འཛམ་བུའི་གླིང་
འཛམ་བུའི་གླིང་ནི་བོད་ཀྱི་ནང་པའི་འཇིག་རྟེན་གྱི་ལྟ་བའི་ནང་གི་གླིང་བཞི་པོའི་ཡ་གྱལ་ཞིག་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་རྣམས་སུ་ཁྱད་པར་དུ་མང་པོ་དྲངས་ཡོད་དོ། །
སྒྲ་བཤད།
[རྩོམ་སྒྲིག]འཛམ་བུ་ཞེས་པ་ནི་འབྲས་བུ་གསེར་གྱི་མདོག་ཅན་གྱི་ཤིང་ཞིག་གི་མིང་ཡིན་ལ། གླིང་ཞེས་པ་ནི་རྒྱ་མཚོའི་ནང་གི་གླིང་བུ་ལ་གོ་སྟེ། འདི་ནི་དེའི་ཤིང་གིས་རྒྱན་དུ་སྤྲས་པའི་གླིང་ཞེས་པའི་དོན་ཡིན། འཛམ་བུའི་གླིང་ནི་སངས་རྒྱས་ཀྱི་བསྟན་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ནང་དུ་ཡོངས་སུ་གྲགས་པའི་འཇིག་རྟེན་གྱི་ཁམས་ཤིག་ཡིན། འདིར་སེམས་ཅན་ཇི་སྙེད་ཅིག་གནས་ཤིང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་སོགས་བྱེད་སའི་གཞིར་དྲངས་ཏེ་བརྗོད་པ་ཡིན། "གཞན་ཡང་དེ་ལ་སོགས་པའི་ཆུ་ཀླུང་ཇི་སྙེད་པ་བསམ་གྱིས་མི་ཁྱབ་པ་འབབ་ཅིང་དེའི་དབང་གིས་མེ་ཏོག་འབྲས་བུ་དང་སྨན་དང་ནགས་ཚལ་ལ་སོགས་པ་ཇི་སྙེད་ཅིག་བསྐྱེད་པར་བྱེད་པ་"[༡]ཞེས་འཆད།
ནང་དོན།
[རྩོམ་སྒྲིག]ས་ཚོགས་སྤྱིའི་གོ་དོན། འཛམ་བུའི་གླིང་ནི་མིའི་འཇིག་རྟེན་གྱི་ས་ཚོགས་ཏེ། "འདི་ནས་བྱང་དུ་རི་ནག་པོ། །དགུ་འདས་གངས་རིའོ་དེ་ནས་ནི། །སྤོས་ངད་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོ། །ཞེས་བྱ་བས་བསྟན་ཏེ། མ་དྲོས་པའི་མཚོ་ལས་ཤར་ནས་ནི་གང་གཱའོ། །ལྷོ་ནས་ནི་པ་ཀྵུའོ། །ནུབ་ནས་ནི་སིན་དྷུའོ། །བྱང་ནས་ནི་སི་ཏ་སྟེ།"[༢]ཆུ་ཀླུང་བཞི་པོ་འདི་མ་དྲོས་པའི་མཚོ་ལས་ཤར་ལྷོ་ནུབ་བྱང་ཕྱོགས་སུ་འབབ་པར་གསུངས།
ཆུ་ཀླུང་དང་མེ་ཏོག་འབྲས་བུའི་སྐྱེ་གནས། "འཛམ་བུའི་གླིང་འདིར་གངྒཱ་ལ་སོགས་པའི་ཆུ་ཀླུང་ཇི་སྙེད་ཅིག་འབབ་པར་བྱེད་ཅིང་མེ་ཏོག་དང་འབྲས་བུར་ལྡན་པའི་སྨན་དང་ནགས་ཚལ་གང་ཡོད་པ་ཐམས་ཅད་སྐྱེད་པར་བྱེད་པ་དེ་ནི། མཚོ་ཆེན་པོ་མ་དྲོས་པ་ལ་གནས་པའི་ཀླུ་ཡི་གཙོ་བོའམ་དབང་པོ་ཉིད་དུ་གྱུར་པ་བྱེ་ཚན་གྱི་འཇིགས་པ་སོགས་མེད་པའི་ཀླུ་ཡི་བདག་པོ་རྟེན་གནས་ཏེ་ཆེན་པོ་དེ་ནི་ཀླུ་ཡི་བདག་པོ་དེ་ཡི་སྔོན་གྱི་སྨོན་ལམ་གྱི་མཐུ་དཔལ་ལས་བྱུང་བ་ཡིན་ནོ། །"[༣]ཞེས་གསུངས་པ་ལྟར། ཀླུའི་དབང་པོ་ཞིག་གི་མཐུས་འཛམ་བུའི་གླིང་འདིར་ཆུ་ཀླུང་དང་སྣ་ཚོགས་ཀྱི་རླུང་འཁྱིལ་འབབ་པར་བྱེད་པ་ཡིན།
