟུགས་ལ་བལྟ་ཞིང་འཛུམ་དང་དགོད༔ གཉིས་པ་སྒྲ་ནི་ཆགས་པའི་གཏམ་རྣམས་སྨྲ༔ གསུམ་པ་དྲི་ནི་ཕྱག་བརྒྱ་དྲི་མ་བསྣོམ༔ བཞི་བ་རོ་ནི་ལྕེ་འཇིབས་ཀ་ར་མུར༔ ལྔ་པ་རེག་བྱ་ནུ་མ་མཉེ་བ་དང་༔ འོ་བྱ་དམ་དུ་འཁྱུད་ཅིང་རྡོ་རྗེ་ཡིས༔ པདྨར་མི་འཇུག་མཁའ་ལ་རེག་རེག་བྱ༔ པདྨའི་གཡས་གཡོན་སྟེང་འོག་རྡོ་རྗེ་བསྣུན༔ དེ་བྱས་གཡའ་ལངས་རྩ་ཁ་བྱེ་བར་འགྱུར༔ དེ་ནས་རྩ་བཙལ་བ་ནི་འདི་ལྟར་བྱ༔ ཕྱིང་པ་མར་བཙས་རྡོ་རྗེའི་ཚད་ཙམ་ཅིག༔ བྷ་གའི་ནང་དུ་ཕུལ་ཞིང་དཀྲུགས་ཙམ་ན༔ རྩ་དང་འཕྲད་ནས་མི་བཟོད་སྐད་ངན་འཆོར༔ ཡང་ན་དར་གྱི་ཕོ་ལོང་རྡོ་རྗེ་ཙམ༔ པདྨ་དལ་གྱིས་ཕུལ་བས་རྩ་སྣ་རྙེད༔ དེ་ནས་རྩ་དེ་མི་འཆོར་འཛིན་པ་ནི༔ དར་གྱི་ཕོ་ལྟོ་དྲུ་བུ་ཙམ་པ་ཅིག༔ གཡོན་དུ་སྐུ་རེགས་ཐད་ཀྱི་འོག་ཏུ་བཅུག༔ དེ་སྟེང་དར་གྱི་སྐུ་རེག་རན་པར་བསྡམ༔ དེ་ནས་ཐར་རམ་བྱ་སྒོག་ཁྱི་སྒོག་པ༔ གླང་བུའི་སྨང་ཁའི་དྲེགས་པ་སྡོ་རྩི་དང་༔ དེ་རྣམས་ཏིལ་མར་འབྲི་མར་གྱིས་སྦྲུས་ལ༔ རང་གི་མཛུབ་མོའི་སེན་མོ་འབྲེག་པའི་རྩེར༔ རྒྱུ་མའམ་ནི་ཕྲུ་མ་རློན་པས་དཀྲིས༔ དེ་སྟེང་རྫས་དེ་བྱུགས་ནས་ཕྱག་རྒྱ་དེ༔ གདན་འཇམ་སྟེང་དུ་གན་རྐྱལ་ཉལ་བཅུག་ལ༔ དར་གྱི་འཕོ་ལོང་ཕྱུང་ནས་བྷ་ག་ཕྱེ༔ ནང་དུ་རྩ་ཡི་རྩེ་མོར་རིབ་རིབ་འོང་༔ དེ་ལ་རེག་པས་མི་བཟོད་སྐད་ངན་ནམ༔ ལུས་འདར་སྔངས་དང་འཛུམ་པ་ལ་སོགས་འོང་༔ རྫས་དེ་རྩ་སྣེ་དེ་ལ་བྱུགས་ལ་བཞག༔ དེ་ཡང་རྩ་ཡི་རིགས་ནི་འདི་ལྟར་འབྱུང་༔ དུང་ཆེན་མ་ནི་རྩ་སྣ་དུང་ལྟར་འཁྱིལ༔ པདྨ་ཅན་ནི་པདྨ་འདྲ་བ་འོང་༔ རི་དྭགས་ཅན་ནི་རྩ་སྣ་ཐུམ་ནས་འོང་༔ མ་ནིང་ཅན་ནི་མདུད་པ་ཅན་དུ་འོང་༔གླང་སྣ་ཅན་ནི་རྩ་སྣ་གུག་ནས་འོང་༔ བྱ་རོག་ཅན་ནི་བྱ་མཆུ་ཅན་དུ་འོང་༔ ཕལ་བ་རྣམས་ནི་ཐང་ཁུག་སྐྱི་ལྟར་འོང་༔ དེ་ལྟར་རྩ་སྣ་རྙེད་ནས་དངོས་གཞི་ལ༔ རང་ལུས་ལྷར་བསྐྱེད་སྐྱབས་འགྲོ་སེམས་བསྐྱེད་དེ༔ བཤགས་པ་མཁའ་གསང་བྱིན་རླབས་སྦྱོར་བ་དངོས༔ དབབ་བསྐྱིལ་བཟློག་བཀྲམ་བཅུ་ལས་དང་པོ་ནི༔ འདུག་པའི་གནས་ནི་གཞལ་ཡས་ཁང་དུ་བསྐྱེད༔ དེ་དབུས་པད་ཉི་རོ་སྟེང་ཧྲཱིཿམཿལས༔ འཕྲོ་འདུས་དོན་གཉིས་བྱས་ནས་ཧྲཱིཿ འོད་ཞུ༔ རང་ཉིད་དཔའ་བོ་རྟ་མགྲིན་དངོས་སུ་བསྐྱེད༔ དུར་ཁྲོད་ཆས་བརྒྱད་སྤྱི་གཙུག་རྟ་ཞལ་མཚེར༔ མཿ་ལས་མུ་དྲ་རྡོ་རྗེ་ཕག་མོར་བསྐྱེད༔ དམར་མོ་ཕྱག་གཡས་ཡབ་ཀྱི་མགུལ་ནས་འཁྱུད༔ གཡོན་པས་ཐོད་ཁྲག་གཙོ་སྟོབས་འཛུམ་པའི་མདངས༔ གཞོན་ཚུལ་ནུ་མ་འབུར་ཞིང་བྷ་ག་རྒྱས༔ སྤྱི་གཙུག་ཕག་ཞལ་ངུར་སྒྲ་སྒྲོགས་པར་བསྐྱེད༔ གཉིས་པ་སྐྱབས་སུ་འགྲོ་བ་འདི་ལྟར་བྱ༔ ན་མོ་ལུས་དག་བདེ་ཆེན་ལྷ་ཡི་གཞལ་ཡས་སུ༔ རྩ་དག་བདེ་ཆེན་རིག་པའི་ཕོ་བྲང་མཆོག༔ཁམས་དག་བདེ་ཆེན་དཔའ་བོ་མཁའ་འགྲོ་རྣམས༔ སེམས་དག་བདེ་སྟོང་དབྱེར་མེད་མཆོད་པར་འབུལ༔ རླུང་དག་བདེ་བའི་རང་རྒྱུད་རང་འགག་སྟེ༔ རྡོ་རྗེ་པདྨར་བདེ་ཆེན་དམ་སྦྱར་བས༔ བདེ་སྟོང་དབྱེར་མེད་དགའ་བཞིས་དོན་རྟོགས་ནས༔ དགའ་བདེ་སྣང་སྟོང་དག་པར་སྐྱབས་སུ་མཆི༔ དེ་སྐད་ཡབ་ཡུམ་གཉིས་ཀས་ལན་གསུམ་བརྗོད༔ དེ་ནས་བླ་ན་མེད་པའི་སེམས་བསྐྱེད་ནི༔ ཧོཿ སྐྱེ་བཞིའི་བསྡུས་པའི་སྡུག་བསྔལ་སེམས་ཅན་རྣམས༔ རྟེན་འབྲེལ་བཅུ་གཉིས་སྲིད་པའི་རྒྱུན་བཅད་ཅིང་༔ བདེ་གཤེགས་རྒྱལ་བའི་བླ་མེད་ལམ་འཇུག་ཕྱིར༔ བདེ་ཆེན་ཆགས་པའི་ལམ་མཆོག་འདིར་ཞུགས་ནས༔ རྡོ་རྗེ་པདྨ་བསྲུབ་ཅིིང་བསྒུལ་བསྐྱོད་གཡེམ༔ བདེ་ཆེན་སེམས་བཟུང་སྟོང་པའི་ངང་ལས་སྦྱངས༔ ཕ་རོལ་ཕྱིན་དྲུག་ལམ་ལྔ་ས་བཅུ་གནོན༔ བླ་མེད་རྒྱུད་སྡེ་ཐེག་པའི་གནད་ཁྲོལ་ཏེ༔ ལོངས་སྐུ་སྤྲུལ་སྐུས་འགྲོ་བའི་དོན་བྱེད་ཅིང༔ ཉོན་མོངས་བདེ་བར་གྲོལ་བར་སེམས་བསྐྱེད་དོ༔ དེ་ནས་རང་དང་ཕྱག་རྒྱ་གཉིས་ཀེ་ཡིས༔ སྤྱི་བོར་ཨུ་རྒྱན་པདྨ་མཚོ་རྒྱལ་གཉིས༔ གཅེར་བུ་ལོངས་སྐུ་འཁྲིལ་སྦྱོར་མཛད་པར་བསྐྱེད༔ དེ་ལ་རྩ་རྒྱུད་བླ་མ་ཐམས་ཅད་བསྟིམ༔ གུས་པས་གསོལ་བ་འདི་ལྟར་གདབ་པར་བྱ༔ སྐྱེ་བ་ཐོག་མཐའ་མེད་པའི་དུས་རིང་ནས༔ བདེ་ཆེན་གནད་གཞི་མ་ཤེས་ཉོན་མོངས་པས༔ ཉོན་མོངས་རང་དགར་སྤྱད་པ་མཐོལ་ལོ་བཤགས༔ བདེ་སྟོང་ཟག་མེད་མཆོག་གི་དངོས་གྲུབ་རྩོལ༔ དེ་ནས་མཁའ་གསང་བྱིན་གྱིས་བརླབ་པ་ནི༔ ཡུམ་གྱི་ཧཱུྂ་བཛྲ་ཞེས་བརྗོད་པས༔ ཡུམ་གྱི་ཐུགས་ཀའི་ཧཱུྂ་གཅིག་ཆད་པ་ལས༔ ཡབ་གྱི་གསང་བ་ལ་ཕོག་འོད་དུ་ཞུ༔ གསང་པ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ༔ ནང་དུ་བྱང་ཆུབ་སེམས་ཀྱི་ངོ་བོ་ནི༔ དངུལ་ཆུ་ཞུན་མ་ལྟ་བུ་ཨོཾ་དཀར་བྱས༔ བུག་པ་ཕཊཿནག་པོ་ཡིས་བཀག་པར་བསམ༔ ཡབ་ཀྱིས་པཾ་པདྨ་མཎྚལ་༔ཨེ་ཨཱཿབརྗོད་པས༔ ཡབ་ཀྱི་ཐུགས་ཀའི་བཾ་ཅིག་ཆད་པ་ལས༔ ཡུམ་གྱི་མཁའ་ལ་ཕོག་པས་འོད་དུ་ཞུ༔ ཡུམ་མཁའ་པདྨ་འདབ་བརྒྱད་དམར་གསལ་བ༔ གེ་སར་ཨེས་མཚན་རཀྟའི་ངོ་བོ་ནི༔ ཨཱཿདམར་ལྕོག་ལའི་མདོག་འདྲ་དམར་གསལ་གནས༔རྡོ་རྗེ་པདྨ་བྱིན་གྱིས་བརླབ་པའི་སྔགས༔ ཨོཾ་པདྨ་པདྨ་སུ་ཁ་དྷ་ར༔ བདེ་བ་འཛིན་པ༔མ་ཧཱ་ཆེན་པོའི༔ རཱ་ག་སུ་འདོད་ཆགས ཁ་བདེ་དྷ་ར་སྦྱོར་བ ཙ་ཏུར༔ བཞི ཨཱ་ནན་དགའ་བ བྷ་ག་པདྨ བི་ཤྭ༔སྣ་ཚོགས ཧཱུྃ་ཧཱུྃ་ཧཱུྃཿཀཏྱཾ་བྱ་བ་མཛོད ཀུ་རུ་ཤྭ་མེ༔ བདག་གིས ཨོཾ་བཛྲ་མ་ཧཱ་ཆེན་པོ དྷ་ཤྭ་ར༔ཞིང་ཙ་བཞི ཏུ་ར་ཨཱ་ནནྟ༔ དག་པད་ཡ་ཀ༔ ཉེར་བ ཁཱ་མཁའ་འགྲོ ཁ་གདོང་བཞི མུ་ཁ་ཨཻ་ཀ་རོལ་སོ་ན་ཐཱ་མགོན་པོ ཧཱུྃ་ཧཱུྃ་ཧཱུྃ༔ཀ བྱ་བ་མཛོད ཏྱཾ་ཀ་རུ་ཤྭ་མེ༔བདག་གིས་སེམས ཅེས་བརྗོད་པས་མཁའ་གསང་བྱིན་གྱིས་བརླབ་པ་ནི༔ དེ་ནས་འོ་བྱ་ལྕེ་འཇིབས་དམ་དུ་འཁྱུད༔ རྡོ་རྗེ་འཇམ་དཔལ་ལས། འཇིགས་སུ་རུང་དང་དཔའ་བྱེད་ཅན༔ རྡོ་རྗེ་རྩེ་མོ་རབ་འཕྲོ་བ༔ཅེས་སོ༔ ལེགས་པར་བསྒྲེང་ནས་པདྨར་བསྣུན༔ རྡོ་རྗེ་རྩ་བར་སྟིམ་གྱིས་ཕུལ་ནས་ནི༔ མྱུར་དུ་མི་སྤྱོད་ཅུང་ཞིག་བཞག་ནས་སུ༔ དེ་ནས་དལ་བུས་ཉུག་ཉུག་སྤྱོད་པ་ལས༔ བཅུད་ཀྱི་ཐིག་ལེ་དངས་མ་ཟག་མེད་བརྒྱད༔ རྩ་མདུད་ལྔ་དང་སྨིན་ཕྲག་སྙིང་དཀྱིལ་དང་༔ རྡོ་རྗེའི་པདྨའི་རྩེར་གནས་པ་རྣམས་གཡོས༔ ཧྃ་ལས་ཏི་ལ་འཛག་ནས་མགྲིན་པར་སླེབ༔ འདོད་ཆགས་གཉིས་འཛིན་རྟོག་པ་རགས་པ་འགག༔ ལུས་སེམས་བདེ་བར་འཆར་བ་སྤྲུལ་སྐུ་ཡིན༔ དེ་ནས་ཉམས་སད་ཅུང་ཞིག་དྲག་པར་སྤྱོད༔ རྩ་བཟང་མིན་པ་ངན་པའི་རིགས་རྣམས་ལ༔ དྲག་ཏུ་སྤྱོད་ན་ཐིག་ལེ་མྱུར་འཆོར་བས༔ དེ་ཕྱིར་ཚོད་ལན་བྱེད་ཅིང་དལ་བུས་སྤྱོད༔ དགའ་བཞི་དང་པོའི་དགའ་བ བཅུད་ཀྱི་ཐིག་ལེ་རྣམས་ནས་དངས་སྙིགས་ཀྱིས༔ ཐིག་ལེ་ཞུན་ཆུ་ཐད་ཀ་ཐད་ཀ་ནས༔ འཁྱག་པའི་ཞུན་ཆུ་ལྟ་བུར་མར་ལ་ཟག༔ K་ཏིའི་ནང་ནས་རླུང་གིས་མར་མར་ཕུལ༔ མགྲིན་པའི་ཐད་ནས་སྙིང་གར་ཕེབས་པ་དང་༔ གང་ལ་བདེ་བ་ཇེ་ཆེར་འབར་བ་དེ༔ གཞན་སྣང་རྟོག་པ་མེད་པར་བདེ་ལྷང་འགྲོ༔ བདེ་བ་ལོངས་སྐུར་ཉམས་སུ་མྱོང་བ་སྟེ༔ དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་སོ༔ ཞེ་སྡང་ལས་གྱུར་རྟོག་པ་སོ་གསུམ་འགག༔ དང་པོ་སྣང་བ་ཞེས་བྱ་བག་ཙམ་གསལ༔ ད་རུང་རིག་པ་མ་ཡེངས་སྤྱོད་པ་དང་༔ བདེ་བ་ཇེ་ཆེར་ལྟེ་བའི་ཐད་དུ་སླེབ༔ གང་ལ་བདེ་སྟོབས་ཆེ་ཞིང་དགའ་བདེ་འབར༔ ངོ་བོ་ཉིད་སྐུ་ཉམས་སུ་མྱོང་བ་སྟེ༔དགའ་བ་བཞི་ལ་མཆོག་དགའི་ཡེ་ཤེས་སོ༔ འདོད་ཆགས་ལས་བྱུང་རྟོག་པ་བཞི་བཅུ་འགག༔ གཉིས་པ་མཆེད་པ་ཞེས་བྱ་སྔར་བས་གསལ༔དེ་ནས་ཚོད་སྦྱར་དལ་བུས་ཉུག་ཅིང་སྤྱོད༔ བྱང་སེམས་རྡོ་རྗེའི་རྩ་བར་ཕེབས་པའི་ཚེ༔ གོང་ལས་བདེ་ཉམས་བདུན་འགྱུར་ཙམ་གྱིས་འཕེལ༔བདེ་ལ་རྟོག་པ་མེད་པའི་ཉམས་སྣང་འཆར༔ དེ་དུས་ཞེན་མེད་བདེ་སྟོང་དབྱེར་མེད་བསྲེ༔ ཞེན་ནཐ་མལ་ཉོན་མོངས་འཁྲུལ་སྣང་ཡིན༔ ཞེན་མེད་ངང་ནས་བདེ་ལ་སེམས་གཏད་ནས༔ བདེ་བ་མ་ཡལ་ཙམ་དུ་དལ་བུས་སྲུབས༔ བདེ་བ་འཆོར་སྙམ་བྱུང་ན་འོག་སྒོ་ཀློད༔ རིག་པ་ཀ་དག་ངང་ལ་ལྷན་ནེ་བཞག༔ མཐེ་མཛུབ་མི་བསྐུམ་ཉ་བཞི་ཀློད་པ་དང་༔ བདེ་བ་མི་འཆོར་ལྷན་ནེ་གནས་པ་འོང་༔ བདེ་བ་ཡལ་བ་འདྲ་ན་ཅུང་ཟད་བསྒུལ༔ བདེ་བ་འཆོར་བ་འདྲ་ན་འོག་སྒོ་གློད༔ དེ་གཉིས་རེས་མོས་ཉམས་ཚད་བྱ་ཞིང་བསྐྱིལ༔ བདེ་བ་ཡུན་རིང་དགའ་བདེ་དཔག་མེད་ཅིང་༔ བདེ་སྟོང་འཛིན་མེད་ཆོས་སྐུའི་དགོངས་པ་ཡིན༔ དགའ་བ་བཞི་ལས་ལྷན་ཅིག་སྐྱེས་དགའ་ལྷན་ཅིག་སྐྱེས་དགའ་སྟེ༔ གཏི་མུག་ལས་གྱུར་རྟོག་པ་བདུན་འགག་གོ༔ གསུམ་པའི་ཡེ་ཤེས་བདེ་བ་ཉེར་ཐོབ་ཞེས༔ བདེ་བ་གསལ་བ་མི་རྟོག་ཉམས་སྐྱེའོ༔ དུས་གསུམ་རྒྱལ་བའི་དགོངས་པ་དེ་ཀ་ཡིན༔ དེ་དུས་བདེ་བའི་ངོ་བོ་ལ་བལྟས་པས༔ ཅིར་ཡང་མ་གྲུབ་ངོ་བོ་ཀ་དག་སྟོང་༔ དགའ་བ་བཞི་ལས་དགའ་བྲལ་དགའ་བ་སྟེ༔ འཇམ་དཔལ་ལས༔ཆགས་བྲལ་ཡུལ་ལས་འདས་པ་པོ༔ མི་མངོན་མི་སྣང་གསལ་བྱེད་མིན༔ མི་འགྱུར་ཀུན་གྲོལ་ཁྱབ་པའོ༔ ཕྲ་ཞིང་ཟག་མེད་ས་བོན་ནོ༔ ཅེས་སོ༔ཆད་ལྟ་བེམ་སྟོང་མ་ཡིན་རིག་ཅིང་གསལ༔ གསལ་ལ་མཚན་མར་མ་གྲུབ་བདེ་ལ་སྟོང་༔ མཚན་མའི་རྣམ་རྟོག་མེད་དོ་བདེ་བའི་ངང༔ དེ་ཉིད་ངོ་བོ་སྟོང་ལ་རང་བཞིན་བདེ༔ རྣམ་པ་གསལ་ཞིང་རིག་པ་རྟོག་པ་མེད༔ མཚན་ཉིད་གཉིས་སུ་མེད་པའི་ངང་ལ་གནས༔ དེའི་ཀའི་ངང་ལ་ཐམས་ཅད་ཀུན་རྫོགས་པའི༔ བླ་མེད་སྔགས་ཀྱི་རྫོགས་རིམ་དེ་ཉིད་ཡིན༔ རྒྱལ་བ་སྐུ་བཞི་དགོངས་པ་དེ་ཀ་ཡིན༔ དེ་ཉིད་རྒྱུན་དུ་གནས་པས་སངས་རྒྱས་ཡིན༔ དེ་འདྲའི་གནད་དེ་སྐྱེ་བོས་མ་ཤེས་པས༔ སྙོམས་འཇུག་དུས་སུ་བདེ་བ་ཡུད་ཙམ་ཏེ༔ ཐ་མལ་འདོད་ཆགས་སྤྱོད་དུས་ཡོད་མོད་ཀྱང་༔དེ་ཉིད་བཟུང་བསྐྱིལ་སྤེལ་གསུམ་མ་ཤེས་པས༔ ཐ་མལ་འདོད་ཆགས་རང་ཁར་སྤྱད་པ་ལས༔ བདེ་བ་ཡུན་ཐུང་སྡུག་བསྔལ་རྒྱུ་རུ་སོང་༔ བདེ་ལ་ཞེན་པས་འདོད་ཁམས་གནས་སུ་གོལ༔ གསལ་ལ་ཞེན་པས་གཟུགས་ཁམས་གནས་སུ་གོལ༔ སྟོང་པ་ལ་ཞེན་གཟུགས་མེད་ཁམས་སུ་གོལ༔ བདེ་གསལ་སྟོང་པ་ཉིད་ལ་ཞེན་མེད་དུ༔ ཉམས་སུ་ལེན་པ་ཁམས་གསུམ་གནས་ནས་འཕགས༔ དེ་ཕྱིར་འཕགས་པ་ཞེས་ཀྱང་བྱ་བའོ༔ བདེ་བ་དེ་ཀའི་རང་ལ་རྒྱུན་དུ་གནས༔ སྡུག་བསྔལ་འདམ་ནས་བདེ་བར་གཤེགས་པའི་ཕྱིར༔ དེ་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ༔ སྡུག་བསྔལ་བྱ་བ་མིང་ཡང་མེད་པར་སོང་༔འཇམ་དཔལ་ལས༔ སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞིཿགསུམ་སེལ་མཐར་ཐུག་གྲོལ་གསུམ་ཐོབ༔ སྒྲིབ་པ་ཀུན་ལས་རྣམ་པར་གྲོལ༔ཅེས་སོ༔ བདེ་བ་ཆེན་པོ་ཡེ་ཤེས་རྒྱས་པའི་ཕྱིར༔ དེ་ཕྱིར་སངས་རྒྱས་ཞེས་སུ་མིང་བཏགས་སོ༔ དེ་ལྟར་བདེ་བའི་ངོ་བོ་ངོ་སྤྲད་ནས༔ དེ་ནས་བདེ་བ་འཆོར་འཆོར་འདྲ་བ་ན༔ བྱང་སེམས་བདེ་བ་བཏང་རེ་ཤི་སྙམ་པའི༔ གཉེན་པོ་ཞེ་བཅད་དྲག་པོས་བཟློག་པར་བྱ༔ དེ་ནི་དཀའ་ཐུབ་སྡོམ་པའི་མཆོག་ཏུ་འགྱུར༔ ཉན་ཐོས་བུད་མེད་རྒྱང་དུ་བསྲིང་བ་ཡི༔ཆགས་པའི་གདུང་བ་གཉེན་པོས་བཟློག་ཏུ་མེད༔དཀའ་ཐུབ་སྡོམ་པ་ཐོབ་པའི་མིང་ཡང་མེད༔ འདིར་ནི་བུད་མེད་དངོས་དང་དམ་འཁྱུད་ནས༔ བྱང་སེམས་རྡོ་རྗེའི་རྩེ་ན་བཟློག་པ་ཡི༔ གཉེན་པོ་བཟུང་ཞིང་དཀའ་ཐུབ་དྲག་པོའོ༔ འཇམ་དཔལ་ལས༔ ཚུལ་ཁྲིམས་ཆེན་པོ་འཆིང་བའི་མཆོག༔ བཟོད་ཆེན་འཆང་བ་བསྟན་པ་པོ༔ བརྩོན་འགྲུས་ཆེན་པོ་བསྐུལ་བའི་ཕྱིར༔དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ༔ ཅེས་སོ།། དེ་ནས་བཟློག་པའི་འཁྲུལ་འཁོར་འདི་ལྟར་བྱ༔ མིང་ཅན་གྱིས་ནི་མིང་མེད་རྩ་བ་མནན༔ སྐྱེད་བྱེད་ལྔ་བསྐུམ་ཁྱད་པར་གྱད་བཞི་བསྐུམ༔ ངན་འགྲོའི་ལམ་གཉིས་དྲག་ཏུ་བསྡོམས་ནས་ཀྱང་༔ འོག་རླུང་དྲག་པོ་གྱེན་དུ་དྲངས་པར་བྱ༔ རྒྱ་མཚོ་རང་སྦྱར་དར་དམར་གུང་ལ་བསྐྱོད༔ རྒྱང་ཞགས་གནམ་ལྟ་ཁོང་འདྲེན་དྲག་པོ་ཡིས༔ མཐེེ་བོང་གཉིས་ཀྱི་སྲིན་ལག་རྩ་བ་མནན༔ ཁུ་ཚུར་དམ་བཅངས་ལྟེ་འོག་གསང་གནས་ནས༔ དྲག་ཏུ་འཐེན་ནས་སྤྱི་བོར་ཡང་ཡང་འཕོངས༔ བྱང་སེམས་སྐར་མ་མདའ་འཕངས་ལྟར་སྤྱི་བོར་བསྐྱལ༔ ཁྱད་པར་འཁྲུལ་འཁོར་གནད་ནི་འདི་ལྟར་བྱ༔ ལུས་ཀྱི་འཁྲུལ་འཁོར་ལུས་པོ་འདར་བ་གཅེས༔ འདྲེན་གྱི་གནད་ནི་ཁོང་འདྲེན་དྲག་པོ་གཅེས༔ དམིགས་པའི་གནད་ནི་སྤྱི་བོར་གཏད་པ་གཅེས༔ ལུས་ཀྱི་བྱང་ལོག་ཤེད་བསྐྱེད་འདར་ཕྲིལ་བཏང་༔ དེས་ནི་བདེ་བ་ལྟེ་བར་ཚད་མེད་སྐྱེ༔ དེ་ནས་དྲངས་བས་སྙིང་ཁར་བདེ་བ་སྐྱེ༔ དེ་ནས་རིིམ་བཞིན་མས་བསྟེན་དགའ་བཞི་མྱོང་༔ དེ་རྗེས་ཐབས་ཤེས་གཉིས་པོ་ཡ་བྲལ་ནས༔ ལག་པ་ས་གནོན་རྐང་བ་སྐྱིལ་ཀྲུང་བྱ༔ རླུང་འབུད་ལུས་སྤྲུག་ལུག་གི་སོག་འགྱུར་བྱ༔ དམིགས་པས་ཐིག་ལེས་ལུས་ཀུན་ཁྱབ་པར་བསྒོམ༔ ཡང་ཅིག་ཐིག་ལེ་འཛིན་པའི་གནད་ཅིག་ལ༔ ཐིག་ལེ་མ་ཐུབ་འཆོར་འཆོར་འདྲ་གྱུར་ན༔ བདུད་བཞིའི་བུག་པ་གཉིས་ཀྱི་བར་དག་ཏུ༔ རྡོ་རྗེ་རྩ་བ་ཆིལ་གྱིས་མནན་ནས་སུ༔དམིགས་པ་མ་ཡེངས་བསྒོམ་རྒྱུ་ཅི་ཡང་མེད༔ སྒོམ་མེད་ངང་ལ་འདུན་པ་སྤྱི་བོར་གཏད༔ དེ་མ་ཐག་ཏུ་བྱང་སེམས་གྱེན་ལ་ལོག༔ གཟེར་འགག་གནད་ཀྱི་ཐེམ་བུ་ཞེས་བྱའོ༔ ཆུ་སྲིན་གྲ་འགག་ཅེས་ཀྱང་ཟེར་བ་ཡིན༔ བསྐྱིལ་བཟློག་ཁྲེམ་པ་དུས་གཅིག་འབྱུང་བ་ཡིན༔ དེ་རྗེས་བུམ་པ་ཅན་གྱི་རླུང་བཟུང་ནས༔ རིག་པ་ཀ་དག་ངང་ལ་ཡུན་རིང་བཞག༔ དེ་ནི་གེགས་མི་འབྱུང་ཞིང་ལུས་ལ་ཁྱབ༔ གཞན་ཡང་བྱང་སེམས་རྩ་མིག་གདབ་པ་ལ༔ ལག་པ་གཡོན་པའི་སྲིན་ལག་ས་ལ་འཛུགས༔ ལུས་ཀྱི་ལྗིད་ནི་སྲིན་ལག་ལ་བཀལ་ནས༔ འཇམ་རླུང་བཟུང་བས་ཐིག་ལེ་རྩ་མིག་ཐིམ༔ ཡང་ན་གཡོན་པའི་མཐེ་བོང་སྲིན་ལག་མནན༔ ཁུ་ཚུར་དམ་བསྡོམས་ས་ལ་བཙུགས་ནས་ནི༔ ལུས་ཀྱི་ལྗིད་བསྐུར་རྩ་མིག་ཐིམ་པར་འགྱུར༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནི་གཞན་ལུས་ཐུན་མོང་གདམས་པ་སྟེ༔ དེ་ནས་ཁྱད་པར་ཅན་གྱི་གཞན་ལུས་ནི༔ རང་གི་ཐིག་ལེ་བརྟན་པ་ཐོབ་ནས་ནི༔ ཤེས་རབ་མ་ཡི་བདེ་བ་དྲང་བ་ནི༔བུ་སྐྱེས་ཙམ་ཞིག་ལུས་རྒུད་སྡུག་བསྔལ་མྱོང༔ གཅོང་ནད་ཅན་དང་རྩ་ངན་རིགས་ངན་ལ༔ དྲང་ཡང་མི་དྲང་དྲངས་ཀྱང་ནད་དུ་འགྱུར༔ གཞོན་ཞིང་ལུས་དར་རྩ་བཟང་རིགས་བཟང་ལ༔ དྲང་བས་དྲངས་ཤིང་ཡོན་ཏན་སྟེར་བའི་ཕྱིར༔ ཕྱག་རྒྱའི་བདེ་བ་འདི་ལྟར་སྦྱངས༔ ཐོག་མར་རང་ལུས་དུས་ནས་ཤེས་རབ་མའི༔ པདྨའི་དཀྱིལ་ནས་རཀྟའི་དངས་མ་དེ༔ གསང་བའི་རྡོ་རྗེས་ཧུབ་ཀྱིས་བཏབ་ནས་ནི༔ ཁབ་ལེན་རྡོ་ལ་ལྕགས་འདུ་ལྟ་བུར་འཐེན༔ དབུ་མར་བརྒྱུད་ནས་སྤྱི་བོའི་ཧཾ་ལ་བསྟིམ༔ དེ་ལ་ཡང་ནས་ཡང་དུ་སྦྱང་བར་བྱ༔ བྱང་སེམས་མགོ་གཡས་ཙམ་ནས་བཟློག་ཀྱང་བཀྲམ༔དེ་ནས་ལྟེ་བར་སླེབས་ནས་བཟློག་ཅིང་བཀྲམ༔ དེ་ནས་གསང་བ་རྡོ་རྗེའི་རྩ་བ་ནས༔བཟློག་ཀྱང་བཀྲམ་པ་ཡང་ནས་ཡང་དུ་བྱ༔ འདུན་པ་གཏད་པ་ཙམ་གྱིས་ལོག་པ་ནི༔ ཚོད་ལེན་རྡོ་རྗེ་སྐེད་པ་ནས་ཀྱང་བཟློག༔ བྱང་བའི་ཚད་ནི་རྡོ་རྗེའི་རྩེ་ནས་ཐུབ༔ དེ་ནས་ཕྱག་རྒྱ་དངོས་ལ་བསླབ་པ་ནི༔ ཕྱག་རྒྱ་མ་ཡང་ཀུན་ལ་མི་དྲང་ཞིང་༔ ཁྱད་པར་པདྨ་ཅན་གྱི་རིགས་ལ་དྲངས༔ ཡང་ཡང་རླུང་ལ་ཤིན་ཏུ་བྱང་བ་དང་༔ རང་ལུས་ཤིན་ཏུ་བྱང་ནས་དྲངས་པ་ཡིན༔ དེ་ནས་བདེ་བ་དྲངས་བ་འདི་ལྟར་བྱ༔ ཕྱག་རྒྱ་ལུས་ཟུངས་རྒྱས་པའི་ཟས་ཀྱིས་གསོ༔ ཁྱད་པར་འབྲས་གསུམ་པ་ཡི་སྨན་མར་ལ༔ འོ་མ་ལྕགས་ཕྱེ་ལྕགས་གཡའ་བཏབ་པ་བྱིན༔ ལྕམ་པ་གཡེར་མའི་ཐང་གིས་རྩ་ཁ་ཕྱེ༔ རང་ཉིད་དབང་ལག་རམ་ཉེའི་གདུས་ཁུ་ལ༔ སྦྲང་རྩི་བུ་རམ་འབྲས་བུ་གསུམ་དང་ནི༔ རྟག་ངུ་བ་དང་ཨ་བ་སྦྲུལ་ཤ་དང་༔ རུ་རྟ་ཀ་ར་ཅོང་ཞི་དམར་པོ་དང་༔ མཆིལ་པ་མགོ་དམར་ད་བྱིད་ཤ་སྦྱར་ལ༔ ཁབ་ལེན་བཏབ་པའི་རི་ལུ་ལྟོ་ལྟོར་བཏང་༔ ཆང་དང་འོ་མ་ཤ་བཟང་དཀར་གསུམ་དང་༔ མངར་གསུམ་བཅུད་ལེན་ཟས་རྣམས་གང་རྙེད་བཟའ༔ ཁྲུས་བྱས་འབྲི་མར་བསྐུ་མཉེ་ཡང་ཡང་བྱ༔ ཁྱད་པར་རླུང་ལ་ཤིན་ཏུ་བྱང་བར་བྱ༔ དེ་ནས་རང་ལུས་ཚགས་སུ་བཅུག་པའོ༔ ༔རྒྱ་རྒྱ་རྒྱ༔དེ་ནི་ཕྱག་རྒྱའི་རྩ་བཙལ་བསླབ་པ་ནི༔ ཐབས་ཀྱིས་ཆང་དང་སྦྲང་རྩི་སྦྱར་བ་ཡིས༔ ཤེས་རབ་མ་ལ་བསྐུ་མཉེ་ཡང་ཡང་བྱ༔ གཟུགས་ལ་བལྟ་ཞིང་འཛུམ་དང་དགོད་པར་བྱ༔ སྒྲ་ནི་ཆགས་པའི་ཚིག་སྨྲ་དྲི་ལ་སྣོམ༔ རོ་ནི་ལྕེ་འཇིབས་ཀ་ར་སྙེད་རེས་བྱ༔ རེག་བྱ་དམ་དུ་འཁྱུད་དང་ནུ་མ་མཉེས༔ གཡའ་སྒག་སེན་མོས་བཏབ་ཅིང་རྡོ་རྗེ་བསྟན༔ དེ་ནས་ཤེས་རབ་ཆགས་པ་སྐྱེས་པའི་རྟགས༔ བཞིན་འགྱུར་གདོང་ལ་ཟིལ་པ་ཕྲམ་གྱིས་འོང་༔ ངག་ནས་དགོད་དང་འཁྲིག་ཚིག་སྨྲ་བ་དང་༔ དབུགས་སྡངས་ལུས་འདར་བ་སྤུ་གཟེང་གི་འོང་༔ རྐང་བ་བརྐྱང་བསྐུམ་མིང་ཞིང་མིག་ཟུམ་བལྟ༔ ངོ་ཚ་མེད་པར་རང་ལ་འཁྱུད་པར་འོང་༔ དེ་ནི་རྩ་སྣ་མར་ལ་ལུག་པར་འགྱུར༔ འདོད་པ་ཆེན་པོ་བདེ་བ་ཆེ༔ དགའ་བ་ཆེན་པོ་མགུ་བ་ཆེ༔ ཞེས་སོ༔ དེ་ནས་ཕྱིང་པ་རྡོ་རྗེའི་ཚད་ཙམ་བ༔ སོར་དྲུག་ཚད་ཙམ་འབྲི་མར་བྱ་རྒོད་ཚིལ༔ བྱུགས་ནས་བཤང་པའི་ལམ་ལ་ཡར་ལ་བཏང་༔ མཁལ་ཁུང་གཉིས་སུ་དར་གྱི་ཕོ་ལྟོ་རེ༔ བཅུག་ནས་རྐེད་པ་དར་གྱིས་ལྗིད་ཀྱིས་བསྡམ༔ གདན་འབོལ་སྟེང་དུ་སྒ་བསྟད་གན་རྐྱལ་བསྙལ༔ མཁལ་མ་གཉིས་དང་བཤང་སྒོ་ནང་ལོག་པས༔བྷ་གའི་གཡས་གཡོན་ནུ་མ་འདྲ་བ་ཡི༔ འབུ་རུ་གཉིས་འོང་ཁ་ཕྱེ་བལྟས་པའི་ཚེ༔ རྩ་དེ་སྦོམ་ཕྲ་རྒྱ་ཁབ་ཙམ་ཅིག་ལ༔ རིང་ན་སོར་དྲུག་འབྲིང་ན་སོར་བཞི་ཙམ༔ ཐུང་ན་སོར་གསུམ་ཡང་ཐུང་སོར་གཉིས་ཙམ༔ ཤིན་ཏུ་ཐུང་ན་སོར་གཅིག་ཙམ་པ་ཅིག༔ ཟེའུ་འབྲུའི་མགོ་འམ་གཡས་གཡོན་གང་རུང་དུ༔ འོང་སྟེ་དེ་ལ་རྩ་རིག་འདི་ལྟར་ཡོད༔ བླུགས་མ་དུང་མ་ཁ་གདོང་ཟ་བྱེད་མ༔ པདྨ་ཅན་དང་ལྔ་རུ་འདུས་པ་སྟེ༔ དང་པོ་པདྨའི་རྩ་སྦུག་ཡངས་པ་ན༔ དེ་ལ་བླུགས་མ་ཞེས་བྱ་དུང་ཆེན་མ༔ རྩ་སྦུག་འཁྱིལ་ཞིང་དོག་བས་འབྲོས་པར་བྱེད༔ ཟུག་རྔུ་སྐྱེ་འགྱུར་དུང་ཆེན་མ་ཞེས་བྱ༔ པདྨ་ངན་ཅིང་རྩ་རྩུབ་ཚ་བ་ནི༔ ཁ་གདོང་མ་ཞེས་བྱ་སྟེ་ཟ་བྱེད་མ༔ རྩ་སྦུག་ཞ་བ་ཟ་བྱེད་མ་ཞེས་བྱ༔ བྷ་ག་པདྨ་ལྟར་སྟུར་རྩ་དེ་ནི༔ པད་སྣེ་ལྟར་ཕྲ་རྩ་ཁ་པདྨ་འདྲ༔ དེ་ཕྱིར་རྩ་ཡི་ཁྱད་པར་བཟང་ངན་གྱིས༔ བྷ་ག་རབ་འབྲིང་ཐ་མར་གྱུར་པ་ཡིན༔ པདྨ་ཅན་མཆོག་བླུགས་མ་དུང་ཅན་མ༔ བར་མ་འབྲིང་ཡིན་ཟ་བྱེད་ཁ་གདོང་མ༔ སྐྱོན་རྣམས་སྤངས་དཀའ་བྷ་གའི་ཐ་མའོ༔ ཡང་ན་གནས་པའི་རྩ་ལ་རབ་འབྲིང་གསུམ༔ རབ་ནི་ཤིན་ཏུ་ཕྲ་ཤིང་བར་མ་འབྲིང་༔ ཐ་མ་ཐུང་ལ་གྱོང་པ་སྐྱོན་དུ་འགྱུར༔ བྷ་གའ་ིརྩ་རྣམས་རབ་འབྲིང་ཐ་མ་ལས༔ རབ་འབྲིང་བསྟེན་ཅིང་ཐ་མ་རྟག་པར་སྤངས༔ དེ་ལྟར་རྩ་ཡི་རིགས་རྣམས་གང་ཡིན་ཀྱང་༔ སྲིན་ལག་མར་བྱུགས་བྷ་གའི་ནང་དཀྲུགས་པས༔ རྩ་དེ་ཧྲུད་ཧྲུད་བྱུང་ན་རྙེད་པ་ཡིན༔ བྱ་སྒོག་ཁྱི་སྒོག་ཐ་ངམ་རེ་རལ་དང་༔ སྔོ་རྩི་བ་དང་གླང་བུའི་སྨང་ཁའི་སྤྲེ༔ དེ་རྣམས་ཞིབ་བཏགས་གུར་གུམ་དང་སྦྱར་ཏེ༔ མར་དང་སྦྱར་ཏེ་རི་ལུ་མཁར་བཅུག་པས༔ རྩ་ཁ་བྱེ་འགྱུར་གཞན་ཡང་རྫས་དེ་ཉིད༔ ཟེའུ་འབྲུའི་མགོ་རུ་བྱུགས་ན་རྩ་མི་བྲོས༔ དེ་ནས་སྦྲང་རྒོད་ཞོ་ཤ་སྒ་སྐྱ་དང་༔ སྒོག་གཅིག་མ་རྣམས་ཕག་ཚིལ་སྙིང་པར་སྦྱར༔ ཆང་སྙིང་གར་མས་སྦྱར་ནས་སྩོ་སསྩ་ཕྱུ་ཁ་ཐིག་ལེ་མ་གཏོང་རྡོ་རྗེ་བྷ་གར་བསྣུན༔ རྡོ་རྗེ་རྩ་བར་གཏིམ་གྱིས་ཕུལ་ནས་ནི༔ དར་ཅིག་མི་སྤྱོད་རྡོ་རྗེ་གཏེམ་མེ་བཞག༔ དེ་ནས་རྡོ་རྗེ་པདྨའི་འོག་ཏུ་བཅུག༔ འོག་ནས་སྟེང་དུ་སྒྲིལ་ཞིང་གཡས་ནས་གཡོན༔ གཡོན་ནས་གཡས་བཀན་མཁའ་ནས་སྟེང་དུ་བཀན༔ གཅུས་གྱེན་བཀན་ལ་དཀྲུགས་ཤིང་ཕུལ་བ་ན༔ རྩ་དང་ཕྲད་ན་སྐད་ངན་རྐྱང་པའོ༔ འདར་གཡེང་སྔངས་པ་བྱུང་ན་ཆིལ་གྱིས་མནན༔ རྩ་སྣ་རྡོ་རྗེའི་རྩེ་ལ་ཧྲུད་ཧྲུད་འོང་༔ དེ་ཉིད་རྡོ་རྗེའི་སྦུ་གུར་ཆུད་པར་བྱ༔ དེ་ནས་རྟོགས་པ་གཏན་ནས་ཆིལ་གྱིས་མནན༔ ཕྱག་རྒྱ་ཐབས་ཀྱིས་མགུལ་ནས་དམ་དུ་འཁྱུད༔ འོག་སྒོ་ཕྱིར་ཕུལ་སྟེང་རླུང་ཆིལ་གྱིས་མནན༔ ཐབས་ཀྱིས་ཡུམ་གྱི་བཅུ་དྲུག་མདོ་ནས་བསྡམ༔ སང་སིང་མེད་པར་དམ་དུ་སྦྱར་ལ་མནན༔ རྩ་སྣ་རྡོ་རྗེའི་བུ་གར་བཅུག་ལ་བསྒུལ༔ རན་ཙམ་བསྒུལ་ཞིང་འོག་རླུང་དྲག་ཏུ་འཐེན༔ ཡབ་ཡུམ་གཉིས་ཀ་ཚད་མེད་བདེ་བ་སྐྱེ༔ རྩ་སྣ་ཟིན་རྟགས་རྣམ་པ་གཉིས་འབྱུང་སྟེ༔ ཡབ་ཡུམ་གཉིས་དེ་ དང་པོ་ཡབ་ཀྱིས་རྟགས༔ རང་གི་རྡོ་རྗེའི་རྩེ་དང་ཤེས་རབ་མའི༔དབུ་མའི་རྩེ་དང་གཅིག་ཏུ་འབྲེལ་སྙེམ་སྟེ༔ བཏོན་ཀྱང་མི་ཐོན་སྙམ་པའི་ཉམས་འབྱུང་ངོ་༔ རྡོ་རྗེ་མཁྲང་ཞིང་ཐིག་ལེ་བརྟན་པ་དང་༔ མ་བྱུང་བར་དུ་རྡོ་རྗེའི་འཁྲུལ་འཁོར་བྱ༔ ཡུམ་རྟགས་བུ་མོའི་འཁྲུལ་འཁོར་སྣ་ཚོགས་སྟོན༔ བུ་མོའི་འཁྲུལ་འཁོར་སྣ་ཚོགས་བྱེད་པ་ནི༔ དེས་ནི་བདེ་བ་བདུན་འགྱུར་ཙམ་གྱི་ཆེ༔ ཡུམ་ལ་བདེ་བ་མ་སྐྱེས་བར་མི་དྲེང་༔ བདེ་བ་ཚད་ཕེབས་ཆིལ་གྱིས་སྐྱེས་པའི་ཚེ༔ ཡུམ་གྱིས་མཁུན་ཆུང་བྱེད་ནས་སྐད་ངན་འཆོར༔ མིག་བཙུམས་སོ་འདེབས་དྲན་མེད་འགྱུར་བ་དང་༔ རང་དབང་མེད་པར་བསྒུལ་བསྐྱོད་གཡེམ་པ་དང་༔ མ་བསླབས་འཁྲུལ་འཁོར་སྣ་ཚོགས་དེ་དུས་ཤེས༔ བདེ་བ་རྩ་སྣེར་སླེབ་པའི་དུས་དེ་རུ༔ དམིགས་པ་ཡུམ་གྱི་རཀྟ་དངས་མ་དེ༔ རྡོ་རྗེའི་ཧུབ་ཀྱིས་བཏབ་ནས་ཅུར་གྱིས་མིད༔དབུ་མའི་ནང་ནང་ནས་སྤྱི་བའི་ཧཾ་ལ་ཐིམ༔ དེ་དུས་གླིང་བཞི་དབང་སྡུད་སྐྱོད་བྱེད་བསྐུམ༔ སྦྲུལ་ཚང་བྲག་སྦྱར་དར་ཆེན་མཁའ་ལ་བསྐྱོད༔ ཉི་ཟླ་གྱེན་བཟློག་ངན་འགྲོའི་ལམ་གཉིས་བསྡམ༔ཁོང་འདྲེན་དྲག་འཐེན་ཐམས་ཅད་དུས་གཅིག་ཏུ༔ གྱེན་དུ་ན་ར་ར་འདྲེན་ཡང་ཡང་བྱ༔ རིག་པ་ནམ་མཁའི་དབྱིངས་སུ་ཅེར་རེ་གཏད༔ དྲངས་པའི་རྟགས་སུ་རྡོ་རྗེའི་མགོ་འཁྱོག་ཅིང་༔ སྦྲིད་ཆིལ་ཚ་ཆིལ་བདེ་དྲོད་འབར་བར་འོང་༔ ཡུམ་གྱི་སྣང་བ་ཧུབ་ཀྱིས་བཏབ་སྙམ་བྱེད༔ དྲན་མེད་དྲུ་བུ་འགྲིལ་ལྟར་སོང་སྙམ་འབྱུང་༔ བདེ་བ་ཡལ་ནས་ཡབ་ལ་བདེ་ལྷང་འབྱུང་༔ དེ་ནས་བཟློག་པ་ནན་ཆེར་བསྐྱར་ཞིང་བྱ༔ དེ་རྗེས་གོང་གི་བཀྲམ་པའི་འཁྲུལ་འཁོར་བྱ༔ ཁྲེམས་རྟགས་ལུས་སྟོད་བདེ་ཞིང་ཚིམ་པ་འབྱུང་༔ རོ་མཆོག་ཞིམ་པོས་ལུས་པོ་གང་སྙམ་བྱེད༔ དེ་ནས་བུམ་པ་ཅན་གྱི་རླུང་བཟུང་ནས༔ དབྱིངས་རིག་དོན་ལ་མ་ཡེངས་ལྷན་ནེ་བཞག༔ ཕྱག་རྒྱའི་བཀྲག་མདངས་འཚེར་ཏེ་མགོ་འཁོར་ཞིང་༔ ཤེས་པ་ཟི་ཐིམ་སྙིང་སྟོང་འཕྱོང་བ་འོང་༔ ཤ་ཆང་བཅུད་ལྡན་ཟས་ཀྱིས་ཁམས་གསོ་ཞིང་༔ བསྐུ་མཉེ་ལུས་ཟུངས་གསོ་བའི་ཐབས་ལ་འབད༔ ཟས་ནོར་བཟང་པོས་ཚིམ་པར་བྱས་ལ་བཏང་༔ རང་ཉིད་ཐིག་ལེའི་རྩལ་སྦྱངས་འབད་པ་ནི༔ ལུས་ནི་འོལ་མ་སེ་བའི་འབྲས་བུའམ༔ བྱི་རུ་མར་ཁུའི་་ནང་ནས་བཏོན་ལྟར་འབྱུང་༔ བདེ་སྟོང་འཛིན་མེད་རང་གྲོལ་ཆོས་སྐུར་ཤར༔ ཐ་མལ་ཞེན་པས་མ་བཅིངས་ཉམས་བླངས་ན༔ བདེ་སྟོང་རྒྱུན་ཆད་མེད་དེ་བརྟན་པའི་ཚད༔ ལུས་ཀྱི་སྣང་བ་རྨ་དང་ཚེར་མ་ཟུག༔ སྦྲང་བུས་ཟོས་སམ་རླུང་དང་ཚ་གྲངས་ཀུན༔ བདེ་བའི་ངང་དུ་ལྷང་ལྷང་བྱུང་གྱུར་ན༔ བདེ་བ་བརྟན་པའི་ཚད་དེ་སངས་རྒྱས་ཡིན༔ ལོངས་སྤྱོད་རྫོགས་པའི་དགོངས་པ་དེ་ཀ་ཡིན༔རྒྱ་རྒྱ་རྒྱ༔ གཞན་ཡང་བྷ་གའི་རྩ་རིགས་མང་པའི་ཕྱིར༔ སྦྱོར་ཐབས་རེ་རེས་རྩ་སྣ་མི་རྙེད་པས༔ རྩ་རིགས་དེ་ལ་སྦྱོར་ཐབས་རེ་རེ་དགོས༔ དེ་ཕྱིར་སྦྱོར་ཐབས་མང་བས་རྩ་སྣ་བཙལ༔ ཕལ་ཆེར་རྩ་སྣ་ལྔ་རུ་འདུས་པ་ཡིན༔ རྒྱས་པར་དབྱེ་ན་རྩ་རིིགས་མང་བའི་ཕྱིར༔ སྦྱོར་ཐབས་ལ་ཡང་གཙོ་བོ་རྣམ་པ་ལྔ༔ ཡན་ལག་སྦྱོར་ཐབས་བཅུ་དྲུག་བསྟན་པའོ༔ དང་པོ་སྦྱོར་ཐབས་ལྔ་ནི་འདི་ལྟར་བྱ༔ དང་པོ་ཡབ་ཀྱིས་ཡུམ་གྱི་མགུལ་ནས་འཁྱུད༔ ཡུམ་གྱིས་ཡབ་ཀྱི་རྐེད་པ་ནས་འཁྱུད་དེ༔ རྡོ་རྗེའི་སྟེང་འོག་བཀན་ཞིང་ཕུལ་བས་ན༔ རྩ་སྣ་པདྨའི་གཡོན་ནས་རྙེད་པར་འགྱུར༔གཉིས་པ་པདྨ་ཅན་གྱི་གན་རྐྱལ་ཉལ༔ མགོ་བོ་མཐོ་བར་བྱས་ཏེ་རྐང་པ་གཉིས༔ ཡབ་ཀྱི་ཕྲག་གོང་བཏང་ནས་ལག་པ་བསྡམ༔ ཡབ་ཀྱི་སྟེང་ནས་སྦྱར་ཏེ་སྨད་ནས་བསྡམ༔ རྩ་སྣ་པདྨའི་སྟེང་ངམ་འོག་ཏུ་འོང་༔ གསུམ་པ་རི་དྭགས་ཅན་ལ་ཕྱག་རྒྱ་ཡི༔ རྐང་པ་གྲུ་མོའི་ཁོངས་སུ་བཏང་ནས་ནི༔ ཡབ་ཀྱིས་སྦྱར་ཏེ་བཅུ་དྲུག་མདོ་ནས་བསྡོམ༔རྩ་སྣ་བྷ་གའི་གཡས་གཡོན་རྒྱབ་ནས་འོང་༔ བཞི་པ་གླང་སྣ་མ་ནི་ཕྱག་རྒྱ་ཡི༔ རྐང་པ་ཐབས་ཀྱི་ནུ་མའི་ཐད་ཀར་བརྐྱང་༔ ཐབས་ཀྱིས་བྱིན་པ་གཅིག་གིས་ཡུམ་ལ་འཁྱུད༔ཅིག་རྐྱང་ལག་པས་སྨད་ཁོག་བསྡོམ་པ་ཡིས༔ རྩ་སྣ་ཟེའུ་འབྲུའི་འོག་གམ་རྒྱབ་ཏུ་འོང་༔ ལྔ་པ་ཁྭ་གདོང་མ་ནི་ཤེས་རབ་མའི༔ ལག་པ་ཡབ་ཀྱི་མཆན་ཁུང་བཏང་ནས་འཁྱུད༔ ཡབ་ཀྱིས་ཡུམ་གྱི་མགུལ་ནས་འཁྱུད་ཅིང་བསྡམ༔ རྩ་སྣ་ཟེའུ་འབྲུའི་འོག་ནས་རྙེད་ནས་འོང་༔ རྩ་རིགས་ལྔ་པོ་རིགས་ལྔའི་ཊཱཀྐི་ཡིན༔ ཁྱད་པར་རྩ་བཙལ་བ་ཡི་འཁྲུལ་འཁོར་ནི༔ རྡོ་རྗེའི་སྟེང་ནས་སྒྲིལ་ལ་ལྟུང་རྩེར་གཅུ༔ གང་ན་ཡོད་པའི་རྩ་དེ་རྙེད་པར་འགྱུར༔ རྙེད་ནས་རྩ་ཡི་ནུས་པ་བསྒྲུབ་པ་ནི༔ རྩ་ཡི་རྩེ་མོ་ཕྲ་ལ་རིང་བ་རབ༔ སྦོམ་ཐུང་ཐེས་ཐེས་བྱུང་ན་རྩ་ཁ་དབྱེ༔ སྨན་ནི་ཁུག་ཆོག་རྩ་བ་སྦྲང་རྒོད་དང་༔ ཟོ་ཤ་ཁྱི་དཀར་རྡོ་རྗེ་ཏང་ཀུ་དང་༔ ཏི་གུ་ལམ་སྐྱེས་ལྡུམ་བུ་རེ་རལ་དང་༔ རྒྱ་གཡེར་རྒྱ་ཚྭ་ར་དཀར་འོ་མར་སྦྱར༔ རྡོ་རྗེ་ལ་བྱུག་བསྐྱོད་པས་རྩ་ཁ་བྱེ༔རྩ་བཟང་སོར་དྲུག་འབྲིང་གསུམ་ཐ་མ་གཉིས༔ རྩེ་མོ་རྣོ་བ་རྡོ་རྗེའི་བུག་གར་བཅུག༔ ཡབ་ཀྱི་ཆིལ་གྱིས་མནན་ནས་ཡུམ་ཉིད་ཀྱིས༔ ཁོག་སྨད་འཁོར་ལོ་ལྟར་བསྐོར་བསྐྱོད་ཅིང་འདེགས༔ དེ་ནི་བདེ་བ་ནམ་མཁར་མི་ཤོང་ངོ་༔ གཞན་ཡང་ཡན་ལག་སྦྱོར་ཐབས་བཅུ་དྲུག་ནི༔ ཕྱག་རྒྱ་ལུས་ཀྱི་འདུག་སྟངས་བཅུ་དྲུག་ཡོད༔ ལྷ་ཡི་འདུག་སྟངས་འཁྲུལ་འཁོར་རྣམ་བཞི་ཡིས༔ བདེ་གསལ་མི་རྟོག་གསུམ་ཀའི་ཉམས་མྱོང་སྐྱེ༔ལྷ་མིན་འདུག་སྟངས་བཞི་ཡིས་གསལ་ཉམས་སྐྱེ༔ མི་ཡི་འདུག་སྟངས་བཞི་ཡིས་བདེ་ཉམས་སྐྱེ༔ དུད་འགྲོ་འདུག་སྟངས་བཞི་ཡིས་མི་རྟོག་སྐྱེ༔ ཉམས་སྣང་སེམས་ལ་འཆར་བས་འདུག་སྟངས་གཅེས༔ དང་པོ་ལྷ་ཡི་འདུག་སྟངས་རྣམ་བཞི་ནི༔ སྒེག་མཛེས་འཇོལ་བག་འགྱིང་ལྡེམ་གནམ་གཟིགས་བཞི༔ དང་པོ་སྒེག་མཛེས་ཞེས་བྱའི་འདུག་སྟངས་ནི༔ ཕྱག་རྒྱ་ཀན་དཀྱིལ་རྐང་པ་རང་གི་ལྟག་པར་བཀལ༔ ལག་གཉིས་སྒྱིད་ཁུག་ནང་ནས་ཕྱིར་གདེངས་ཏེ༔ ཡབ་ཀྱི་པུས་བཙུགས་སྟེང་ནས་སྦྱོར་བ་བྱ༔གཉིས་པ་འཇོལ་བག་ཞེས་བྱའི་འདུག་སྟངས་ནི༔ ཡུམ་གྱིས་གན་རྐྱལ་སྒྱིད་ཁུག་རང་གི་དཔུང་བར་བཀལ༔ ལག་གཉིས་སྒྱིད་ལུག་ནང་ནས་ཕྱིར་གདེངས་ཏེ༔ རྟིང་པ་གཉིས་པོ་བཟུང་ནས་ཕྱིར་ལ་བགྲད༔ ཡབ་ཀྱི་ཕྱག་རྒྱའི་མགུལ་ནས་འཁྱུད་ཅིང་སྤྱོད༔ གསུམ་པ་འགྱེང་ལྡེམ་ཞེས་བྱའི་འདུག་སྟངས་ནི༔ ཡུམ་གྱིས་སྔར་བཞིན་གན་རྐྱལ་གནས་པ་ཡི༔ ལག་གཉིས་སྒྱིད་པའི་ནང་ནས་ཕྱིར་བཏོན༔ རྐང་མགོ་གཉིས་ལ་ལག་པ་གཉིས་བཟུང་སྟེ༔ མལ་ནས་བཏེག་ཅིང་ཕྱིར་ལ་བགྲད་པའི་སྟེང་༔ ཡབ་ཀྱིས་ཕྱག་རྒྱའི་རྐེད་པར་འཁྱུད་དེ་སྦྱོར༔ བཞི་པ་རྣམ་གཟིགས་ཞེས་བྱའི་འདུག་སྟངས་ནི༔ ཕྱག་རྒྱ་གན་རྐྱལ་སྟོད་ནི་ཅུང་ཟད་དམའ༔ རྐང་གཉིས་རྣ་བ་གཡས་གཡོན་ཐད་དུ་ཡར༔ མགོ་བོའི་རྒྱབ་བཏེག་ལག་གཉིས་སྒྱིད་ཁུང་ནས༔ ཡབ་ཀྱི་རྐེད་ནས་འཁྱུད་ཅིང་ཡབ་ཀྱིས་ཀྱང་༔ སྐུ་སྨད་པུས་བགྲད་བཙུགས་ལ་སྟེང་ན་སྦྱར༔ བཞི་ཀའི་གནད་ནི་རྩ་བཞི་བསྒྲིམ་ཅིང་སྤྱོད༔ ཡུམ་གྱི་འོག་ཏུ་འབོལ་སྟེགས་བཅུག་ཅིང་འདེགས༔ ཡུམ་གྱིས་སྟེང་རླུང་བཟུང་ནས་བསྐོར་ཅིང་སྤྱོད༔ ཡབ་ཀྱིས་སྟེང་ནས་ཉུག་ཉུག་སྤྱོད་ཅིང་བསྒྲིམས༔ དེ་ནི་ལྷའི་འདུག་སྟངས་རྣམ་བཞི་སྟེ༔ མཁའ་འགྲོ་པདྨ་ཅན་རབ་རྡོ་རྗེའི་རིགས༔ རྩ་སྣ་བྷ་གའི་སྟེང་གི་ཐད་ན་ཡོད༔ དེ་ལ་སྦྱོར་ཐབས་བཞི་པོ་འདིས་བཙལ་བས༔ བདེ་གསལ་ཟུང་འཇུག་མཆོག་གི་རྟོགས་པ་འཆར༔ བཞི་པ་ལྷ་མིན་འདུག་སྟངས་རྣམ་བཞི་སྟེ༔ སྡིག་མཚོ་ཁྲོས་མ་རྔམས་ཚུལ་འཇིགས་བྱེད་བཞི༔ དང་པོ་སྡིག་མཚོ་ཞེས་བྱའི་འདུག་སྟངས་ནི༔ ཡུམ་ཉིད་གན་རྐྱལ་རྐང་གཉིས་གནམ་དུ་སྒྲེང་༔ ལག་གཉིས་ཡབ་ཀྱི་འཕོང་ནས་དམ་དུ་འཁྱུད༔ ཡབ་ཀྱིས་ཁ་སྦབས་རྐང་གཉིས་ཅུང་ཟད་བརྐྱང་༔ གཉིས་པ་ཁྲོས་མ་ཞེས་བྱའི་འདུག་སྟངས་ནི༔ ཡུམ་ནི་གན་རྐྱལ་ལམ་ནི་འཕྲེད་ཉལ་ལ༔ རྐང་གཡོན་ཡབ་ཀྱི་ཕྲག་པ་གཡས་ལ་བཀལ༔ རྐང་གཡས་ཡབ་ཀྱི་སྐེད་ནས་འཁྱུད་ཅིང་བསྒུལ༔ ལག་གཡོན་རྐང་གཡས་བཟུང་ལ་ལག་པ་གཡས༔ ཡབ་ཀྱི་སྟོད་ནས་འཁྱུད་ཅིང་འདོགས་པར་བྱ༔ ཡབ་ཀྱི་རྐང་བརྐྱང་ཡུམ་གྱིས་མགུལ་ནས་འཁྱུད༔ རིག་མ་པདྨ་ཧ་ཅང་ཆེ་ན་བྱ༔ གསུམ་པ་རྔམས་ཚུལ་ཞེས་བྱའི་འདུག་སྟངས་ནི༔ ཡབ་ཀྱི་ཙོག་པུ་པུས་གཉིས་བགྲད་ལ་བཙུགས༔ དེ་ཡི་བར་དུ་ཡུམ་བླངས་ཙོག་པུ་རུ༔ ལག་གཉིས་རྐང་པའི་བྱིན་པ་གཉིས་བཟུང་ནས༔ གཡས་གཡོན་ཕྱིར་ལ་བགྲད་དེ་སྦྱོར་བར་བྱ༔ བཞི་པ་འཇིགས་བྱེད་ཅེས་བྱའི་འདུག་སྟངས་ནི༔ ཡབ་ཡུམ་གཉིས་ཀ་ཙོག་པར་འཕྲེད་ལ་ཉལ༔ ཡུམ་གྱི་རྐང་གཡོན་ཡབ་ཀྱི་གྲུ་གུག་གཡས༔ བཅུག་ནས་ཡབ་ཀྱི་ཕྱག་གཉིས་དཔུང་ཕར་འཁྱུད༔ ཡུམ་གྱི་ཕྱག་གཉིས་བརླ་ཡི་ཕྱི་རོལ་ནས༔ ནང་བཏང་གྲུ་མོ་ཁུག་ལ་སྒྱིད་པ་བཀལ༔ ལག་གཉིས་ཡབ་ཀྱི་འཕང་ནས་འཁྱུད་དེ་བསྡམ༔ ཡབ་ཀྱི་རྐང་གཉིས་བརྐྱང་སྟེ་སྦྱོར་བར་བྱ༔ བཞི་ཀ་ཡུམ་གྱི་འོག་སྒོ་འཐེན་ཕུལ་བྱ༔ ཡབ་ཀྱི་རྡོ་རྗེ་གཡོན་དུ་བཀན་ཅིང་བསྒུལ༔ དེ་ནི་ལྷ་མིན་འདུག་སྟེང་རྣམ་བཞི་སྟེ༔ ཊཱཀྐི་རི་དྭགས་རིགས་དང་ལས་ཀྱི་རིགས༔ རྩ་སྣ་བྷ་གའི་གཡོན་དུ་ཡོད་པའི་ཕྱིར༔ དེ་ལ་སྦྱོར་ཐབས་བཞི་པོ་འདིས་བཙལ་བས༔ ལྷག་པར་འོད་གསལ་ཉམས་མྱོང་སྐྱེ་བར་འགྱུར༔ གསུམ་པ་མི་ཡི་འདུག་སྟངས་རྣམ་བཞི་ནི༔ གྱད་སྟོབས་རོལ་པ་འཁྲིལ་སྦྱོར་རབ་འཁྱུད་བཞི༔ དང་པོ་གྱད་སྟོབས་ཞེས་བྱའི་འདུག་སྟངས་ནིི༔ ཡུམ་ནི་གན་རྐྱལ་ཉལ་ཏེ་རྐང་པ་གཉིས༔ སྒྱིད་པ་ཡབ་ཀྱི་ཕྲག་པ་ལ་བཀལ་ཏེ༔ ཡབ་ཀྱི་པུས་བགྲད་བཙུགས་པའི་པང་སྟེང་དུ༔ ཡུམ་གྱི་འཕོང་བཞག་ཡབ་ཀྱི་ལག་པ་གཉིས༔ ཡུམ་གྱི་མགུལ་དུ་བཅུག་ཅིིང་འཁྱུད་ནས་བསྡམ༔ ཡུམ་གྱི་ལག་གཉིས་པུ་འགུགས་མཚམས་ནས་བསྡམ༔ རེས་འགའ་ཡབ་ཡུམ་སྟེང་འོག་བསྒྱུར་ཅིང་སྦྱོར༔ གཉིས་པ་རོལ་བ་ཞེས་བྱའི་འདུག་སྟངས་ནི༔ རིག་མ་གན་རྐྱལ་འདུག་པའི་རྐང་པ་གཉིས༔ ཡབ་ཀྱི་རྐེད་པར་སྐྱིལ་མོ་ཀྲུང་བཅས་ཏེ༔ རྐང་པའི་ལོང་མོ་གཉིས་པོ་ལག་གཉིས་ཀྱིས༔ བཟུང་ཞིང་འཐེན་ལ་ཡབ་ཀྱི་རྐང་པ་གཉིས༔ སྐྱིལ་ཀྲུང་བཅས་ཏེ་ཡུམ་གྱི་མཆན་འོག་ཏུ༔ ལག་གཉིས་བཏང་སྟེ་དཔུང་པ་གཉིས་བཟུང་སྦྱོར༔ རེ་འགའ་ཡུམ་ནི་སྟེང་ནས་མར་ལ་སྦྱོར༔ གསུམ་པ་འཁྲིལ་སྦྱོར་ཞེས་བྱའི་འདུག་སྟངས་ནི༔ ཡུམ་ནི་འཕྲེད་ཉལ་གློ་གཡོན་འོག་ཏུ་བཅུག༔ རྐང་པའི་རྟིང་པ་གཉིས་པོ་འཕོང་ལ་གཅར༔ པུས་མོ་བགྲད་པ་ཡབ་ཀྱི་སྦྱོར་ནས་ཀྱང་༔ ཕན་ཚུན་ལག་པ་གཉིས་ཀས་རོ་སྟོད་འཁྱུད༔ རེ་འགའ་གློ་གཡས་གློ་གཡོན་བསྒྱུར་ཅིང་སྦྱོར༔ བཞི་པ་རབ་འཁྱུད་ཅེས་བྱའི་འདུག་སྟངས་ནི༔ ཡུམ་ནི་གན་རྐྱལ་འདུག་པའི་རྐང་བ་བསྐུམ༔ མཐིལ་གཉིས་ཡབ་ཀྱི་མཆན་ཁུངས་གཉིས་སུ་གཏད༔ ལག་གཉིས་ཡབ་ཀྱི་རྐེད་ནས་འཐེན་ཅིང་བསྡམ༔ ཡབ་ནི་པུས་མོ་བགྲད་དེ་ཙོག་པུ་ལ༔ ལག་གཉིས་ཡུམ་ཀྱི་དཔུང་པ་འཐེན་ཅིང་སྤྱོད༔ རེས་འགའ་འཕྲེད་དུ་ཉལ་ཞིང་སྦྱོར་བར་བྱ༔ བཞི་ཀ་ཡུམ་གྱིས་གཡོན་དུ་འཐེན་ཅིང་སྤྱོད༔ ཡབ་ཀྱིས་གཡས་སུ་བཀན་ཅིང་སྤྱད་པར་བྱ༔ དེ་ནི་མི་ཡི་འདུག་སྟངས་རྣམ་བཞི་སྟེ༔ མཁའ་འགྲོ་དུང་ཅན་མ་དང་རིན་ཆེན་རིགས༔ རྩ་སྣ་བྷ་གའི་གཡས་གཡོན་ཡོད་པས་ན༔ དེ་ལ་སྦྱོར་ཐབས་བཞི་པོ་འདི་བསྐུལ་བས༔ བདེ་ཉམས་ཏིང་འཛིན་ཆུ་བོའི་གཞུང་ལྟར་འཆར༔ བཞི་པ་དུད་འགྲོའི་འདུག་སྟངས་རྣམ་བཞི་ནི༔ མཁའ་ལྡིང་སེང་གེ་གླང་ཆེན་རུས་སྦལ་བཞི༔ དང་པོ་མཁའ་ལྡིང་ཞེས་བྱའི་འདུག་སྟངས་ནི༔ ཡུམ་ནི་ལངས་ཏེ་ཅུང་ཟད་བསྐུལ་བ་ལ༔ སྐེད་པ་ཉག་བྱ་ཚང་ར་ཕྱིར་ལ་གདེངས༔ ལག་གཉིས་བརླ་ཡི་ཤ་བོ་ཆེ་གཉིས་བགྲད༔ དེའི་རྒྱབ་ནས་ཡབ་ཀྱིས་པུས་བཙུགས་སྦྱོར༔ ལག་གཉིས་ཡུམ་གྱིས་དཔུང་པ་གཉིས་ནས་འཐེན༔ ཅུང་ཟད་བསྒུལ་ཅིང་འགུལ་འགུལ་བཏེག་ཅིང་སྤྱོད༔ གཉིས་པ་སེང་གེ་ཞེས་བྱའི་འདུག་སྟངས་ནི༔ རིག་མ་འཕྲེད་ལ་ཉལ་ཏེ་གཡས་འོག་བཅུག༔ འཕོང་ཕྱིར་བསྟན་ནས་རྒྱབ་ནས་ཡབ་ཀྱིས་སྦྱོར༔ ལག་གཉིས་ཡུམ་གྱི་རྒྱུ་ཞབས་ནས་བསྡོམས་ལ༔ ཡུམ་གྱི་ལག་གཉིས་ཡབ་ཀྱི་གྲུ་མོ་ནས༔ ཡར་ལ་འཐེན་ཅིང་རྐང་གཉིས་ཅུང་ཟད་བརྐྱང་༔ ཡུམ་གྱི་སྟོད་དང་ཡབ་ཀྱི་བྲང་བར་གཉིས༔ བར་འགྱངས་ཆེ་བར་བྱས་ལ་སྦྱོར་ཞིང་སྤྱོད༔ གསུམ་པ་གླང་ཆེན་ཞེས་བྱའི་འདུག་སྟངས་ནི༔ ཡུམ་གྱི་སྐུར་པོ་ཆེ་བཞི་སུག་བཞི་བཙུགས༔ རྒྱབ་ཏུ་ཡབ་ལངས་ལག་གཉིས་ཡུམ་དག་གིས༔ དཔུང་པ་གཉིས་ལ་བཟུང་ནས་སྤྱད་པར་བྱ༔ བཞི་པ་རུས་སྦལ་ཞེས་བྱའི་འདུག་སྟངས་ནི༔ ཡུམ་ནི་ཁ་སྦུབས་རུས་སྦལ་ལྟར་འདུག་སྟེ༔ རྒྱབ་ཏུ་ཡབ་ཀྱི་པུས་མོ་བགྲད་བཙུགས་ཏེ༔ ཡུམ་གྱི་འཕོང་ཞབས་པང་དུ་བཅུག་བྱས་ནས༔ ལག་གཉིས་ཡུམ་གྱི་བརླ་སྐྱོག་ནས་བཟུང་སྤྱོད༔ བཞི་ཀ་ཡུམ་གྱི་འོག་རླུང་ཕྱིར་ཕུལ་ལ༔ ཡབ་ཀྱིས་དྲུད་པའི་ཚུལ་ཏུ་རྒྱབ་ཏུ་བཀན༔ དེ་ནི་དུད་འགྲོའི་འདུག་སྟངས་རྣམ་བཞི་སྟེ༔ མཁའ་འགྲོ་གླང་སྣ་ཅན་དང་པདྨའི་རིགས༔ རྩ་སྣ་བྷ་གའི་མདུན་དུ་ཡོད་པའི་ཕྱིར༔ དེ་ལ་སྦྱོར་ཐབས་བཞི་པོ་འདིས་བསྐུལ་བས༔ རྩ་སྣ་འཕྲད་དེ་མི་རྟོག་བདེ་བ་སྐྱེ༔ དེ་ནི་སྦྱོར་ཐབས་བཅུ་དྲུག་ཅེས་བྱ་སྟེ༔ བདེ་ཉམས་ཏིང་འཛིན་ཐ་མལ་སྦྱོར་བ་ལས༔ བརྒྱ་འགྱུར་ཙམ་གྱིས་འཕེལ་ནས་སྦྱོར་ཐབས་གཅེས༔ གཞན་ཡང་སྦྱོར་ཐབས་རྣམ་བཞི་བསྟན་པ་ནི༔ འགྱིང་མཛེས་རབ་བརྗིད་དཔའ་བརྟན་ན་ག་ར༔ དང་པོ་འགྱིང་མཛེས་ཞེས་བྱའི་སྦྱོར་ཐབས་ནི༔ ཡབ་ནི་པདྨའི་སྐྱིལ་ཀྲུང་བྱས་པའི་སྟེང་༔ ཡུམ་ནི་པང་དུ་བླངས་ལ་ལག་གཉིས་ཀྱིས༔ ཡུམ་གྱི་སྐེད་པར་རབ་འཁྱུད་བསྡམ་པར་བྱ༔ ཡུམ་གྱི་རྐང་པས་ཡབ་ཀྱི་རྒྱབ་ཏུ་བཙུགས༔ ཡུམ་གྱིས་ཡབ་ཀྱི་མགུལ་ནས་འཛིན་ཅིང་སྤྱོད༔ གཉིས་པ་རབ་བརྗིད་ཅེས་བྱའི་འདུག་སྟངས་ནི༔ ཡབ་ནི་གན་རྐྱལ་ཡུམ་གྱི་སྟེང་ནས་ཞོན༔ ཡབ་ཀྱི་ལག་གཉིས་ཡུམ་གྱི་འཕོང་ཤ་བཟུང་༔ འོག་ནས་བཏེག་ཅིང་ཡུམ་གྱི་སྟེང་ནས་གནོན༔ ཡུམ་ནི་སྒུར་ལ་ལག་གཉིས་གདན་ཁར་བཙུགས༔ སྨད་ནི་གཡས་སྐོར་གཡོན་སྐོར་འཁྱུད་འཁྱུད་བྱ༔ གསུམ་པ་དཔལ་བརྟན་ཞེས་བྱའི་སྦྱོར་ཐབས་ནི༔ ཡུམ་ནི་འཕོང་མཐོ་ཀན་རྐྱལ་བྱས་པའི་སྟེང་༔ རྐང་གཉིས་བསྐུམ་ཞིང་མདོམས་མོ་གཡས་གཡོན་བགྲད༔ ལག་གཉིས་རང་གི་སྒྱིད་ཁུང་བཟུང་ནས་སྤྱོད༔ ཡབ་ཀྱི་རྐང་གཉིས་བརྐྱངས་ནས་ལག་པ་གཉིས༔ ཡུམ་གྱི་སྤྱི་བོའི་གཙུག་ཏུ་འཁྱུད་ལ་སྤྱོད༔ བཞི་པ་ན་ག་ར་ཡི་སྦྱོར་ཐབས་ནི༔ གཉིས་ཀ་ལངས་ལ་རོ་སྟོད་ཕྱིར་ལ་དགྱེ༔ ལག་གཉིས་ཕན་ཚུན་དཔུང་པ་དམ་དུ་འཁྱུད༔ སྤྱོད་ཅིིང་འདུད་པའི་ཚུལ་གྱིས་བདེ་བར་རོལ༔ བཞི་ཀ་ཡབ་ཀྱིས་བཏེག་ཅིིང་མར་ལ་དབབ༔ ཡུམ་གྱི་མས་ནས་བསྐོར་ཞིང་གྱེན་ལ་འགྲིམ༔ བཞི་པ་འདི་ཡང་མི་ཡི་འདུག་སྟངས་ཡིན༔ མཁའ་འགྲོ་གདོང་གཅིག་མ་དང་རྡོ་རྗེའི་རིགས༔ རྩ་སྣ་ཟེའུ་འབྲུའི་འོག་ནས་ཡོད་པ་རྙེད༔ དེ་ཕྱིར་སྦྱོར་ཐབས་བཞི་པོ་འདིས་བསྐུལ་བས༔ བདེ་ཉམས་རྡོ་རྗེ་ལྟ་བུའི་ཏིང་འཛིན་སྐྱེ༔ སྦྱོར་ཐབས་དེ་རྣམས་ཀུན་གྱི་གནད་ལ་ནི༔ བདེ་བ་མཆོག་ཏུ་འཕེལ་བ་དམིགས་པའི་གནད༔ སྙོམས་འཇུག་དུས་སུ་དམིགས་པ་མ་ཡེངས་པར༔ ཕྱག་རྒྱ་ཡིད་དུ་འོང་བའི་པདྨར་གཏད༔ བདེ་བ་མྱུར་དུ་སྐྱེ་བ་རླུང་གི་གནད༔ སྙོམས་པར་འཇུག་པའི་དུས་དེར་རྐང་ལག་བཞི༔ རྩ་དང་ཉྭ་བཞི་བསྒྲིམས་ཤིང་འོག་སྒོ་བཙུམ༔ འོག་རླུང་འཐེན་ཅིང་རྡོ་རྗེའི་སྟེང་ནས་བཀན༔ བདེ་བ་ཚད་དུ་ཕེབས་པ་འཁྲུལ་འཁོར་གནད༔ སྤྱོད་པ་དྲག་ན་ཐལ་ནས་ལ་ཐལ་བས༔ ཕྲལ་ཚོད་ཕྲལ་ལ་ལེན་ཅིང་དལ་བུས་སྤྱོད༔ ལུས་སེམས་བདེ་བ་ཕྲིལ་གྱིས་སྐྱེ་བ་དང་༔ གཉེན་པོས་སྤྱོད་འཕྲོ་བཅད་ལ་བདེ་གསལ་ངང་༔ མ་བཅོས་རང་ལུགས་ཐོག་ཏུ་ཙན་ནེ་བཞག༔ ཡང་ནི་བདེ་བ་ཡལ་ན་དལ་བུས་སྤྱོད༔ བདེ་བ་ཕྲིལ་གྱིས་བྱུང་ན་གཉེན་པོས་བསྐྱིལ༔ བདེ་བ་ཐལ་དུ་མི་འཇུག་གཉེན་པོ་གནད༔ ཐོག་མར་སྙོམས་པར་འཇུག་པའི་དུས་དེ་ནས༔ གཉེན་པོ་དྲག་པོའི་གོ་ཆས་ཅི་ནས་ཀྱང་༔ ཐིག་ལེ་བཏང་རེ་ན་ར་ཀན་དུ་སྙམ༔ སྲོག་ལས་གཅེས་པའི་གཉེན་པོ་དྲག་ཏུ་བསྟེན༔ བདེ་བ་ཡེ་ཤེས་འགྱུར་བ་རྟོགས་པའི་གནད༔ ཕྲ་བ་བག་ལ་ཉལ་བའི་ཉོན་མོངས་རྣམས༔ ལྐོགས་འགྱུར་གནས་པ་སྙོམས་འཇུག་སྦྱོར་བ་ཡི༔ མངོན་གྱུར་བསླངས་ནས་ཉོན་མོངས་ཏོལ་སྐྱེས་དུས༔ ཆགས་མཁན་ཆགས་ཡུལ་གྲུབ་པ་མེད་པའི་ངང་༔ སྣང་སྟོང་བདེན་མེད་གསལ་སྟོང་འཛིན་མེད་ངང་༔ བདེ་སྟོང་དབྱེར་མེད་ངང་དུ་ལྷོད་ལ་བཞག༔ དེས་ནི་འདོད་ཆགས་སྐྱེས་ཀྱང་ཡེ་ཤེས་ངང་༔ ཉམས་རྟོགས་མཐོ་དམན་སྦྱང་བ་དགའ་བཞིའི་གནད༔ སྦྱངས་པ་ཐ་མས་དགའ་བ་སྐྱེ་བའི་དུས༔ ཚོད་བཟུང་དགའ་བའི་ངང་ལ་བལྟ་ཞིང་སྦྱང་༔ སྦྱངས་པ་འབྲིང་གིས་མཆོག་དགའ་སྐྱེ་བའི་དུས༔ ཚོད་བཟུང་དགའ་བདེའི་ངང་ལ་བལྟ་ཞིང་སྦྱང་༔ སྦྱངས་བ་རབ་ཀྱིས་ལྷན་ཅིག་སྐྱེས་དགའི་ཚེ༔ བསྐྱིལ་ཞིང་དགའ་བདེའི་ངང་ལ་བལྟ་ཞིང་སྦྱང་༔ བྱང་སེམས་གཡོ་ཞིང་དགའ་བདེ་སྐྱེས་རྟགས་གནད༔ རྣལ་འབྱོར་སྟོབས་རྒྱས་རིག་མ་མཚན་ལྡན་མ༔ ཕན་ཚུན་ཤ་ལུས་རེག་ཙམ་རྡོ་རྗེ་ལངས༔ བྱང་སེམས་གཡོ་ཞིང་བདེ་བ་ལྷང་ལྷང་སྐྱེ༔ རྣལ་འབྱོར་སྟོབས་རྒྱས་རིག་མ་མཚན་འབྲིང་ལ༔ པདྨར་རྡོ་རྗེའི་རེག་ཙམ་ལངས་ཤིིང་ལྡང་༔ ལུས་འདར་སྤུ་གཟེང་དགའ་བདེའི་ཐིག་ལེ་གཡོ༔ དེ་དུས་མཁན་པོ་རྩད་བཅད་ངང་ལ་བཞག༔ རྣལ་འབྱོར་རྩ་ངན་རང་ལུས་ཡུན་ཐུང་ན༔ དེ་ལས་ཐལ་ན་འདས་འགྲོ་ཐལ་མི་གཞུག༔དེ་ཚོད་བཟུང་བ་བཟློག་བཀྲམ་ངང་ལ་བཞག༔ སྦྱངས་པ་འབྲིང་ནི་དེ་ལས་ཆེར་སྤྱོད་པས༔ རྡོ་རྗེ་པདྨར་ནུབ་ཅིང་བསྒུལ་བའི་ཚེ༔ རིག་མས་མ་བཟོད་ཆགས་པ་སྐྱེ་བའི་རྟགས༔ པདྨ་རློན་ལྗོག་དབུགས་རྒོད་སྐད་འགྱུར་ཞིང་༔ རྩ་དང་ལུས་ཀུན་སྦྲིད་གཡོ་དགའ་བ་སྐྱེ༔ དེ་ཡི་དུས་སུ་ཚོད་བཟུང་ངང་ལ་བཞག༔ སྦྱངས་པ་རབ་ཀྱིས་དེ་ལས་ཆེར་སྤྱོད་པས༔ ཐབས་ཤེས་གཉིས་ཀས་ཕན་ཚུན་བསྐྱོད་པ་ཡིས༔ ཟག་བཅས་བདེ་བ་གཡོ་ཚབས་ཆེར་འབྱུང་སྟེ༔ དེ་དུས་བདེ་བ་སྟོང་པ་གཉིས་བསྲེ་སྟེ༔ བདེ་སྟོང་ཀ་དག་ངང་ལ་ལྷན་ནེ་བཞག༔ དུས་གསུམ་རྣམ་རྟོག་འགགས་ཏེ་བརྗོད་མེད་ཉམས༔ བློ་འདས་དཔེ་དང་བྲལ་བའི་ཉམས་འཆར་ཏེ༔ འཇམ་དཔལ་མཚན་བརྗོད་ལས༔ ཡན་ལག་མེད་པའི་རྩེས་ལས་འདས༔ ཞེས་སོ༔ དེ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ༔ དེ་ངང་ཡུན་རིང་བཞག་ཅིང་ཐལ་མི་གཞུག༔ཐལ་ནས་ཉམས་པས་གཉེན་པོ་བཟུང་ཞིང་བསྐྱིལ༔ སྦྱངས་པ་རབ་འབྲིང་གསུམ་ཀ་ཐད་ཀ་ཡི༔ དགའ་བ་གསུམ་པོ་དེ་ལས་ཐལ་མི་གཞུག༔ དེ་ཀའི་ངང་ལ་ཡུན་རིང་ཅི་རིགས་བཞག༔ བདེ་བ་ཡལ་ནས་ཆུང་དུ་སོང་བ་ན༔ ཡང་ནི་སྤྱོད་ལ་བདེ་བ་སྦར་བར་བྱ༔ བདེ་བ་ལྷང་སྐྱེས་ཚོད་བཟུང་བསྐྱིལ་བར་བྱ༔ ཡང་དབབ་ཡང་བསྐྱིལ་ཡང་བཟུང་ཡང་བཟློག་བྱ༔ བསྐྱིལ་བའི་བདེ་བ་བསྐྱིལ་ཡུན་རིང་བ་གཅེས༔ དེ་ལ་ཡུན་དུ་སྦྱངས་པས་བརྟན་པའི་ཚད༔ ཚོགས་དྲུག་ཡུལ་སྣང་བདེ་བར་འཆར་བ་དང་༔ ཉིན་མཚན་ཕྲིལ་གྱིས་ཡབ་ཡུམ་གཉིས་ཀ་ལ༔ དགའ་བདེ་བརྗོད་དུ་མེད་པའི་ཉམས་འཆར་ཏེ༔ ཡུན་ནི་ཅི་ཙམ་འདོད་པ་བསྐྱིར་ཐུབ་ཚེ༔ དེ་ཚེ་རབ་ཀྱིས་ཆུ་བོའི་གཞུང་བཞིན་དུ༔ མཚན་ལྡན་བཙལ་ནས་ཉིན་མཚན་རྒྱུན་དུ་སྤྱད༔ དེ་ཡི་གཏན་ཚིགས་ལོངས་སྐུའི་སངས་རྒྱས་རྣམས༔ རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་ན༔ བདེ་བ་ཆེན་པོ་རྡོ་རྗེའི་ཏིང་འཛིན་བཞུགས༔ དེ་ཕྱིར་ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀུན༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་བཞུགས་པ་ཡིན༔ དེ་ལ་རྡོ་རྗེ་གསང་བའི་སྐུ་ཞེས་བྱ༔ འབྲིང་གིས་ཉིན་མཚན་དུས་དྲུག་བདེ་བ་སྤྱད༔ ཐ་མས་ཀྱང་ནི་ཉིན་མཚན་ཐུན་བཞི་རུ༔ མཚན་ལྡན་མ་དང་བདེ་བའི་ཉམས་སྐྱོང་ཞིང་༔ ཡང་མཐའ་ཉིན་མཚན་ལན་རེ་ཅིས་ཀྱང་སྤྱད༔ དེ་ཡི་ཐ་མལ་ཟླ་རེར་ལན་རེ་ནི༔ མཚན་ལྡན་པདྨར་མ་སྦྱར་དམ་ཚིག་ཉམས༔ དེ་ཡང་རྟེན་འབྲེལ་ཅིས་ཀྱང་མ་འགྲིགས་ན༔ལོ་རེའི་བར་དུ་ལན་རེ་ཅི་ནུས་ཀྱང་༔ དམ་ལས་མི་འགལ་ཕྱིར་ལ་རབ་ཏུ་བརྩལ༔ གཞན་ཡང་དམ་ལས་མི་འགལ་དོན་ཕྱིར་དུ༔ ཉིན་རེ་བུད་མེད་མཚན་ཉིད་ལྡན་པ་དང་༔ འཕྲད་པར་བྱ་ཞིང་ལྟ་དང་འཁྱུད་པ་དང་༔ བདེ་བའི་གླེང་མོ་བྱ་ཞིང་ཡིད་ཀྱིས་སྦྱོར༔ རྣལ་འབྱོར་གཟུགས་ངན་རིག་མ་མི་འདུ་ཞིང་༔ ཐབས་ལམ་བདེ་བ་སྐྱོངས་པའི་ཡུལ་མེད་ན༔ ཐ་མ་དུད་འགྲོ་ལ་ཡང་སྦྱོར་ཞེས་བཤད༔དེ་ཕྱིར་རྫས་སྔགས་དམིགས་པ་སྣ་ཚོགས་ཀྱིས༔ རིགས་བཟང་མཚན་ལྡན་བུད་མེད་མ་ལུས་པ༔ དབང་དུ་བསྡུ་ཞིང་བདེ་བའི་ཉམས་བསྐྱང་བྱ༔ གསང་སྔགས་ཐེག་ཆེན་ཉམས་སུ་ལེན་པ་ལ༔ འཇིག་རྟེན་པ་ལ་སྐྲག་ནས་ཚུལ་འཆོས་ན༔ བདུད་ཀྱི་བར་ཆན་ཡིན་པས་ཉམས་ལེན་གཅེས༔ ཚེ་འདིའི་བསྟོད་སྨད་ཡ་གའི་རིགས་རྣམས་ཀུན༔རྨི་ལམ་བྲག་ཅ་འདྲ་བས་ཡལ་བའི་རྒྱུ༔ སྲོག་ལ་བབས་ཀྱང་གཞན་ལུས་ཐབས་ལམ་སྐྱོངས༔ འོན་ཀྱང་བསྟན་པའི་དོན་དུ་གསང་བར་གཅེས༔ ཐབས་མཁས་པ་དང་སྒྲིབ་ཤིང་ལ་སོགས་པའི༔ གཞན་གྱིས་མ་ཚོར་གསང་ན་དངོས་གྲུབ་མྱུར༔ གཞན་ཡང་མཆོད་པའི་ནང་ནས་ཁྱད་པར་དུ༔ བདེ་བ་ཆེན་པོ་གསང་བའི་མཆོད་པ་འདི༔ ཕྱི་ནས་མཆོད་པས་ནམ་མཁའ་གང་བ་ལས༔ བདེ་ཆེན་ཉམས་ཀྱི་མཆོད་པ་སེ་གོལ་ཙམ༔ བསོད་ནམས་འབུམ་གྱི་ཆར་ཡང་མི་ཕོད་ཕྱིར༔ བདེ་བ་སྐྱོང་བའི་ཉམས་དེ་དཀོན་མཆོག་དང་༔བླ་མ་ཡི་དམ་དཔའ་བོ་ཊཱཀྐི་ལ༔ ནམ་མཁའ་གང་བར་དམིགས་ཏེ་ཕུལ་བར་བྱ༔ ཧྲཱིཿ བླ་མ་ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ༔ གཉིས་མེད་བདེ་ཆེན་གསང་མཆོད་འབུལ་བ་ནི༔ ཡབ་ཡུམ་གཉིས་མེད་སྦྱོར་བའི་མཁའ་གསང་ནས༔ བྱང་སེམས་དཀར་དམར་འདྲེས་པ་བདེ་བའི་མཆོག༔ བདེ་བའི་ཡེ་ཤེས་རོ་སྙོམས་མཆོད་པར་འབུལ༔ སྐུ་གསུང་ཐུགས་ཡོན་རྒྱས་ཕྱིར་བཞེས་སུ་གསོལ༔མ་ཧཱ་སུ་ཁ་ཛྙ་ན་པུ་ཛ་ཧོ༔ ཞེས་བརྗོད་བདེ་བའི་མཆོད་པ་དཔག་མེད་འབུལ༔ འཇམ་དཔལ་མཚན་བརྗོད་ལས༔ མཆོད་པ་ཆེན་པོ་ཆགས་པ་ཆེ་ཞེས་དང་། མཆོད་པ་ཆེན་པོ་འདོད་ཆགས་ཆེ༔ ཞེས་སོ། ། རྒྱལ་བ་མཉེས་པས་ཡོན་ཏན་བསམ་མི་ཁྱབ༔ གཞན་ཡང་རང་གི་བྱང་སེམས་བརྟན་པའི་ཚེ༔ བདེ་བ་ཆེན་པོས་སྦྱིན་པ་ཕྱོགས་མེད་བཏང་༔ ཕྱི་རོལ་དངོས་པོ་དཔག་མེད་སྦྱིན་པ་བས༔ རང་ལུས་བདེ་བའི་སྦྱིན་པ་ཁྱད་པར་འཕགས༔ བུད་མེད་མཆོག་དམན་འབྲིང་གསུམ་ཐམས་ཅད་ལ༔ ཞེན་མེད་བདེ་བའི་ཉམས་ཀྱིས་ཚིམ་པར་བྱ༔ ཞེན་ཅིང་ཆགས་ན་ལྟུང་བ་ཕོག་ཏ་རེ༔ འདོད་ཁམས་ཀྱིས་ནི་དགའ་བ་ཉམས་མྱོང་ལ༔ མི་དགའ་བ་ནི་གཅིག་ཀྱང་མེད་པའི་ཕྱིར༔ དེ་ཕྱིར་འཇམ་དཔལ་མཚན་བརྗོད་ལས༔ གསང་སྔགས་དོན་དུ་བསྐྱོད་པ་པོ༔ སྦྱིན་པ་ཆེན་པོ་གཙོ་བོ་སྟེ། །ཞེས་སོ། །ཕ་རོལ་དགའ་བདེ་སྦྱིན་པར་བྱ༔ དེ་ལྟར་དགའ་བཞིའི་ཉམས་མྱོང་རྟག་ཏུ་སྐྱོང་༔ དེ་རྗེས་ཡབ་ཡུམ་ཕན་ཚུན་གཟེངས་བསྟོད་བྱ༔ ཡབ་ཡུམ་བདེ་བའི་སྙོམས་འཇུག་རོལ་རྗེས་སུ༔ ཐོག་མར་ཡུམ་གྱིས་ཡབ་ལ་འདི་སྐད་བརྗོད༔ ཧོཿ ཁྱོད་ནི་དཔའ་བོ་བདེ་བའི་རྡོ་རྗེ་སྟེ༔ བདེ་བའི་གར་དབང་གསང་བའི་རྡོ་རྗེ་གསོར༔ རྡོ་རྗེ་རྩེ་ལ་ཁྲོ་གཉེར་བདེ་བ་འཕྲོ༔ བདེ་བའི་འབྱུང་གནས་དཔའ་བོ་ཁྱོད་ལ་བསྟོད༔ དེ་རྗེས་ཡབ་ཀྱིས་ཡུམ་ལ་འདི་བརྗོད་དེ༔ ཧཱུྃ་བླ་མེད་མཆོག་གི་བདེ་སྟེར་གསང་ཡུམ་ཁྱོད༔ བྷ་གའི་རྒྱས་རུབ་བདེ་ཆེན་མཁའ་འགྲོའི་རིགས༔ པདྨ་ཟེའུ་འབྲུ་བདེ་མཆོག་བདེ་གཤེགས་རིགས༔ ཁྱོད་ལ་རེག་པས་བདེ་ཆེན་ཚེ་འདིར་ཐོབ༔ དྲན་དང་བསྟེན་པའི་བདེ་ཆེན་མཆོག་ལ་སྦྱོར༔ ཕྱག་འཚལ་གསང་ཡུམ་བདེ་སྟེར་ཁྱོད་ལའོ༔ ཞེས་བསྟོད་ཡབ་ཡུམ་གཟེངས་བསྟོད་རྩེ་གདུང་བྱ༔ དེ་ནས་རྗེས་སུ་དགེ་བ་བསྔོ་བ་ནི༔ ཧོཿརང་ལུས་བདེ་ཆེན་ལྷ་ཡི་ཕོ་བྲང་ལ༔སྣང་སྟོང་བདེ་བའི་གར་མཆོད་འདི་ཕུལ་བས༔ ཕུང་ཁམས་ལྷ་དང་ལྷ་མོ་མཉེས་པའི་མཐུས༔ ཉོན་མོངས་གདུང་བས་བསྲེགས་པའི་ཚོགས་གྲོལ་ནས༔ ཚེ་གཅིག་ལུས་གཅིག་ཟག་མེད་བདེ་བ་ཐོབ༔ བདེ་ཆེན་སྐུ་གསུམ་ཞིང་ལ་སྤྱོད་པར་ཤོག༔ ཅེས་པས་བདེ་ཆེན་སྐུ་གསུམ་ཞིང་དུ་བསྔོ༔ དེ་ནས་བདེ་བ་ཆེན་པོའི་སྨོན་ལམ་ནི༔ བདེ་ཆེན་མཆོག་བརྙེས་བླ་མའི་སྤྱན་སྔ་རུ༔ འགྲོ་ཀུན་བསྒྲལ་འདོད་བདེ་བ་བསམ་པ་ཡིས༔ རིག་འཛིན་བླ་མེད་ཐེག་པའི་སྒོར་ཞུགས་ནས༔ སྐྱེ་བོ་མུ་སྟེགས་ཉན་རང་རབ་སྤངས་ཏེ༔ ལམ་མཆོག་བླ་མེད་བདེ་བ་བསྒོམ་པ་ལ༔གཟུགས་ཅན་མི་དང་གཟུགས་མེད་ལྷ་འདྲེ་དང་༔ ལས་དང་རྐྱེན་གྱི་བར་ཆོད་བགེགས་གྲོལ་ནས༔ བདག་གི་ལས་ཀྱི་མུ་ཏྲས་གཙོར་བྱས་པའི༔ ཁམས་གསུམ་རིགས་དྲུག་ཕ་མ་སེམས་ཅན་རྣམས༔ དགའ་བདེ་རབ་འབྱམས་ཞིང་ལ་སྤྱོད་པར་ཤོག༔ ཅེས་པས་བསྔོ་བ་སྨོན་ལམ་རྒྱས་གདབ་ཅིང་༔ རྗེས་ལ་དམ་ཚིག་ཐིག་ལེ་མ་ཉམས་སྤེལ༔ཁྱད་པར་གཞན་ལུས་མཚན་ལྡན་སྦྱོར་ལ་བརྩོན༔ བུད་མེད་རིགས་གྱུར་ཀུན་ལ་མི་སྨད་བསྟོད༔ དེ་རྣམས་ཐབས་ལམ་གཞན་ལུས་བསྟེན་པ་ཡི༔ གདམས་པའི་མན་ངག་རིན་ཆེན་གཏེར་གྱི་བཅུད༔ སྐྱེས་བུ་སྐལ་ལྡན་ཅིག་དང་འཕྲད་པར་ཤོག༔ འཕྲད་ནས་འགྲོ་ཀུན་འདི་ཡིས་གྲོལ་བར་ཤོག༔ སཱ་མཱ་ཡཱ༔ རྒྱ་རྒྱ་རྒྱ༔ འདིར་རིགས་རྒྱུད་བཞག་ཐབས་དང་༔ མངལ་སྒོ་དགག་པའི་གདམས་པ་ལ་སོགས་པ་རྣམས་ནི་གུད་དུ་གསལ་ལོ༔ དེ་ནས་བདེ་བ་ལམ་ཁྱེར་རྣལ་འབྱོར་པས༔ ཐམས་ལམ་བདེ་བའི་དམ་ཚིགས་བསྟན་པ་ནི༔ ལུས་ཀྱི་དམ་ཚིག་དྲག་ཤུལ་སྤྱོད་པ་དང་༔ དུས་མིན་འགྲོ་འཆག་ཉིན་གཉིད་མཚན་འགྲོས་སྤང་༔ མེ་དང་ཉི་མ་རླུང་སྒོར་ཡུན་རིང་དུ༔ སྡོད་པར་མི་བྱ་རྐང་ལག་ཆུར་འཇུག་སྤང་༔ གནས་ཀྱི་དམ་ཚིག་ཁང་ཧྲུལ་གྲིབ་ཅན་དང་༔ མང་པོའི་ཁྲོད་དང་གཡེང་བ་འདུ་འཛིའི་གྲོང་༔ ཚ་གྲང་མི་སྙོམས་ཡུལ་དེ་སྤང་བར་བྱ༔ ཟས་ཀྱི་དམ་ཚིག་སྒོག་བཙོང་སྔོ་རྔ་དང་༔ ལན་ཚྭ་མར་ནག་ཤ་རུལ་ཆང་སྐྱུར་དང་༔ གཡོར་ཆུ་བཅུད་མེད་ཟས་ཀྱི་རིགས་རྣམས་སྤང་༔ གྲོགས་ཀྱི་དམ་ཚིག་དམ་ཉམས་གྲིབ་ཅན་དང་༔ ལོག་ལྟ་ཅན་དང་མཚན་ངན་ཕྱག་རྒྱ་དང་༔ མིག་སེར་ཅན་དང་བློ་ཆུང་ཐེག་དམན་སྤངས༔ ངག་གི་དམ་ཚིག་གསང་སྔགས་ཐབས་ལམ་ཆོས༔ སྣོད་མིན་བློ་ཆུང་རྣམས་ལ་མི་བཤད་གསང་༔ རང་གི་ཉམས་རྟོག་གཞན་ལ་མི་བཤད་གསང་༔ ཡིད་ཀྱི་དམ་ཚིག་ཐ་མལ་ཉོན་མོངས་དང་༔ དུག་ལྔ་འཁྲུལ་སྣང་མཚན་མའི་རྣམ་རྟོག་སྤངས༔ གཞན་ཡང་ཐིག་ལེ་ཉམས་པར་མི་བྱ་སྤེལ༔ བརྟན་ཅིང་བདེ་སྟོང་དབྱེར་མེད་བསྲེ་བ་གཅེས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་ཐིག་ལེའི་གེགས་སེལ་བསྟན་པ་ནི༔ ཐིག་ལེ་ལུས་ལ་མ་ཁྲེམས་འགྲེལ་བའམ༔ རུལ་ལམ་བམ་དང་སྐེམས་པའི་གེགས་ཀྱིས་ནི༔ ཤ་མདངས་བར་དུ་བྱེར་ནས་སྐྱ་སོབ་འབྱུང་༔ནད་བྷ་ག་འགྲེལ་ལམ་བྱེདརྩ་ཡི་གེའི་གཟུགས་སུ་བྱེར་རམ་འགྲེལ༔ དེ་ལ་འཁྲུལ་སྣང་སྣ་ཚོགས་འཆར་བ་འོང་༔ ཕྱི་རུ་ཁོལ་བུར་འགྲེམ་ན་འབྲི་མར་གྱིས༔ སྐུ་མཉེས་བྱ་ཞིང་བཀྲམ་པས་སེལ་བ་ཡིན༔ རྩ་ཡི་ནད་ལ་འཁོར་ལོ་ལྔ་པོ་རུ༔ བདེ་སྟོང་དབྱེར་མེད་བསྒོམ་ཞིང་བཀྲི་བས་སེལ༔ སྟོད་དུ་འགྲེལ་ན་གཏུམ་མོ་འབར་འཛག་སེལ༔སྨད་དུ་འགྲེལ་ལམ་མཁར་ན་མཚན་ལྡན་མའི༔ སྲིད་མི་འབྱུང་དུས་བྷ་གར་ལྷ་ཚོགས་བསྒོམ༔ མཆོད་པའི་ཚུལ་དུ་ཐིག་ལེ་བཏང་བས་སེལ༔ མགོ་བོ་ན་ཞིང་སྐྲད་དང་ལྕི་བ་དང་༔ ཁོལ་བ་བྱུང་ན་བདེ་བ་ཐོབ་པའི་རྟགས༔ དེ་ལ་སྣུམ་ཕུར་རླུང་བཟུང་མགོ་བོ་སྤྲུགས༔ དམིགས་པ་རྒྱ་མཚོ་མཐིལ་གཏད་འབེབས་བྱས་སེལ༔ རོ་སྟོད་ན་ན་བསིག་ཅིང་སྤྲུགས་པར་བྱ༔ རོ་སྨད་ན་ན་བསྐོར་ཞིང་སྡིག་པར་བྱ༔ ཡན་ལག་ན་ན་མཉེ་ཞིང་སྤྲུགས་པར་བྱ༔ ལུས་པོ་ཁོལ་རྩེར་སྐྲད་དང་ཐོར་བ་དང་༔ འབྲམ་བུ་ཤུ་བ་བྱུང་ན་འབྲེལ་བའི་རྟགས༔ དེ་ལ་བླ་མའི་གསང་ཆབ་ན་ཆུང་ཆུ༔ ཐལ་ཆེན་ཞུན་ཆེན་ཕག་ཚུལ་སྙིང་པར་སྦྱར༔གར་ནའི་ས་དེར་ཕུར་ཞིང་མཉེས་པས་སེལ༔ ལུས་པོ་བརྩེད་ཅིང་ཟ་དང་སྦྲིད་པ་དང་༔ གཡའ་ཞིང་ཚ་བ་ལ་སོགས་བྱུང་གྱུར་ན༔ བདེ་བ་ཤ་ལྤགས་མཚམས་སུ་རྒྱས་པའི་རྟགས༔ དེ་ལ་ཞོ་ཤ་འབྲི་མར་རྙིང་པ་དང་༔ སྦྲང་རྩི་རྒོད་ཀྱི་མཁྲིས་པ་འགྲོན་བུ་དང་༔ དུད་མོར་བསྲེགས་པའི་ཐལ་བ་དང་སྦྱར་ནས༔ བུ་མོ་གཙང་མས་མགོ་ལུས་མེད་པར་འཕུར༔ ལུས་ཀུན་བསིག་ཅིང་སེང་གེའི་རྩལ་སྤྲུགས་བྱ༔དྲི་ཆུ་མ་ཐོན་ཐིག་ལེ་མཁར་བ་ལ༔ གཡེར་མ་ལྕུ་བའི་འབྲུ་གུ་ལྕམ་འབྲུ་དང་༔ དེ་རྣམས་བསྐོལ་ཐང་བཏང་བས་སེལ་བ་ཡིན༔ རྡོ་རྗེ་རྒྱུན་དུ་ལངས་ནས་མ་ཐུབ་ན༔བ་དམར་མཆན་ཁར་རྡོ་རྗེ་རག་རག་བྱ༔ ཕྱག་རྒྱ་མ་ཡི་ལག་པས་བཞོས་པས་སེལ༔ ཐིག་ལེ་འཕེལ་དུ་མ་ཐུབ་རྡོ་རྗེ་ནི༔ ལས་སུ་མ་རུངས་ལངས་སུ་མ་ཐུབ་ན༔ ད་བྱིད་ཤ་སྦྱོར་དབང་ལག་བཅུད་ལེན་དང་༔ ཐིག་ལེ་འཕེལ་བའི་བཅུད་སྦྱོར་འབད་པར་བྱ༔ ཐིག་ལེ་འཆོར་བའི་རྐྱེན་ལ་རྣམ་པ་བརྒྱད༔ བདེ་བ་རྒྱས་ཤིང་གང་བས་འཆོར་བ་དང་༔ ཕ་རོལ་རྐྱེན་སྣང་ཆགས་པས་འཆོར་བ་དང་༔ བཅུད་མེད་ཁ་ཟས་མ་འཕྲོད་འཆོར་བ་དང་༔ གྲང་བའི་ནད་གཞིས་འཆོར་དང་གདོན་གྱིས་འཆོར༔ སྤྱོད་ལམ་གྱིས་འཆོར་བྱིན་རླབས་ཉམས་པས་འཆོར༔ དམ་ཚིག་ཉམས་པས་འཆོར་དང་བརྒྱད་དུ་བསྟན༔ དང་པོ་བདེ་བ་གང་དུས་འཆོར་བ་ནི༔ བདེ་བ་རྒྱས་ནས་འཆོར་བར་སྲུང་བ་ནི༔ དར་དང་རས་སམ་གང་ཡང་རུང་བ་ཡི༔ སྐུད་པས་རྡོ་རྗེའི་མགུལ་བཅིངས་ནེའུ་ལེའི༔ རྒྱུས་པས་སྲིན་ལག་བསྡོམས་ཤིང་རྐང་པ་གཉིས༔ གཡས་གཡོན་དྲག་ཏུ་སྤྲུག་ཅིང་བརྡབས་པ་དང་༔ ཁོང་འདྲེན་ཡང་ཡང་བྱ་ཞིང་བཀྲམ་པས་སེལ༔ ཕ་རོལ་རྐྱེན་སྣང་ཆགས་པས་འཆོར་བ་ནི༔ བུད་མེད་མཛེས་མ་རང་དང་མཛའ་བ་སོགས༔མཐོང་དང་དྲན་པས་འཆོར་ན་བུད་མེད་དེ༔ མཛེ་མོ་ལ་སོགས་མི་སྡུག་བསྒོམ་པར་བྱ༔ རྡོ་རྗེ་བུ་གར་ཕཊཿཀྱིས་བཀག་ནས་ཀྱང་༔ ཧཱུྃ་གིས་གྱེན་དུ་ཡང་ཡང་འདྲེན་ཅིང་བཀྲམ༔ ཟས་མ་འཕྲོད་པས་འཆོར་ན་བཅུད་ལེན་བསྟེན༔ ད་བྱིད་ལ་སོགས་ཤ་སྦྱོར་བསྟེན་བྱས་ཤིང་༔ ཚྭ་དང་བསྔོ་རྔད་རུ་སྐྱུར་སྤངས་བས་སེལ༔ གྲང་བ་དང་ནི་ནད་གཞིས་འཆོར་ནས་ནི༔ ཆུ་དང་བསྔངས་ཤིང་འཛག་དང་མ་ཚོར་འཛག༔ དེ་ལ་བཅུད་ཆེན་དྲོད་ལྡན་ཟས་བསྟེན་ཅིིང་༔ གཅན་གཟན་པགས་པ་རྐེད་པར་དཀྲིས་བར་བྱ༔ ཚ་བ་གསུམ་གྱི་བྱེ་མ་ཡུན་དུ་བསྟེན༔ ཨ་རུ་འོ་མར་སྦང་ཞིང་མུར་བར་བྱ༔གྲུ་མས་སླེབ་ཚད་ས་རུ་མེ་བཙའ་གདབ༔ ཉིན་གཉིད་གྲང་བའི་ལས་སྤངས་སེལ་བ་ཡིན༔ གདོན་གྱིས་འཆོར་ན་རྨི་ལམ་ནང་དུ་འཆོར༔ ཡུངས་དཀར་རྒྱལ་པོ་བསྲེགས་པའི་ཐལ་བ་དང་༔ གུ་གུལ་ནག་པོ་པདྨ་རཀྟ་དང་༔ མི་ཡི་ཀླད་པ་བཞི་བསྲོས་གསང་བར་བྱུགས༔ ཡང་ན་སྐུད་པ་ནག་པོ་ཁྲོ་བོ་ཡིས༔ དྲག་སྔགས་མང་དུ་བཟླས་ཤིང་བཏགས་ན་ཐུབ༔ ཡང་ན་རྡོ་རྗེ་མེ་རུ་བསྒོམས་པས་སེལ༔ སྤྱོད་ལམ་འཆོར་བ་ཉལ་ཐབས་མ་ལེགས་དང་༔སྨྲེ་སྔགས་དྲག་པོ་མཚན་འགྲོས་དྲག་པོ་དང་༔ དྲག་རྩལ་ཕྱུང་བའི་ལས་ཀྱི་འཆོར་བ་སྟེ༔ དེ་ལ་སྤྱོད་ལམ་བཏང་སྙོམས་གནས་པ་དང་༔ རླུང་བསྒོམ་འཁྲུལ་འཁོར་ལུས་སྦྱང་བྱས་པས་སེལ༔ བྱིན་རླབས་ཉམས་པས་འཆོར་བའི་ཐིག་ལེ་ནི༔ མ་ཚོར་ཁ་ཆུ་འཛག་པར་འགྱུར་བ་སྟེ༔ དེ་ལ་སྐྱབས་འགྲོ་སེམས་བསྐྱེད་བརྒྱ་ཚར་བྱ༔ བསྐྱེད་རྫོགས་བསྙེན་སྒྲུབ་འབད་པས་སེལ་བ་ཡིན༔ བརྒྱད་པ་དམ་ཚིག་ཉམས་པས་འཆོར་བ་ནི༔ དང་པོ་མི་ཕེབས་ཕེབས་ནས་བཟློག་མི་བཏུབ༔ དེ་ལ་དབང་དང་བྱིན་རླབས་གཞི་ནས་བསྐྱར༔ བསྐང་བཤགས་ཉམས་ཆགས་རང་གྲོལ་འབད་པས་སེལ༔ གཞན་ཡང་སྔགས་དང་རྟེན་འབྲེལ་ཞལ་ལ་དྲིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བདེ་ཆེན་ཐིག་ལེའི་བོགས་འདོན་ནི༔ དང་པོ་རང་བཞིན་འཕེལ་བའི་ཐིག་ལེ་དང་༔ བོགས་འདོན་རྐྱེན་གྱིས་འཕེལ་བའི་ཐིག་ལེའོ༔ དང་པོ་རང་བཞིན་འཕེལ་བའི་ཐིག་ལེ་ནི༔ འབྱུང་བཞིའི་དངས་མ་རྒྱུ་ཡི་ཐིག་ལེ་དེ༔ ཚེས་གཅིག་ནས་ནི་རིམ་གྱིས་ཡར་འཕེལ་ཏེ༔ གསང་བའི་གནས་སུ་བདེ་བའི་ཁམས་རྒྱས་འགྱུར༔ དེ་ལ་དམིགས་པ་འདི་ལྟར་བོགས་འདོན་བྱ༔ གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་མདུད་དབུས༔ ལས་ཀྱི་ཊཱཀྐི་ཡབ་ཡུམ་སྦྱོར་བ་མཛད༔ སྦྱོར་བའི་མཚམས་ནས་བདེ་བའི་རྒྱུན་བྱུང་ནས༔ གསང་བའི་རྩ་གནས་རྩ་མིག་ཐམས་ཅད་ལ༔ བྱང་སེམས་བདེ་བས་ལུས་ཀུན་ཁྱབ་པར་བསྒོམ༔ དེ་ནི་འབྱུང་བ་མི་འཁྲུགས་ནད་མི་འབྱུང་༔ དངས་མ་རྒྱས་པས་བདེ་སྟོང་ཏིང་འཛིན་འཕེལ༔ ཟོ་མདོག་བཟང་ཞིང་ཡིད་འོང་རྒས་སྲའོ༔ དེ་ནས་ཚེས་བཞིའི་བར་དུ་ལྟེ་བ་རུ༔ དངས་མ་འཕེལ་ཞིང་རྒྱས་པས་བོགས་འདོན་ནི༔ ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་མདུད་དབུས༔རཏྣ་ཊཱཀྐི་ཡབ་ཡུམ་སྦྱོར་བ་མཛད༔ དངས་མ་བདེ་བས་ལུས་ཀུན་ཁྱབ་པར་བསྒོམ༔ ཚེས་བརྒྱད་དུས་སུ་སྙིང་གར་ཐིག་ལེ་རྒྱས༔ དེ་རུ་རྡོ་རྗེ་ཊཱ་ཀྐི་ཡབ་ཡུམ་གཉིས༔ སྦྱོར་བ་མཛད་པས་བདེ་བ་ཁྱབ་པར་བསྒོམ༔ ཚེས་བཅུའི་དུས་སུ་མགྲིན་པར་ཐིག་ལེ་རྒྱས༔ དེ་རུ་པདྨ་ཊཱཀྐི་ཡབ་ཡུམ་གཉིས༔ སྦྱོར་བ་མཛད་པས་ལུས་ཀུན་ཁྱབ་པར་བསྒོམ༔ བཅོ་ལྔའི་དུས་སུ་སྤྱི་གཙུག་ཐིག་ལེ་རྒྱས༔ དེ་རུ་སངས་རྒྱས་ཊཱཀྐི་ཡབ་ཡུམ་གཉིས༔ སྦྱོར་བ་མཛད་པས་བདེ་བས་ལུས་ཁྱབ་བསྒོམ༔ བདེ་བའི་ཁམས་རྣམས་སྤྱི་གཙུག་རྒྱས་པ་ཡིས༔ བསོད་ནམས་ཚོགས་གཉིས་ཅི་བསགས་དེ་དུས་འཕེལ༔ བདེ་བས་ཁམས་རྒྱས་གཏར་སྲེག་མི་བྱའོ༔ དེ་དུས་བྱང་སེམས་དཔང་དུ་མི་རུང་ངོ་༔ དེ་ཚེ་སྤྱི་བོ་མཐེབ་གད་སྐྲ་བཞར་བས༔ ཏིལ་མར་གླ་རྩི་ཙན་དན་བསྲེས་ནས་བྱུགས༔ བསྐུ་མཉེ་བྱས་པས་ལུས་ཀྱི་འབྱུང་བ་སྙོམས༔ འབྱུང་བ་མི་འཁྲུགས་ནད་རྣམས་མི་འབྱུང་ངོ་༔ དེ་ལྟར་མ་བྱས་དངས་མ་རྒྱས་གྱུར་ཡང་༔ འབྱུང་བ་སྙོམས་པ་ཤེས་པས་འཁྲུགས་ནས་སུ༔ དངས་མ་མ་སྙོམས་ནད་རྣམས་སྐྱེད་པར་བྱེད༔དེ་ཕྱིར་གདམས་པའི་གནད་འདི་ཤིན་ཏུ་ཟབ༔ ཟླ་བའི་མར་ངོ་དངས་མ་མར་ལ་འཕེལ༔ བཅུ་དགུའིི་དུས་སུ་མགྲིན་པར་དྭངས་མ་རྒྱས༔ ཉེར་གཉིས་དུས་སུ་སྙིང་ཁར་དྭངས་མ་རྒྱས༔ ཉེར་ལྔའི་དུས་སུ་ལྟེ་བར་དངས་མ་རྒྱས༔ གནམ་སྟོང་གསང་གནས་རྐང་མཐིལ་དངས་མ་རྒྱས༔ དེ་དུས་བོགས་འདོན་གོང་ལྟར་བསྒོམ་པར་བྱ༔ འབྲུ་མར་སྣ་ཚོགས་སྦྲང་རྩི་ཛཱ་ཏི་ཡི༔ འདི་གུསདེ་དུས་རྐང་མཐིལ་བྱུག་ཅིང་ཉི་མར་སྲོ༔ དེས་ནི་འབྱུང་བ་མི་འཁྲུགས་ནད་མི་འབྱུང་༔ དངས་མ་འཕེལ་བས་ཁམས་རྒྱས་དགེ་སྦྱོར་འཕེལ༔ བདེ་སྟོང་ཉམས་སྐྱེ་ཕྱག་རྒྱ་བསྟེན་དུ་རུང་༔ དེ་ནི་དངས་མ་རིམ་གྱིས་འཕེལ་བ་ལ༔ རྐྱེན་ནི་བོགས་འདོན་ཁ་ཚར་བཏགས་པའོ༔ གཞན་ཡང་བདེ་བའི་བོགས་འདོན་འདི་ལྟར་བྱ༔ བཅུད་ཆེན་ཟས་དང་ཤ་སྦྱོར་བཅུད་ལེན་གྱིས༔ བདེ་བ་ཐིག་ལེ་འཕེལ་བའི་བོགས་འདོན་བྱ༔ མཚན་ལྡན་ཕྱག་རྒྱ་གཞོན་ནུ་མ་བསྟེན་ནས༔ ཐིག་ལེ་དབབ་བསྐྱིལ་བཟློག་བཀྲམ་བོགས་འདོན་བྱ༔ རླུང་དང་འཁྲུལ་འཁོར་དམིགས་པ་སྣ་ཚོགས་ཀྱིས༔ ཐིག་ལེའི་གེགས་རྣམས་སེལ་ཞིང་བོགས་འདོན་བྱ༔ དམ་ཚིག་གཅིག་པའི་ཉམས་མྱོང་ཅན་གྱི་གྲོགས༔ བདེ་བའི་ཉམས་སུ་བསྡུར་ཞིང་བོགས་འདོན་བྱ༔ བླ་མའི་དྲུང་དུ་ཉམས་མྱོང་གདར་ཤ་བཅད༔ ཉམས་མྱོང་མོས་གུས་དྲག་པོས་བོགས་འདོན་བྱ༔ ཚོགས་ཀྱི་མཆོད་པས་ཉམས་མྱོང་བོགས་འདོན་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བདེ་བའི་འཆང་ཚུལ་བསྟན་པ་དང་༔ བདེ་བ་ཆེན་པོའི་ངོ་སྤྲོད་བསྟན་པ་ནི༔ དང་པོ་ཕྱག་རྒྱ་དང་ནི་སྙོམས་འཇུག་ནས༔ དལ་བུས་སྤྱོད་པས་སྤྱི་བོའི་དངས་མ་གཡོ༔མགྲིན་པར་བབས་པས་ལུས་ཀྱང་བདེ་ལྷང་འགྲོ༔ དེ་ནི་དགའ་བཞིའི་ནང་ནས་དགའ་བའོ༔ ཕྱི་རོལ་རྣམ་རྟོག་རབ་རིབ་རབ་ཡངས་བས༔ ཐེག་པ་དགུ་ལས་ཉན་རང་གྲུབ་མཐའ་སྙོག༔ དེ་ནས་དངས་མ་སྙིང་ཁར་སླེབ་པ་དང་༔ གང་བས་བདེ་བ་ཇེ་ཆེར་འཕེལ་བ་སྟེ༔ དགའ་བཞིའི་ནང་ནས་མཆོག་ཏུ་དགའ་བའོ༔ དེ་ནི་བདག་ཏུ་འཛིན་པའི་རྣམ་རྟོག་སྤངས༔ ཐེག་པ་དགུ་ལས་བྱང་སེམས་གྲུབ་མཐའ་སྙོག༔ དེ་ནས་དངས་མ་ལྟེ་བར་སླེབས་པ་དང་༔ ལུས་ཀུན་བདེ་བ་རྒྱས་ནས་བྱུང་བ་སྟེ༔ དགའ་བ་བཞི་ལས་དགའ་བྲལ་དགའ་བའོ༔ དེ་ནི་ཕྱག་རྒྱས་འཛིན་པ་རྣམ་རྟོག་སྤངས༔ ཐེག་པ་དགུ་ལས་སྔགས་ཀྱི་གྲུབ་མཐའ་སྙོག༔ དེ་ནས་དངས་མ་གསང་བར་སླེབ་པ་དང་༔ བདེ་ལ་རྟོག་པ་མེད་པས་ཉམས་མྱོང་འབྱུང་༔ དགའ་བ་བཞི་ལས་ལྷན་ཅིག་སྐྱེས་དགའོ༔ དགའ་བ་གསུམ་དུ་འཛིན་པའི་རྟོག་པ་སྤངས༔ གསང་བ་བླ་ན་མེད་པ་གྲུབ་མཐའ་སྙོག༔ ཡང་ནི་བདེ་བ་ལམ་ལྔར་ངོ་སྤྲད་ན༔ སེམས་བསྐྱེད་ལྷ་རུ་བསྐྱེད་པ་ཚོགས་ལམ་ཡིན༔ ཡབ་ཡུམ་སྦྱོར་བ་བྱེད་པ་སྦྱོར་ལམ་ཡིན༔ དགའ་བཞིས་ཡེ་ཤེས་མཐོང་བས་མཐོང་ལམ་ཡིན༔ དེ་ཡི་རྗེས་ཤེས་བརྐྱངས་པས་བསྒོམ་ལམ་ཡིན༔ བདེ་སྟོང་ཡེ་ཤེས་མངོན་དུ་གྱུར་པའི་ཚེ༔ མཐར་ཕྱིན་པ་ཡི་ལམ་སྟེ་ལམ་ལྔའོ༔ བདེ་བ་ཕར་ཕྱིན་དྲུག་དང་ངོ་སྤྲད་ན༔ ཡབ་ཡུམ་ལྷར་བསྐྱེད་བདེ་བའི་མཆོད་འབུལ་ནི༔ ཚོགས་གཉིས་རྫོགས་པས་སྦྱིན་པའི་ཕ་རོལ་ཕྱིན༔ སྦྱོར་བ་བྱིང་ཚེ་ལེ་ལོ་མེད་པ་ཡིས༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས་པའོ༔ བདེ་སྟོང་ཡེ་ཤེས་ངང་ལ་སེམས་གནས་པས༔ བསམ་གཏན་ཕ་རོལ་ཕྱིན་པ་རྫོགས་པའོ༔ ཐིག་ལེ་མ་ཉམས་གཉེན་པོས་བསྲུང་ཞིང་བཟློག༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས་པའོ༔ བདེ་སྟོང་ཡེ་ཤེས་ངང་ལ་སེམས་གནས་པས༔ སྣང་བ་ཐམས་ཅད་བདེ་བར་ཤར་བའི་ཚེ༔ ཁོང་ཁྲོ་མེད་པ་བཟོད་པའི་ཕར་ཕྱིན་རྫོགས༔ བདེ་སྟོང་ཡེ་ཤེས་ལྟ་བ་མཐར་ཕྱིན་པས༔ ཤེས་རབ་ཕ་རོལ་ཕྱིན་དང་དྲུག་རྫོགས་སོ༔ ཡང་ན་བདེ་བ་དབང་བཞི་དང་སྦྱར་ན༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པ་བུམ་པའི་དབང་༔ མཁའ་གསང་སྦྱོར་བ་བྱེད་པ་གསང་བའི་དབང་༔ བདེ་སྟོང་ཉམས་མྱོང་ཤེས་རབ་ཡེ་ཤེས་དབང་༔ དགའ་བདེར་བརྗོད་མེད་མྱོང་བ་བཞི་པའི་དབང་༔ ཡང་ན་བདེ་བ་ས་བཅུ་དང་སྦྱར་ན༔ དང་པོ་ཕྱག་རྒྱ་མཐོང་བ་དགའ་བ་སྐྱེ༔ དང་པོ་རབ་ཏུ་དགའ་བའི་ས་ཡིན་ནོ༔ ཡབ་ཡུམ་ལྷ་སྐུ་སྒྱུ་མ་ལྟ་བུར་བསྐྱེད༔ ཐ་མལ་དྲི་མ་མེད་པས་དྲི་མེད་དང་༔ སྦྱོར་བ་བྱས་པའི་ཐིག་ལེ་རྩ་ནང་ནས༔ གཡོ་ཞིང་འགྲོ་བས་གསུམ་པ་འོད་འབྱེད་པ༔ དེ་ལ་སྤྱོད་པས་ཐིག་ལེ་དྲག་པོ་གཡོས༔ བདེ་བ་དྲག་ཏུ་འཕྲོ་བ་འོད་འཕྲོའི་ས༔ ཐིག་ལེ་གསང་གནས་རྫོགས་ནས་བཟུང་དཀའ་བས༔ ཟིན་པས་ལྔ་བ་སྤྱད་དཀའི་ས་ཡིན་ནོ༔ ཐིག་ལེ་བསྐྱིལ་ནས་བདེ་བ་ཉམས་མྱོང་ནས༔ བདེ་བ་མངོན་དུ་གྱུར་ནས་མངོན་གྱུར་པ༔ དེ་ནས་ཐིག་ལེ་རྩ་ལ་བཟློག་ཅིང་ཁྲེམས༔ བདུན་པ་རིང་དུ་སོང་བའི་ས་ཡིན་ནོ༔ དེ་ནས་བློ་བྲལ་ངང་དུ་ལྷན་ནེ་གནས༔ བརྒྱད་པ་མི་གཡོ་པ་ཡི་ས་ཡིན་ནོ༔ དེ་ལ་མྱོང་བ་མངོན་དུ་གྱུར་བ་ནི༔ དགུ་བ་ལེགས་པའི་བློ་གྲོས་ས་ཡིན་ནོ༔ སྣང་བ་གང་ཤར་བདེ་སྟོང་ཆེན་པོར་གྲོལ༔ བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཡིན་ནོ༔ བདེ་བ་འབྱུང་བ་ལྔ་ལ་ངོ་སྤྲད་ན༔ པདྨ་རྡོ་རྗེ་དངོས་སུ་གྲུབ་པ་དང་༔ རེག་ཅིང་ཐོག་པ་ས་ཡི་ཁམས་ཡིན་ནོ༔ གཡོ་ཞིང་བསྐྱོད་པ་རླུང་གི་ཁམས་ཡིན་ནོ༔ བྱང་སེམས་དཀར་དམར་རླན་པ་ཆུ་ཡི་ཁམས༔ སྤྱོད་པས་དྲོད་འབྱུང་མེ་ཡི་ཁམས་ཡིན་ནོ༔ དེ་རྣམས་ཐམས་ཅད་ཐ་མར་མི་རྟག་ཅིང་༔ རང་བཞིན་མེད་པས་ནམ་མཁའི་ཁམས་ཡིན་ནོ༔ བདེ་བ་འབྱུང་མཆོག་ལྔ་རུ་ངོ་སྤྲད་ན༔པདྨ་རྡོ་རྗེ་སྲ་བ་སངས་རྒྱས་སྤྱན༔ གཡོ་ཞིང་སྤྱོད་པ་དམ་ཚིག་སྒྲོལ་མ་ཡིན༔ སྤྱོད་པས་དྲོད་འབྱུང་ན་བཟའ་དཀར་མོ་ཡིན༔ ཐིག་ལེ་བབ་པ་མཱ་མ་ཀཱི་ཡིན་ནོ༔ རང་བཞིན་མེད་པ་ནམ་མཁའི་དབྱིངས་ཕྱུག་མའོ༔ ཡང་ནི་བདེ་བ་སྐུར་ལྔར་ངོ་སྤྲད་ན༔ ཡབ་ཡུམ་སྦྱོར་བ་བྱེད་པ་སྤྲུལ་སྐུའོ༔ ཡབ་ཡུམ་ལྷ་སྐུར་བསྐྱེད་པ་ལོངས་སྐུ་ཡིན༔ བདེ་སྟོང་ཉམས་མྱོང་འཆར་བ་ཆོས་ཀྱི་སྐུ༔ ངོ་བོ་འཛིན་པ་གྲོལ་བ་ངོ་བོ་ཉིད༔ བདེ་སྟོང་དབྱེར་མེད་མངོན་པར་བྱང་ཆུབ་སྐུ༔ ཡང་ནི་བདེ་བ་རིགས་ལྔར་ངོ་སྤྲད་ན༔ ངོ་བོ་འགྱུར་བ་མེད་པ་རྡོ་རྗེའི་རིགས༔ ཆགས་སེམས་དག་པས་པདྨའི་རིགས་ཡིན་ནོ༔ ཡོན་ཏན་འབྱུང་བས་རིན་པོ་ཆེ་ཡི་རིགས༔ ཕྲིན་ལས་སྣ་ཚོགས་གྲུབ་པ་ལས་ཀྱི་རིགས༔ ཆོས་ཉིད་རྟོགས་པས་དེ་བཞིན་གཤེགས་པའི་རིགས༔བདེ་བ་ཕྲིན་ལས་ལྔ་རུ་ངོ་སྤྲད་ན༔ ཕྱི་རོལ་རྣམ་རྟོག་ཞི་བ་ཞི་བའི་ལས༔ དགའ་བདེ་ཡེ་ཤེས་རྒྱས་པས་རྒྱས་པའི་ལས༔ ཡུལ་སྣང་དབང་དུ་འདུས་པས་དབང་གི་ལས༔ མི་བདེའི་སྡུག་བསྔལ་བསྐྲད་པས་དྲག་པོ་ལས༔ ཐམས་ཅད་ངོ་བོ་སྟོང་གསལ་བདེ་ཉམས་ལས༔ མ་འདས་ལྷུན་གྱིས་གྲུབ་པ་མཆོག་གི་ལས༔ བདེ་བ་ཡེ་ཤེས་ལྔ་རུ་ངོ་སྤྲད་ན༔ ལྷ་དང་ཡེ་ཤེས་བདེ་སྟོང་མངོན་སུམ་དུ༔ གསལ་བ་མེ་ལོང་ལྟ་བུ་ཡེ་ཤེས་ཡིན༔ མ་འདྲེས་བྱེ་བྲག་ཕྱེད་ཅིང་སོ་སོ་རུ༔ མངོན་སུམ་རྟོགས་པས་སོར་རྟོག་ཡེ་ཤེས་ཡིན༔ བདེ་དང་སྟོང་དང་དག་པ་ཚོར་དང་མཉམ༔ ཡབ་དང་ཡུམ་མཉམ་རྡོ་རྗེ་པདྨ་མཉམ༔ ཐིག་ལེ་དཀར་དམར་མཉམ་པར་སྦྱར་བའི་ཕྱིར༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ༔ རྫོགས་རིམ་མི་དམིགས་ཀ་དག་དོན་རྟོགས་ཤིང་༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བས་ཆོས་སྐུར་གྲོལ༔ དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་བྱའོ༔ བདེ་བ་མ་བསྒྲུབས་ཤུགས་འབྱུང་གྲུབ་པའི་ཕྱིར༔ བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱའོ༔ བདེ་བ་རྒྱུད་སྡེ་བཞི་རུ་ངོ་སྤྲད་ན༔ ཡབ་ཡུམ་ལྷ་སྐུར་གསལ་བ་བྱ་བའི་རྒྱུད༔ ཡབ་ཡུམ་དགའ་ཞིང་འཛུམ་པ་སྤྱོད་པའི་རྒྱུད༔ གདན་ཐོག་གཅིག་ཏུ་འཁྲིལ་བ་རྣལ་འབྱོར་རྒྱུད༔ དགའ་བདེ་འབྲལ་མི་ཕོད་པ་བླ་མེད་རྒྱུད༔ ཡབ་ཀྱི་རྡོ་རྗེ་གསོར་ཞིང་བྱང་སེམས་དབབ༔ བསྐྱིལ་ཞིང་བཟུང་བཟློག་འདྲེན་པ་ཕ་ཡི་རྒྱུད༔ ཡུམ་གྱི་བྷ་ག་ཟེད་ཅིང་མགུལ་ནས་མཁྱུད༔ སྤྱོད་ཅིང་རེག་པ་མ་ཡི་རྒྱུད་ཡིན་ནོ༔ ཡབ་ཡུམ་གཉིས་ཀ་གཉིས་མེད་གཅིག་ཏུ་འཁྲིལ༔ ལུས་སེམས་བདེ་བ་གཉིས་མེད་གཅིག་ཏུ་འདྲེས༔ བྱང་སེམས་གཉིས་མཉམ་འདྲེས་པ་གཉིས་མེད་རྒྱུད༔ བདེ་བ་ཐེག་པ་བཅུ་གཅིག་ངོ་སྤྲད་ན༔ བདེ་ཡུམ་ཐ་མལ་གནས་པ་ལྷ་མིའི་ཐེག༔ བདེ་བ་ཐ་མལ་སྤྱོད་ཅིང་རེ་དགོས་ཡོད༔ ཕྱི་པ་མུ་སྟེགས་ཐེག་པ་ཞེས་བྱའོ༔ ཡབ་ཡུམ་གཉིས་ཀ་རང་རང་དོན་སྤྱོད་ཅིང་༔ རང་རང་རྩོལ་བས་འབད་པ་ཉན་རང་ཐེག༔ བདེ་བ་སྤྱོད་ཚེ་སེམས་བསྐྱེད་ཀྱིས་ཟིན་ནས༔ བདེ་བ་རང་སེམས་ཤེས་པ་བྱང་སེམས་ཐེག༔ ཡབ་ཡུམ་ལྷ་སྐུར་གསལ་བ་ཀྲྀ་ཡའི་ཐེག༔ ཕྱག་རྒྱ་བཞི་ལྡན་སྦྱོར་བ་ཨུ་པའི་ཐེག༔ ཕྲིན་ལས་བཞི་འགྲུབ་ཡོ་གའི་ཐེག་པ་ཡིན༔ ཕུང་ཁམས་ལྷ་དང་ལྷ་མོར་སྦྱོར་བ་ཡིས༔མ་ཧཱ་ཡོ་གའི་ཐེག་པ་དག་ཀྱང་ཡིན༔ བདེ་དང་སྟོང་པ་གཉིས་མེད་གཅིག་ཏུ་རྟོགས༔ ཨ་ནུ་ཡོ་གའི་ཐེག་པ་དག་ཀྱང་ཡིན༔ སྟོང་གསལ་བདེ་ཆེན་ཐིག་ལེ་ཆེན་པོར་རྫོགས༔ ཐམས་ཅད་ཡང་གྲོལ་ཀ་དག་ཆེན་པོ་རྫོགས༔ རྫོགས་པ་ཆེན་པོ་ཨ་ཏིའི་ཐེག་པའོ༔ བདེ་བ་བསྒྲུབ་པ་བཀའ་བརྒྱད་དང་སྦྱར་ན༔ ཡབ་ཡུམ་ལྷ་སྐུར་གསལ་བ་འཇམ་དཔལ་སྐུ༔ བདེ་སྟོང་དབྱེར་མེད་སྦྱོར་བ་པདྨ་གསུང་༔ རིག་སྟོང་འགྱུར་མེད་རྟོགས་པ་ཡང་དག་ཐུགས༔ ངོ་བོ་བདེ་སྟོང་གྲོལ་བ་བདུད་རྩི་སྨན༔ ཐུགས་རྗེ་སྣང་སྟོང་ཕུར་པ་ཕྲིན་ལས་ཡིན༔ རང་བཞིན་སྟོང་པ་མ་མོ་རྦོད་གཏོང་ཡིན༔ བདེ་གསལ་དབྱེར་མེད་རིག་འཛིན་སློབ་དཔོན་ཡིན༔ རླུང་རིག་རྩལ་དུ་ཤེས་པ་འཇིག་རྟེན་མཆོད༔ བདེ་གསལ་ངར་ལྡན་དམོད་པ་དྲག་སྔགས་སོ༔ ཡབ་ཡུམ་གཉིས་པོ་སྦྱོར་བ་བྱེད་པའི་ཚེ༔ འཁོར་འདས་གཉིས་ཀའི་ས་བོན་འབྱུང་བའི་ཕྱིར༔ འཁོར་འདས་གཉིས་ཀྱི་སྤྱི་གཞི་ཞེས་བྱའོ༔ བདེ་བ་ཡེ་ཤེས་ངང་ལ་རྩལ་སྦྱངས་བས༔ སྡུག་བསྔལ་འཁྲུལ་སྣང་གྲོལ་བའི་ལམ་ཡིན་ནོ༔ སྟོང་པ་ཆོས་སྐུ་བདེ་བ་ལོངས་སྤྱོད་རྫོགས༔ མ་འགགས་ཤུགས་འབྱུང་རང་གྲོལ་སྤྲུལ་སྐུ་སྟེ༔ སྐུ་གསུམ་དབྱེར་མེད་འབྲས་བུ་དེ་ཉིད་དོ༔ དགེ་སྡིག་རྩིས་གདབ་མེད་པ་ལྟ་བ་ཡིན༔ མྱོང་ཞིང་བརྗོད་དུ་མེད་པ་སྒོམ་པ་ཡིན༔ ཞེན་མེད་ངང་དུ་སྤྱོད་པ་སྤྱོད་པ་ཡིན༔ བདེ་སྟོང་ངང་དུ་མི་འདའ་དམ་ཚིག་ཡིན༔ དེ་ཀའི་ངང་ལས་ལྷག་པ་གཞན་མེད་པས༔ ལྷུན་གྱིས་གྲུབ་པའི་འབྲས་བུ་དེ་ཉིད་ཡིན༔ རྡོ་རྗེ་པདྨ་གཉིས་མེད་མཉམ་སྦྱོར་བས༔ གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ༔ དེ་ཉིད་སྤྱོད་པས་གཡོ་འགུལ་ཙམ་ཉིད་ལས༔ དགའ་བདེའི་ཡེ་ཤེས་དཔག་མེད་སྐྱེ་བས་ན༔ ཐུགས་རྗེ་ཤུགས་འབྱུང་ཡེ་ཤེས་ཞེས་བྱའོ༔ དེ་ལྟར་ཡོན་ཏན་ཐམས་ཅད་གསལ་གྱུར་ཀྱང་༔ དེ་ཡི་དོན་ལ་བདག་འཛིན་མེད་པས་ན༔ ངོ་བོ་སྟོང་པའི་ཡེ་ཤེས་ཞེས་བྱའོ༔ གཟུགས་སུ་གྲུབ་པ་ཡབ་ཀྱི་གསང་བ་ལས༔ རང་བཞིན་དངོས་པོ་མེད་པ་ཡུམ་གྱི་མཁའ༔ སྣང་སྟོང་གཉིས་སུ་མེད་པ་ཡེ་ཤེས་སོ༔ གཉིས་མེད་ཟང་ཐལ་གཡོ་ཞིང་སྤྱོད་པ་དེ༔ ལྷུན་གྲུབ་ཆེན་པོ་ཡེ་ཤེས་ཞེས་བྱའོ༔ བདེ་སྟོང་གསལ་ལ་འཛིན་པ་མེད་པ་དེ༔ གཟུང་འཛིན་རང་སར་གྲོལ་བའི་ཡེ་ཤེས་ཡིན༔ དེ་དག་ཐམས་ཅད་ཡབ་ཡུམ་གཉིས་སྦྱོར་གྱི༔ གདན་ཐོག་གཅིག་གིས་བདེ་བ་ལ་རྫོགས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལྟར་བདེ་ཆེན་ཐབས་ལམ་ཉམས་ལེན་པའི༔ ལམ་གྱི་ཡོན་ཏན་བསྟན་པ་འདི་ལྟར་རོ༔ ཐུན་མོང་ཡོན་ཏན་འདི་ཉིད་ཉམས་བླངས་པས༔ ཕྱི་ནང་ཉམས་གྲིབ་མ་ལུས་དག་པ་དང་༔ ཀུན་གྱི་ཡིད་དུ་འོང་ཞིང་བུད་མེད་འདུ༔ ཁྱད་པར་མཚན་ལྡན་བུད་མེད་ཐམས་ཅད་འདུ༔ ལུས་ལ་ནད་མེད་གཞོན་ཤ་ཆགས་པ་དང་༔ ཤ་བཀྲག་རྒྱས་ཤིང་ཟོ་མདོག་བདེ་བ་དང་༔ འཇམ་དཔལ་མཚན་བརྗོད་ལས༔ འདོད་པའི་དོན་གྲུབ་དམ་པ་དེ༔ ངན་སོང་ཐམས་ཅད་རྣམ་སྦྱངས་པ༔ ཞེས་སོ༔ མདངས་ཆེ་ལུས་ཡང་རྒས་སྲ་ཚེ་རིང་ཞིང་༔ ལུས་ཟུངས་རྒྱས་ཤང་བུ་ཕོ་འཕེལ་བ་དང་༔ ངག་སྙན་ཤེས་རབ་ཆེ་ཞིང་ཏིང་འཛིན་གསལ༔ ཁྱད་པར་ཐིག་ལེ་རང་སར་གནས་པ་ཡིས༔ འཆི་མེད་ཚེ་ཡི་རིག་འཛིན་མངའ་བརྙེས་ཤིང་༔ ཚེ་ནི་ཉི་ཟླ་སྟོབས་ཀྱང་གླང་ཆེན་འདྲ༔ རླུང་ལ་སྦྱངས་པས་མགྱོགས་པས་རླུང་འདྲའོ༔ བདེ་བ་རྒྱས་པས་ལྷ་ཡི་བུ་མོ་དང་༔ མི་ཡི་བུ་མོ་ཐམས་ཅད་དབང་དུ་འདུ༔ ཉིན་བཞིན་མི་འདུ་ནུབ་བཞིན་མཁའ་འགྲོ་འདུ༔ ནང་ནུབ་ཟས་འདུ་ལུས་ལ་བདེ་བ་འབར༔ ངག་ལ་ནུས་པ་སེམས་ལ་རྟོག་པ་འཆར༔ བདེ་སྡུག་སྙོམས་པས་ལུས་ཀྱི་ནད་དཀོན་ནོ༔ ཐུན་མོང་དངོས་གྲུབ་མ་ལུས་ཐོབ་པར་འགྱུར༔ ཁྱར་པར་མཐར་ཐུག་ཡོན་ཏན་འདི་ལྟར་འབྱུང་༔ ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ལ་བརྟེན་ནས༔ ཚོགས་དྲུག་ཡིད་སྣང་བདེ་བ་ཆེན་པོར་འཆར༔ ཁྱད་པར་དངས་མ་འབྱོངས་པས་ལུས་ལུས་སེམས་བདེ༔ འདོད་ཆགས་མ་སྤངས་ལམ་དུ་ཁྱེར་བ་ཡིས༔ ལུས་ངག་ཡིད་གསུམ་དགའ་བདེ་སྐྱིད་པའི་ངང་༔ སྣང་སྲིད་བདེ་སྟོང་ཆོས་སྐུའི་ངང་དུ་གྲོལ༔ མཚོན་པ་དཔེ་ཡི་བདེ་སྟོང་ལ་བརྟེན་ནས༔ གནས་ལུགས་དོན་གྱི་ཆོས་སྐུ་མངོན་དུ་གྱུར༔ སྒྱུ་ལུས་བདེ་སྟོང་ཟག་མེད་སྤྲུལ་སྐུར་གྲོལ༔ གྲག་སྟོང་ངག་ནི་ལོངས་སྐུའི་ངང་དུ་གྲོལ༔ བདེ་གསལ་མི་རྟོག་སེམས་ཉིད་ཆོས་སྐུར་གྲོལ༔ ཚེ་གཅིག་ལུས་གཅིག་སངས་རྒྱས་དེ་ལྟ་ཐོབ༔ སྐུ་གསུམ་བདེ་བ་ཆེན་པོར་མངོན་གྱུར་ནས༔ ཡིད་སྨོན་འོལ་ཆོད་བྱ་མི་དགོས་བའི་ཆོས༔ འདི་ཉིད་ཉམས་སུ་ལོང་ཅིག་སྐལ་ལྡན་རྣམས༔ ཕ་རོལ་ཕྱག་རྒྱའི་ཐིག་ལེར་དྲངས་གྱུར་ན༔ དངས་མ་དཀར་དམར་འདྲེས་པའི་ནུས་པ་ཡིས༔ འོ་མ་དག་ལ་རྩབས་བླུགས་ལྟ་བུར་འགྱུར༔ ལུས་ནི་བྱི་རུ་མར་ཁུའི་ནང་ཕྱུང་ལྟར༔ ཐིག་ལེ་གྱེན་དུ་བཟློག་པའི་ནུས་པ་ཡིས༔ ཕྱི་རོལ་ཆུ་བོ་གྱེན་དུ་བཟློག་པར་ནུས༔ བྱང་སེམས་དཀར་དམར་ཟིན་པས་ནུས་པ་ཡིས༔ཕྱི་རོལ་ཉི་ཟླ་བཙོན་དུ་བཟུང་བར་ནུས༔ ཐབས་ཤེས་ཟུང་འཇུག་བདེ་བ་ཆེན་པོའི་སྐུ༔ ད་ལྟ་ཉིད་དུ་རྡོ་རྗེ་འཆང་དུ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བདེ་ཆེན་ཉམས་སུ་ལེན་པའི་རྟགས་བསྟན་པ༔ དངས་པ་འདུས་པའི་རྟགས་ལ་གསུམ་ཡིན་ཏེ༔ བཅུད་ཀྱི་དྭངས་མ་རུས་པར་འདུས་པའི་རྟགས༔ ཏིང་འཛིན་གསལ་ཞིང་ཁ་དོག་འགྱུར་བ་མེད༔ ཤ་ཆུང་མདོག་དཀར་གཉེར་མ་མེད་པ་དང་༔ རང་དང་ལོ་མཉམ་གཞན་ལས་རྒས་སྲ་ཞིང་༔ ལུས་ཀྱང་གཞོན་ཆགས་མཛེས་ཤིང་སྐྲ་དཀར་མེད༔ བུ་ཕོ་འཕེལ་ཞིང་ནོར་ཆུད་ཤེས་རབ་ཆེ༔ སྐྱེས་པ་འདུ་ཞིང་ཁྱད་པར་ལུས་སྟོབས་ཆེ༔ ཤེས་ཆེ་སོའུ་སྐྱེ་ཞིང་ཚེ་རིང་འགྱུར༔ བཅུད་ཀྱི་དངས་མ་ཤ་ལ་འདུས་པའི་རྟགས༔ ལུས་ཀྱི་ཤ་རྣམས་བརྗོངས་པ་བཞིན་དུ་སྐྱེ༔ ཏིང་འཛིན་མི་རྟོག་ཤས་ཆེ་ནད་དཀོན་ཞིང་༔ བུ་མོ་འཕེལ་ཞིང་ཁྱད་པར་ནོར་འདུའོ༔ ལོངས་སྤྱོད་བུད་མེད་འདུ་ཞིང་ཟོ་མདོག་བཟང་༔ བཅུད་ཀྱི་དྭངས་མ་རྩ་ལ་འདུས་པའི་རྟགས༔ བཀྲག་འཚེར་དབང་པོ་གསལ་ཞིང་པགས་པ་སྣུམ༔ ཀུན་གྱི་ཡིད་འཕྲོག་སྐད་སྙན་ཡང་རྩལ་ཆེ༔ བདེ་བའི་ཏིང་འཛིན་ཤེས་ཆེ་ལུང་བསྟན་འོང་༔ རིགས་རྒྱུད་མི་འཕེལ་རྨ་འབྲས་ཤུ་བ་ཉུང་༔ ཕྱག་རྒྱའི་དྭངས་མ་དྲངས་བའི་རྟགས་བསྟན་པ༔ ཚེ་རིང་ཉི་ཟླ་དང་མཉམ་སྟོབས་དག་ཀྱང་༔ གླང་ཆེན་དང་མཉམ་རྩལ་ཡང་ཁྱུང་དང་མཉམ༔ ངོ་བཀྲག་པདྨ་དང་མཚུངས་ཤ་མདངས་སྣུམ༔ བདེ་གསལ་མི་རྟོག་གསུམ་ཀའི་ཉམས་མྱོང་སྐྱེ༔ ཤ་རུས་རྩ་དང་གསུམ་ཀའི་རྟགས་འབྱུང་ངོ་༔ ཁྱད་པར་གྲགས་པ་དང་ནི་སྙན་པ་འཕེལ༔ ལྷ་འདྲེ་མི་གསུམ་འདུ་ཞིང་ལོངས་སྤྱོད་ཆེ༔ གཟའ་གཏད་མེད་པའི་སྤྱོད་པ་ཤུགས་འབྱུང་སྐྱེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཚེ་འདིར་ཐོབ༔ རྟགས་བཅུ་ཡོན་ཏན་ལྔ་ཡང་འདི་ལྟར་འབྱུང་༔ རྟགས་བཅུ་ལ་ནི་རྩལ་ནི་འབྱོངས་བའི་རྟགས༔ ལུས་ནི་ཧྲིལ་གེ་བཞིན་དུ་མཉན་པ་དང་༔ ལུས་ལ་ངལ་དང་དུབ་པ་མེད་པ་དང་༔ རྒྱ་ཁབ་མིད་པས་རྡོ་རྗེའི་བུ་གར་ཐོན༔ ལུས་ནི་སར་བུ་ཤོང་བ་ལ་སོགས་འབྱུང་༔ རླུང་འབྱོངས་རྟགས་སུ་འཇག་མའི་རྩེ་མོ་དང་༔ མདུང་གི་རྩེ་དང་ཆུ་ལ་འགྲོ་བ་དང་༔ རི་དང་རྩིག་པའི་ཁུངས་ལ་འཛུལ་བ་དང་༔ རླུང་ནི་སོར་མོའི་རྩེ་ལ་འབུད་པ་དང༔ བར་སྣང་རྡོ་རྗེ་སྐྱིལ་ཀྲུང་བྱེད་པ་དང་༔ སྟེང་རླུང་འོག་དྲངས་འོག་རླུང་སྟེང་དུ་དྲངས༔ གསུམ་པ་ཐིག་ལེ་འབྱོངས་བའི་རྟགས་བསྟན་པ༔ ལུས་ལ་བདེ་དྲོད་མེ་ལྟར་འབར་བ་དང་༔ རྡེའུ་ཟོས་ཀྱང་ལུས་ཀྱིས་འཇུ་བ་དང་༔ ལུས་ཀྱི་བཀྲག་རྒྱས་དྲི་མ་མེད་པ་དང་༔ ཁྱད་པར་པགས་པའི་མདོག་ནི་སྣུམ་པ་དང་༔ གངས་ཁྲོད་བསྡད་ཀྱང་བཙུན་མོ་འདུ་བ་དང་༔ ཆུ་དང་འོ་མ་རྡོ་རྗེས་འབྱེད་པ་དང་༔ རྡོ་རྗེའི་སྤ་བ་སྦུབས་སུ་ནུབ་པ་དང་༔ ཐིག་ལེ་སྤྱི་བོའི་སྣ་ནས་བཏོན་པ་དང་༔ ཕྱག་རྒྱའི་དྭངས་མ་ལོན་པ་ལ་སོགས་འབྱུང་༔ཡི་དམ་ལྷ་ཡི་བསྐྱེད་རིམ་འབྱོངས་བའི་རྟགས༔ ལྷ་འདྲེ་མི་གསུམ་དབང་དུ་འདུས་པ་དང་༔ མི་མ་ཡིན་རྣམས་བྲན་དུ་ཁོལ་བ་དང་༔ གདོན་བགེགས་འབྱུང་པོ་ཚར་གཅོད་ནུས་པ་དང་༔ ཡི་དམ་ཞལ་གཟིགས་ལུང་བསྟན་ལ་སོགས་འབྱུང་༔ རང་རིག་ཡེ་ཤེས་འབྱུང་བའི་རྟགས་བསྟན་པ༔ འཇིག་རྟེན་སྣང་བ་རྨི་ལམ་སྒྱུ་མར་རྟོགས༔ བདེ་གསལ་མི་རྟོག་ཉམས་མྱོང་སྐྱེ་བ་འབྱུང་༔ ཆུ་རླུང་འབྱོངས་རྟགས་མདོག་སྣུམ་རིག་པ་དངས་༔ ས་རླུང་འབྱོངས་རྟགས་ཏིང་འཛིན་བརྟན་པ་འབྱུང་༔ མེ་རླུང་འབྱོངས་རྟགས་དྲོད་ཆེ་བཀྲག་མདངས་གསལ༔ རླུང་གི་རླུང་འབྱོངས་ལུས་བདེ་ཡང་རྩལ་ཆེ༔ ནམ་མཁའི་རླུང་འབྱོངས་སྟོང་ཉིད་དོན་རྟོག་ཤིང་༔ འཛིན་མེད་སྣང་བ་རང་གྲོལ་ཉམས་འཆར་རོ༔ དེ་ནི་བདེ་བ་འབྱོངས་བའི་རྟགས་བཅུར་བཤད༔ དེ་ནས་གཉིས་པ་ཡོན་ཏན་ལྔ་ཞེས་པས༔ ད་ལྟའི་སྣང་བ་འདི་ལ་རྩལ་སྦྱངས་པས༔ དེ་ཡི་ཡོན་ཏན་བེམས་རིག་བྲལ་བའི་ཚེ༔ དང་པོ་རབ་ནི་ཕུང་པོ་ལྷག་མེད་དུ༔ དགའ་རབ་རྡོ་རྗེ་ལྟ་བུར་འཇའ་ལྟར་ཡལ༔ འབྲིང་ནི་སྒྱུ་མ་ལུས་སུ་སྣང་སྟོང་ལུས༔ ཤྲཱི་སིང་ཧ་ལྟ་བུར་སྒྱུ་ལུས་ཐོབ༔ དེ་འོག་འཆི་མེད་ཚེ་ཡི་རིག་འཛིན་བརྙེས༔ པདྨ་འབྱུང་གནས་ལྟ་བུར་བགྲེས་རྒུད་མེད༔ ཐ་མ་སྒྱུ་ལུས་སར་བུར་ཤོང་བ་འབྱུང་༔ རླུང་ལ་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས༔ བེམས་རིག་བྲལ་ཚེ་འཇའ་འོད་ཟུག་པ་དང་༔ ཞིང་ཁམས་ལྔ་རུ་འགྲོ་བའི་ཡོན་ཏན་ཡོད༔ ཐིག་ལེ་སྦྱངས་པའི་ཡོན་ཏན་ལ་བརྟེན་ནས༔ ཡུམ་ལས་ཐིག་ལེ་བབས་ནས་འདྲེན་པ་ནི༔ གསང་བའི་གནས་ནས་དབུ་མར་བཟློག་པ་ཡིས༔ སྤྱི་བོར་དྲངས་པས་དབུ་ལ་གཙུག་ཏོར་འགྲུབ༔ ཐིག་ལེ་ཉམས་པ་མེད་པར་བརྟན་པའི་རྟགས༔ ཕྱི་རྟགས་དུང་དཀར་གཡས་སུ་འཁྱིལ་པ་འབྱོན༔ ཐིག་ལེ་རྡོ་རྗེའི་རྩེ་ནས་བཟློག་པ་ཡིས༔ འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པར་འགྱུར༔ ལྟེ་བར་བཟློག་པས་གདུང་བཟླུམ་བརྩེགས་པ་འགྲུབ༔ སྙིང་ཁར་བཟློག་པས་ཐུགས་ཀྱི་དཔལ་བེའུ་བྱོན༔ རོ་སྟོད་སེང་གེའི་ཁོག་པ་འདྲ་བ་འགྲུབ༔ མགྲིན་པར་བཟློག་པས་པདྨའི་ལྗགས་ཀྱིས་ནི༔ ཞལ་གྱི་གདོང་ཁེབས་ཚངས་པའི་གསུང་དབྱངས་འགྲུབ༔ ལུས་ལ་ཁྱབ་པས་པགས་པ་གསེར་གྱི་མདོག༔ བ་སྤུ་ཉག་མ་རེ་རེ་གཡས་སུ་འཁྱིལ༔ ཡན་ལག་བཀྲམ་པས་སོར་མོ་དྲྭ་བས་འབྲེལ༔ སྨིན་མཚམས་བཟློག་པས་སྨིན་མཚམས་མཛོད་སྤུར་ལྡན༔ ཁྱད་པར་དྭངས་མའི་དྭངས་མ་ཡེ་ཤེས་ཀྱི༔ རང་སེམས་སྟོང་ཉིད་ཆོས་སྐུའི་བཙན་ས་ཟིན༔ དྭངས་མ་འབྲིང་གིས་ལུས་ཀྱི་རྩ་མདུད་གྲོལ༔ ཤ་ཡི་དྭངས་མ་ཤ་རི་རམ་དུ་འགྲིལ༔ ཁ་དོག་དམར་པོ་སྐྱེ་མེད་ཐོབ་པའི་གདུང་༔ ཁྲག་གི་དྭངས་མ་ཆུ་རུ་རམ་དུ་འགྲིལ༔ ཁ་དོག་མཐིང་ག་ཡོན་ཏན་འཕེལ་བའི་གདུང་༔ རུས་པའི་དྭངས་མ་བ་རི་རམ་དུ་འགྲིལ༔ ཁ་དོག་དཀར་པོ་ཆོས་སྐུ་ཐོབ་པའི་གདུང་༔ཆུ་སེར་དངས་མ་གསེར་རི་རམ་དུ་འགྲིལ༔ ཁ་དོག་སེར་པོ་དགོས་འདོད་འབྱུང་བའི་གདུང་༔ རྐང་གི་དྭངས་མ་ཉ་རི་རམ་དུ་འགྲིལ༔ ཁ་དོག་ལྗང་གུ་འཕྲིན་ལས་འགྲུབ་པའི་གདུང་༔ དངས་མ་ལྔ་འདུས་པཉྫ་རམ་གྱི་གདུང་༔ ཁ་དོག་ལྔ་ལྡན་སྐུ་ལྔ་ཐོབ་པའི་གདུང་༔ དེ་རྣམས་ལོངས་སྤྱོད་རྫོགས་སྐུའི་གདུང་ཡིན་པས༔ རྐྱེན་གྱིས་མི་འཇིགས་འཇིགས་པ་ཀུན་དང་བྲལ༔ དེ་ཡི་སྙིགས་མ་རང་བསྲེལ་ཕྲོ་མོ་འབྱུང་༔ རྐྱེན་གྱིས་འཇིགས་ཤིང་སྤྲུལ་པའི་སྐུ་ཡི་རྟགས༔ དེ་ཡི་སྙིགས་མ་ལུས་ཀྱི་ཟུངས་བྱེད་ཅིང་༔ ཀུནྡ་སྐྱེ་བདུན་ཤ་རུ་འཕེལ་བའོ༔ འཁོར་ལོ་ལྔ་ཡི་བསྐྱེད་རིམ་རྩལ་སྦྱངས་བས༔ རྟགས་དང་ཡོན་ཏན་ཕུང་པོ་འདོར་བའི་ཚེ༔ ཐོད་པ་རྐང་རུས་སྒལ་ཚིགས་ལ་སོགས་པ༔ ལྷ་ཡི་སྐུ་དང་ཡིག་འབྲུ་ལ་སོགས་བྱོན༔ བདེ་སྟོང་དབྱེར་མེད་བསྒོམ་པའི་ཡོན་ཏན་དུ༔ སྐྱེ་མེད་འབྲུ་གཅིག་ནམ་མཁའ་གཡའ་དག་པས༔ ཆོས་སྐུ་སྐྱེ་མེད་དགོངས་པ་ཐོབ་པའི་རྟགས༔ དེ་ལྟར་རྟགས་དང་ཡོན་ཏན་ཐམས་ཅད་ཀྱང་༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་མ་ཉམས་པར༔ སྤེལ་ཞིང་རྩལ་སྦྱངས་ལམ་དུ་ཁྱེར་ཞིང་བསྒོམ༔ བདེ་སྟོང་ཡེ་ཤེས་བསྒོམས་པའི་ཡོན་ཏན་ཡིན༔ གང་ཞིག་ཚེ་གཅིག་སངས་རྒྱས་ཐོབ་འདོད་ཀུན༔ གསང་སྔགས་གསེབ་ལམ་ཐབས་ཀྱི་ལམ་འདིར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ༔ ཆོས་རྣམས་ཀུན་གྱི་མཐར་ཐུག་པ༔ གསང་སྔགས་བླ་མེད་ཀུན་གྱི་ཡང་སྙིང་མཆོག༔ སྡུག་བསྔལ་བདེ་བ་ཆེན་པོར་གྲོལ་བའི་ཐབས༔ ད་ལྟ་སངས་རྒྱས་མངོན་དུ་གྲོལ་བའི་ལམ༔ ཐེག་པ་ཐུན་མོང་གཞན་དང་མ་འདྲེས་པར༔ ཁྱད་པར་འཕགས་པའི་གདམས་པ་ཟབ་མོ་འདི༔རིན་ཆེན་གསེར་ནི་རང་ལུས་ཙམ་ཁུར་ནས༔ འཇིག་རྟེན་ཁམས་སུ་བཙལ་ཡང་འདི་མི་རྙེད༔ ཨུ་རྒྱན་པདྨ་འབྱུང་གནས་བདག་ཉིད་ལ༔ རྒྱལ་བའི་བཀའ་བབས་ཊཱཀྐཱིའི་སྙིང་གཏད་པས༔ སྲིན་བུ་བ་ཤ་ཀ་ཡི་རྣ་བ་རུ༔ ནམ་མཁའི་འབྲུག་སྒྲ་མི་ཤོང་སྐྲག་པ་བཞིན༔ སྐལ་མེད་བློ་ཆུང་ཐེག་དམན་རྣ་བ་རུ༔ ཐེག་ཆེན་བླ་མེད་ཐབས་ལམ་འདི་མི་ཤོང་༔ སྐྲག་སྔངས་སྐུར་བ་བཏབ་པས་གསང་བ་གཅེས༔ དབུལ་པོས་གཏེར་རྙེད་དབུལ་བ་སེལ་བ་དང་༔ ལོངས་སྤྱོད་ཐོབ་པ་དུས་གཅིག་འབྱུང་བར་ལྟར༔ སྐལ་ལྡན་ལས་ཅན་བློ་ཅན་ལ་སྤེལ་བས༔ སྡུག་བསྔལ་ལས་གྲོལ་བདེ་བ་ཐོབ་པ་གཉིས༔ དུས་གཅིག་འབྱུང་བས་སྤེལ་བའི་བཀའ་རྒྱ་བཀྲོལ༔ སྤེལ་དུས་གསེར་གྱི་མཎྚལ་ཚོགས་འཁོར་དང་༔ ཕྱག་རྒྱ་མཚན་ལྡན་འཛོམས་པར་བྱས་ལ་བྱིན༔ འོན་ཀྱང་བློ་ཆེ་གསང་སྔགས་ལ་མོས་ན༔ ལས་ཅན་ཡིན་པས་འབུལ་བ་མེད་ཀྱང་སྦྱིན༔ གསང་སྔགས་བླ་མེད་གསང་བ་འགྲུབ་པའི་ཕྱིར༔ ཏོག་གེ་ཐ་སྙད་ཅན་དང་བློ་ཆུང་དང་༔ འབང་པོ་མི་ནག་ལོག་ལྟ་ཅན་ལ་གསང་༔ རླུང་ཕྱོགས་ཙམ་ཡང་མི་བསྒྲགས་གསང་བར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཨེ་མ་ཧོ༔ ཞི་ཁྲོ་དགོངས་པ་རང་གྲོལ་སྙིང་པོ་ནི༔ འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་འདི༔ གསང་སྔགས་ཐེག་ཆེན་སྙིང་པོའི་ཡང་ཏིག་ཡིན༔ གང་ལ་ཡོད་པ་དེ་ཉིད་བདེ་བ་ཅན༔ ད་ལྟ་མངོན་པར་སངས་རྒྱས་རང་ཐོབ་ཡིན༔ དུས་གསུམ་རྒྱལ་བའི་དགོངས་པ་སྙིང་པོའི་དོན༔ བཅུད་བསྡུས་མར་གྱི་སྙིང་པོ་ཡང་ཞུན་འདི༔ བདག་འདྲ་ཨུ་རྒྱན་པདྨ་འབྱུང་གནས་ཀྱིས༔ ཕྱི་རབས་རྣལ་འབྱོར་ཆགས་ཆེན་དོན་དུ་བཀོད༔སུ་ལ་མ་སྤེལ་རིན་ཆེན་གཏེར་དུ་སྦས༔ མ་འོངས་སྙིགས་མ་དུས་ཀྱི་ཐ་མ་ལ༔ དགེ་སློང་ཕག་ཏུ་བུད་མེད་རུམ་པའི་དུས༔ སྡོམ་གསུམ་ཤོར་ནས་སྔགས་པར་ཁས་ལེན་དུས༔ དགེ་མས་ཁོང་སྐྱེས་ལྐོག་གསོད་བྱེད་པའི་དུས༔ འདོད་ཆགས་དུག་ལྔ་མེ་ལྟར་འབར་བའི་དུས༔ ཇོ་བཟང་དགེ་སློང་བག་མ་ལེན་པའི་དུས༔ ཀུན་ཀྱང་གསང་སྔགས་ཐབས་ལམ་ཁས་ལེན་དུས༔ ལྔ་བཅུ་ཁ་རུལ་དམག་འཁྲུགས་དར་བའི་དུས༔ དེ་དུས་འདི་འདྲའི་གདམས་པ་མེད་པ་ཀུན༔ ངན་སོང་གནས་སུ་འགྲོ་བར་ཐེ་ཚོམ་མེད༔ དེ་ཕྱིར་སྙིགས་མའི་སེམས་ཅན་ལ་ཕན་ཕྱིར༔ ཡི་གེར་བཏབ་ནས་སྒམ་པོའི་རི་ལ་སྦོས༔ དེ་དུས་སྙིང་གི་བུ་མཆོག་སྐལ་ལྡན་ཅིག༔ ཕ་མ་གྲུབ་ཐོབ་ཉི་ཟླའི་མིང་ཅན་འབྱུང་༔ ཀརྨ་གླིང་པ་ཞེས་བྱ་སྙིང་སྟོབས་ཅན༔ བརླ་གཡས་སྨེ་བ་ཡེ་ཤེས་སྤྱན་འདྲས་མཚན༔ འབྲུག་སྦྲུལ་ལོ་པ་ལས་ཀྱི་དཔའ་བོ་རིགས༔ སྐལ་ལྡན་སྐྱེས་བུ་དེ་དང་འདི་འཕྲད་ཤོག༔ དེས་ཀྱང་རྒྱུད་པ་གསུམ་གྱི་བར་དག་ཏུ༔ ཞི་ཁྲོ་དགོངས་པ་རང་གྲོལ་ཆོས་སྐོར་རྣམས༔ རླུང་ཕྱོགས་ཙམ་ཡང་སུ་ལ་བསྒྲགས་མི་རུང་༔ གལ་ཏེ་བསྒྲགས་ན་བར་ཆད་འབྱུང་ཏ་རེ༔ ཐུགས་རྗེ་ཆེན་པོ་པདྨ་ཞི་ཁྲོའི་སྐོར༔ སྐལ་ལྡན་སློབ་མ་ཡོངས་ལ་འདི་ཉིད་སྤེལ༔ རྒྱུད་པ་གསུམ་ལས་བརྒྱུད་པའི་གང་ཟག་དེ༔ ལོ་བདུན་བར་དུ་གསང་ན་བར་ཆད་མེད༔ ལོ་བདུན་ལོན་ནས་བར་དོ་ཐོས་གྲོལ་སྐོར༔ དབང་དང་ལག་ལེན་གཞན་ལ་སྤེལ་དུ་རུང་༔ ལོ་དགུ་ལོན་ནས་དགོངས་པ་རང་གྲོལ་སྐོར༔ དུས་གཅིག་མ་ཡིན་རིམ་གྱིས་སྤེལ་བར་བྱ༔ ལོ་བཅུ་ལོན་ནས་འདོད་ཆགས་ལམ་ཁྱེར་སྐོར༔ དེ་ནས་གཞན་ལ་སྤེལ་ན་བར་ཆད་མེད༔ གཏེར་འདི་ལྷོ་ཀོང་དྭགས་པོའི་ཡུལ་དུ་ཐོན༔ འགྲོ་དོན་བྱང་ཀོང་བྲག་ལུང་ཡུལ་དུ་འགྲིམས༔ ཀརྨ་གླིང་པའི་ཕྲིན་ལས་བྱང་ཕྱོགས་འབྱུང་༔ སྙིགས་མའི་སེམས་ཅན་བསགས་པ་ཆུང་བའི་ཕྱིར༔ ཟབ་ཆོས་སྙིང་པོ་འདི་ལ་ཡིད་མ་ཆེས༔ ལས་ཅན་སྐྱེས་བུ་འགའ་ཙམ་མ་གཏོག་པ༔ ཟབ་ཆོས་འདི་ལས་འགྲོ་དོན་ཆེར་མི་འབྱུང་༔ ང་ཡི་ཆོས་ལ་སྙིང་ནས་སྨད་པ་ཡི༔ མི་མིན་སྙིང་ལ་ཞུགས་པས་རྟོག་གེ་བ༔ བཅོས་མའི་གྲུབ་མཐའ་ཕྱོགས་བཅུར་དར་བ་འབྱུང་༔ ཟབ་ཆོས་ཐམས་ཅད་དེ་ཡིས་སྣུབ་པར་བྱེད༔ དེ་ཉིད་འདུལ་བའི་གཉེན་པོ་འགའ་འབྱུང་ཡང་༔ སེམས་ཅན་བསོད་ནམས་དམན་པས་ཐུལ་བར་དཀའ༔ སྦས་པའི་རྣལ་འབྱོར་འགའ་ཙམ་འདི་ཡིས་གྲོལ༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ལ༔ བར་ཆད་བདུད་ཀྱིས་སྐུར་བ་འདེབས་པ་འོང་༔ དེ་ཕྱིར་གསང་ནས་ཉམས་སུ་ལེན་པ་གཅེས༔ གཏེར་འདི་ཀུན་དང་ཐུན་མོང་མ་ཡིན་པས༔ དྭགས་ལ་སྒམ་པོས་བཀའ་ཡི་བྱ་ར་གྱིས༔ སྐལ་ལྡན་སྐྱེས་བུ་ལས་ཅན་དེ་ལ་གཏོད༔ དེས་ཀྱང་གཅིག་བརྒྱུད་རིམ་གྱིས་བྱང་ཕྱོགས་སྤེལ༔ སྐལ་ལྡན་སྐྱེས་བུ་རྣམས་དང་འདི་འཕྲད་ཤོག༔ ཊཱཀྐི་སྡེ་ལྔས་བཀའ་ཡི་བྱ་ར་གྱིས༔ འདི་ཉིད་ཉམས་ལེན་སྐྱེས་བུའི་བར་དོ་སེལ༔ ས་མ་ཡཱ༔ ཞི་ཁྲོ་དགོངས་པ་རང་གྲོལ་གྱི་སྙིང་པོ༔ འོག་སྒོ་བདེ་ཆེན་འདོད་ཆགས་རང་གྲོལ་གྱི་གཞུང་ཆེན་མོ༔ ཐབས་ལམ་ཐམས་ཅད་ཀྱི་སྙིང་པོ་རྫོགས་སོ༔ ས་མ་ཡཱ༔ གཏེར་རྒྱ༔ སྦས་རྒྱ༔ གབ་རྒྱ༔ གསང་རྒྱ༔ གཉེན་རྒྱ༔ གུ་ཧྱ༔ རྒྱ་རྒྱ་རྒྱ༔ གྲུབ་ཐོབ་ཀརྨ་གླིང་པ་ཡིས༔ སྒམ་པོ་གདར་གྱི་རི་བོ་ནས༔ ཞི་ཁྲོ་དགོངས་པ་རང་གྲོལ་དང་༔ པདྨ་ཞི་ཁྲོའི་ཆོས་སྐོར་རྣམས༔ གཏེར་ནས་གསང་སྟེ་གདན་དྲངས་སོ༔ པདྨ་ཞི་ཁྲོའི་ཆོས་སྐོར་རྣམས༔ སློམ་མ་འགའ་ལ་ཅུང་ཟད་སྤེལ༔ ཞི་ཁྲོ་དགོངས་པ་རང་གྲོལ་འདི༔ གཅིག་བརྒྱུད་མིན་པ་དྭགས་པོ་རུ༔ མིང་ཙམ་སུས་ཀྱང་མཐོང་ཚོར་མེད༔ དེའི་སྲས་ཉི་ཟླ་ཆོས་ཀྱི་རྗེས་ཀྱང་༔ མིང་ཙམ་སུ་ལ་བཤད་པ་མེད༔ ཞི་ཁྲོ་དགོངས་པ་རང་གྲོལ་འདི༔ བླ་མས་བདག་ལ་འདི་སྐད་གསུངས༔ ཀརྨ་གླིང་པས་བདག་ལ་ནི༔ ལོ་གཅིག་དུས་སུ་དབང་སྐུར་དང་༔ ལུང་རྣམས་གཏད་ཅིང་ཤོག་སེར་རྣམས༔ བར་དུ་སློབ་མ་གཅིག་ལ་བཅོལ༔ དེ་ཡིས་བདག་ལ་གཏན་ནས་ཀྱང་༔ བདག་གིས་ཀྱང་ནི་སུ་ལ་ཡང་༔ འདི་ཉིད་གཅིག་ཀྱང་སྤེལ་བ་མེད༔ ཁྱོད་ནི་རྒྱུད་པ་གསུམ་པ་ཡིན༔ ཁྱེད་ལ་གཏད་ནས་ཕྱི་མོ་རྣམས༔ སླར་ཡང་བྲག་ལ་གདམས་པ་གསུངས༔ འོན་ཀྱང་ལོ་བདུན་བར་དུ་གསང་༔ ལོ་བདུན་ལོན་པའི་དུས་ཀྱི་ཚེ༔ བར་དོ་ཐོས་གྲོལ་དབང་བཀའ་རྣམས༔ སྤེལ་བར་ལུང་གིས་གནང་བ་ཡིན༔ ལོ་དགུ་ལོན་པའི་དུས་ཀྱི་ཚེ༔ དགོངས་པ་རང་གྲོལ་ཆོས་སྐོར་རྣམས༔ དུས་གཅིག་མ་ཡིན་རིམ་གྱིས་སྤེལ༔ འོག་སྒོ་བདེ་ཆེན་ཆོས་སྐོར་འདི༔ སྤེལ་བའི་རྟིང་མ་གྱིས་ཤིག་གསུངས༔ དེ་ལྟར་གཞུང་བཞིན་བྱས་གྱུར་ན༔ ཁྱོད་ལ་བར་ཆད་མི་འབྱུང་ཞིང་༔ འགྲོ་དོན་འོང་བར་ལུང་བསྟན་ཡོད༔ དེ་ཕྱིར་བྱེ་བྲག་ཤེས་པར་གྱིས༔ དེ་ལྟར་མ་བྱས་བར་ཆད་འོང་༔ གཏེར་འདི་གཞན་ལས་གཉན་པར་འདུག༔ གྲུབ་ཐོབ་ཀརྨ་གླིང་པ་ཡིས༔ དགོངས་པ་རང་གྲོལ་ཤོག་སེར་གཅིག༔ དབང་མ་ཐོབ་ལ་བསྟན་པ་ཡིས༔ སྐུ་ཚེའི་བར་ཆད་འབྱུང་ཞེས་གསུངས༔བདག་གིས་ཀྱང་ནི་ལོ་བདུན་བར༔ པདྨ་ཞི་ཁྲོ་མ་གཏོགས་པར༔ དགོངས་པ་རང་གྲོལ་ཞེས་བྱ་བ༔ གཅིག་ཀྱང་སུ་ལ་བཤད་པ་མེད༔ ཡོས་ཀྱི་ལོ་ལ་ཞུས་ནས་སུ༔ བྱ་ཡི་ལོ་མཇུག་བར་དུ་ནི༔ ལེགས་པར་གསང་ནི་ཐུབ་པར་བྱས༔ ད་ནི་བར་ཆད་མེད་དོ་སྙམ༔ བར་དོ་ཐོས་གྲོལ་ཆོས་སྐོར་རྣམས༔ ཞུ་མི་རེ་རེ་ཙམ་ལ་སྤེལ༔ ཞི་ཁྲོ་དགོངས་པ་རང་གྲོལ་རྣམས༔ ཕག་གི་ལོ་ཡི་བར་དུ་ནི༔ གཅིག་ཀྱང་སུ་ལ་བསྟན་པ་མེད༔ ད་ནི་བར་ཆད་གེགས་ལས་གྲོལ༔ སྐལ་ལྡན་ཡོད་ན་ད་ཤོག་ཅིག༔ མེད་ན་ང་རང་ཉམས་སུ་བླངས༔ ཆོས་འདིས་འཁོར་བ་དོང་སྤྲུགས་ན༔ འགྲོ་དོན་རླབས་ཆེན་བྱེད་པར་ཤོག༔ འཁོར་བ་མ་སྟོངས་བར་དུ་མ་རྫོགས་སོ༔ ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཐབས་ལམ་སྐོར༔ ཤིན་ཏུ་ཟབ་པའི་ཆོས༔ བདག་སུརྱ་ཙནྟྲ་ལ་བཀའ་བབས་སོ༔ དེ་ནས་ནམ་མཁའ་ཆོས་ཀྱི་རྒྱལ་མཚོ་ལ༔བདག་དགེ་འདུན་རྒྱལ་མཚན་ལ་ཐུགས་བརྩེ་བ་དང་༔ བྱམས་པའི་ངང་ནས་མ་ལུས་པར་གནང་བའོ༔ལྷོ་ཀོང་དྭགས་པོ་ལ་གཏེར་ཐོན་ནས༔ ཀརྨ་གླིང་པའི་ཕྲིན་ལས་ཡིན་པས༔ བྱང་ཀོང་བྲག་ལུང་དུ་འགྲོ་དོན་འོང་བར་ལུང་བསྟན་ཡོད་དོ༔ བདག་ལ་ཡང་བླ་མ་རིན་པོ་ཆེ་ཁྱོད་ཀྱིས་ཆོས་འདི་ད་གདུལ་བྱ་དུས་ལ་བབ་པ་ཡིན་པས༔ བྱང་ཕྱོགས་སུ་དར་བའི་རྟེན་འབྲེལ་དེར་ཡོད་པས༔ སྤོབས་པ་མ་ཆུང་ལ་ཀུན་ལ་ཤོད་ཅིག་གསུངས༔ ཕར་ལམ་དུ་ཡང་ཁྱོད་སྐུ་མཆེད་གཉིས་ལ་ཆགས་ཕྱི་དང་དཔོན་སློབ་གསུམ་ཙམ་གྱིས་ལ་བྱོན་དང་༔ ལམ་དུ་ཡང་གཞན་དོན་འོང་ན་ཅི་ཆ་གསུངས༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོངས་པར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