སེམས་ཅན་གྱི་གནས་ཚུལ།
"འཛམ་བུའི་གླིང་ན་སེམས་ཅན་ཇི་སྙེད་ཅིག་ཡོད་པ་མ་ལུས་པ་དེ་དག་ཐམས་ཅད་ནི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་སྟོང་ཕྲག་བྱེ་བ་མང་པོའི་བར་དུ་སྦྱིན་པ་བྱིན་པར་བྱས་ལ། སྦྱིན་པ་དེའི་དགེ་བ་ཀུན་ཀྱང་འགྲོ་བའི་དོན་གྱི་ཕྱིར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་བསྔོ་བ་"[༤]ཞེས་འཛམ་བུའི་གླིང་དུ་སེམས་ཅན་མང་པོ་གནས་ཤིང་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྦྱིན་པ་དང་བསོད་ནམས་སོགས་བྱེད་པར་གསུངས།
དཔེ་མཚོན་གྱི་སྒོ་ནས་བསྟན་པ།
[རྩོམ་སྒྲིག]ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཁྱད་པར།
"འཛམ་བུའི་གླིང་ན་ཡོད་པའི་སེམས་ཅན་ཇི་སྙེད་མ་ལུས་པ་དེ་དག་གིས་མི་ཡི་ལུས་ཐོབ་སྟེ། དེ་ཐམས་ཅད་ཀྱིས་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ལོ་སྟོང་ཕྲག་བྱེ་བ་མང་པོར་སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་སྦྱིན་པ་རྒྱ་ཆེན་པོ་བྱིན་པར་བྱས་ལ་དགེ་བའི་རྩ་བ་དེ་ཀུན་ཀྱང་འགྲོ་བའི་དོན་དུ་བྱང་ཆུབ་མཆོག་གི་རྒྱུར་ཡོངས་སུ་བསྔོ་བ་བྱས་ན་དེ་ལ་ཕན་ཡོན་ཚད་མེད་པ་ཡང་ཡོད་མོད་ཀྱི། གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཆོག་ལ་མངོན་པར་བརྩོན་པ་ན་དུས་རིང་པོ་ཕར་ཞོག ཐ་ན་ཉི་མ་གཅིག་ཙམ་ཞིག་ལ་ཤེར་ཕྱིན་དེའི་རྗེས་སུ་མཐུན་པ་སྟེ་རང་གིས་བསམ་ཞིང་གཞན་ལ་སྟོན་པ་སོགས་བྱེད་ན་དེའི་བསོད་ནམས་དེ་ལ་ནི་གོང་དུ་བཤད་པ་སྦྱིན་པའི་ཕུང་པོ་དེས་ནི་བསོད་ནམས་ཀྱི་ཆར་ཡང་འགྲན་པར་མི་ཕོད་པ་"[༥]ཞེས་གསུངས་པ་ལྟར། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ཀྱིས་བསྐལ་པ་མང་པོར་སྦྱིན་པ་བྱས་པ་ལས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཉིན་གཅིག་ཙམ་བརྩོན་པའི་བསོད་ནམས་ཆེ་བར་གསུངས།
བྱང་ཆུབ་སེམས་དཔའི་སྤྱོད་པའི་དཔེ།
"བྱང་ཆུབ་སེམས་དཔའ་གང་ཞིག་འདིར་རང་གི་ཕྱིན་ཅི་ལོག་གི་སྟོབས་ཀྱིས་དུས་ཡུན་རིང་པོར་བཅིང་བའི་ལྷ་མི་ངན་སོང་གསུམ་ནི་སེམས་ཅན་དམྱལ་བ་ལ་སོགས་པའོ། །དགྲོལ་བར་ཡང་དག་པར་འདོད་པས་ལམ་ཡངས་ནི་ཐེག་པ་ཆེན་པོའོ། །འཁོར་བའི་རྒྱ་མཚོའི་ཕ་རོལ་གྱི་འགྲམ་སེམས་ཅན་གྱི་ཁམས་ལ་སྟོན་པར་འདོད་པས་"[༦]ཞེས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཁོར་བའི་འཇིག་རྟེན་འདིར་སེམས་ཅན་ཐར་པར་འདྲེན་པའི་དགོས་པ་ཡོད་པར་གསུངས།
འོད་ཟེར་གྱི་དཔེ།
[རྩོམ་སྒྲིག]"འཇིག་རྟེན་འདི་ན་སྣང་བྱེད་ཇི་སྙེད་པ་སྟེ་ཕུར་བུ་ལ་སོགས་པའི་སྐར་མ་དང་། མེ་ཁྱེར་ལ་སོགས་པའི་སྲོག་ཆགས་སུ་གྱུར་པ་ཀུན་གྱིས་འགྲོ་བ་སྣང་བར་བྱ་བའི་ཕྱིར་འོད་རྣམས་ཕྱུང་བ་བས་ཡང་གང་གི་ཚེ་ཉི་མའི་དཀྱིལ་འཁོར་འོད་དང་ལྡན་པར་གྱུར་པ་གཅིག་གི་འོད་ཟེར་ཕྱུང་བ་དེའི་ཚེ་སྔར་བསྟན་པའི་སྐར་མ་ལ་སོགས་པའི་ཚོགས་ཀྱི་འོད་ཀྱིས་ཆ་ཙམ་དུ་ཡང་མི་ཕོད་དོ། །"[༧]ཞེས་འཇིག་རྟེན་འདིར་འོད་ཟེར་མང་པོ་ཡོད་ཀྱང་ཉི་མའི་འོད་ཟེར་གཅིག་གིས་ཐམས་ཅད་ལས་རྒྱལ་བའི་དཔེ་མཚོན་དུ་བརྗོད་པ་ཡིན།
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་པར། ཤོག་ངོས། ༡༣
- ↑ སློབ་དཔོན་སེངྒེ་བཟང་པོ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ། ཤོག་ངོས་ ༡༤།
- ↑ འཇུ་མི་ཕམ། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན། ཤོག་ངོས། ༤a
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤོག་ངོས་ ༤༢།
- ↑ འཇུ་མི་ཕམ། ཡོན་ཏན་རིན་པོ་ཆེ་སྡུད་པའི་འགྲེལ་པ་རྒྱལ་བའི་ཡུམ་གྱི་དགོངས་དོན། ཤོག་ངོས་ ༨༡།
- ↑ སློབ་དཔོན་སེངྒེ་བཟང་པོ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ། ཤོག་ངོས་ ༡༡༦།
- ↑ སློབ་དཔོན་སེངྒེ་བཟང་པོ། བཅོམ་ལྡན་འདས་ཡོན་ཏན་རིན་པོ་ཆེ་སྡུད་པའི་ཚིགས་སུ་བཅད་པའི་དཀའ་འགྲེལ། ཤོག་ངོས་ ༥༨།