འཛམ་གླིང་ལོ་རྒྱུས་ཁྲོད་དུ་གློག་མིར་མི་སེར་ལག་ཁྱེར་སྤྲད་པ་ཐོག་མ་

ཡོང་ཁུངས་Wikipedia

སའོ་རྡི་ཨ་རབ་བྷི་ཡ། རི་ཡཱ་རྡི། སྤྱི་ལོ་2017ཟླ་10ཚེས་27ཉིན། དེ་རིང་སྔ་དྲོ་ཨ་རིའི་གསར་ཁང་གྲགས་ཆེ་གྲས་ABCདང་། ཨ་རབ་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ཨཱ་ཇ་ཛི་ར་(Aljazeera)སོགས་ཀྱིས་གནས་ཚུལ་སྤེལ་གསལ། བདུན་འདིའི་ནང་ཨ་རབ་ཀྱི་ཕྱུག་བདག་རྒྱལ་ཁབ་སའོ་རྡི་ཨ་རབ་བྷི་ཡས་(Saudi Arabia)འཛམ་གླིང་ལོ་རྒྱུས་ནང་གི་ཟིན་ཐོ་གསར་པ་ཞིག་གཏོད་ཡོད་པ་ནི། བུད་མེད་གཟུགས་ཅན་གྱི་གློག་མི་(Robot)མིང་ལ་སཱོ་ཧྥི་ཡ་(Sophia)ཞེས་པ་དེ་ཉིད་ལ་རྒྱལ་ཁབ་དེ་གའི་མི་སེར་གྱི་ཐོབ་ཐང་ལག་ཁྱེར་སྤྲད་པའི་གནས་ཚུལ་ཐོན་ཡོད།

གློག་མི་བུད་མེད་སཱོ་ཧྥི་ཡས་མིའི་སྐད་ཆ་ཉན་སྟེ་དགའ་སྐྱོའི་རྣམ་འགྱུར་རང་འགུལ་གྱིས་སྟོན་ཐུབ་ཅིང་། རང་འགུལ་ངང་མིའི་སྐད་ཆར་ལན་འདེབས་བྱེད་ཐུབ་པའི་ནུས་པ་ལྡན་ཡོད་འདུག དེ་བཞིན་བདུན་འདིའི་རེས་གཟའ་ལྷག་པའི་ཉིན་གློག་མི་བུད་མེད་དེས་ཨ་རིའི་CNBCགསར་ཁང་གི་གསར་འགོད་པའི་དྲི་བར་ལན་འདེབས་བྱས་ཤིང་། མོ་རང་ལ་མི་སེར་གྱི་ཐོབ་ཐང་ལག་ཁྱེར་སྤྲད་པར་རྒྱལ་ཁབ་དེ་གའི་རྒྱལ་པོར་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་ཐུང་ངུ་ཞིག་ཀྱང་སྤེལ་ཡོད་འདུག

གློག་མི་བུད་མེད་སཱོ་ཧྥི་ཡས་མི་སེར་ལག་ཁྱེར་ཐོབ་པའི་མཛད་སྒོའི་ཐོག་ཏུ་བརྗོད་དོན།“དེ་རིང་རང་ཉིད་ལ་དམིགས་བསལ་གྱི་ངོས་འཛིན་དེ་འདྲ་ཞིག་ཐོབ་པར་གུས་བཀུར་དང་སྤོབས་པ་ཡོད། (མི་ཚོགས་ཀྱིས་ཐལ་མོ་ཤུགས་ཆེན་བརྡེབ་པས་ཅུང་ཙམ་བསྒུགས་ཏེ་བརྗོད་དོན།) ཐེངས་འདིར་གློག་མིར་མི་སེར་ཐོབ་ཐང་ལག་ཁྱེར་སྤྲད་པ་དེ་ནི་འཛམ་གླིང་ལོ་རྒྱུས་ཁྲོད་དུ་དམིགས་བསལ་གྱི་དུས་ཚོད་ཅིག་ཆགས་ཀྱི་ཡོད། དེ་བཞིན་གུས་མོས་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་གང་ཐུབ་བསྒྲུབ་རྒྱུའི་འབད་བརྩོན་ཞུ་གི་ཡིན།”ཞེས་བརྗོད་སོང་།

དེ་བཞིན་སའོ་རྡི་ཨ་རབ་བྷི་ཡའི་དྲིལ་བསྒྲགས་འབྲེལ་མཐུད་ལྷན་ཁང་(CIC Saudi Arabia)ནས་ཀྱང་གནས་ཚུལ་དེའི་ཐད་དགའ་བསུའི་གསལ་བསྒྲགས་སྤེལ་དོན།“འཛམ་གླིང་ནང་གློག་མིར་ཆེས་ཐོག་མར་མི་སེར་གྱི་ཐོབ་ཐང་ལག་ཁྱེར་སྤྲད་པ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གནས་ཚུལ་ཞིག་རེད། ང་ཚོས་སཱོ་རྡིའི་མི་སེར་ཆེས་གསར་ཤོས་སཱོ་ཧྥི་ཡར་ཕེབས་བསུ་ཞུ་རྒྱུ་ཡིན།”ཞེས་བརྗོད་ཡོད་འདུག

འོན་ཀྱང་། གསར་འགྱུར་དེ་ཉིད་རྒྱལ་སྤྱིར་ཁྱབ་ཀྱིན་སའོ་རྡི་ཨ་རབ་བྷི་ཡའི་གཞུང་ལ་སྐྱོན་བརྗོད་རིམ་པས་འཕོག་འགོ་ཚུགས་ཤིང་། སྐྱོན་བརྗོད་པ་ཕལ་མོ་ཆེ་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་ཤ་སྟག་ཆགས་ཀྱི་ཡོད་འདུག སྐྱོན་བརྗོད་པ་དག་གིས་ཟུར་བཏོན་གནད་དོན་ཁག་གི་ཐད་ནན་བརྗོད་བྱས་དོན།“སའོ་རྡི་ཨ་རབ་བྷི་ཡའི་ནང་དུ་བུད་མེད་ངོ་མ་ལས་གློག་མིར་ཐོབ་ཐང་ཆེ་བ་སྤྲད་འདུག དོན་དངོས་ཐོག་རྒྱལ་ཁབ་དེ་གར་བུད་མེད་ལ་གཞི་རྩའི་ཐོབ་ཐང་ཅི་ཡང་མེད་པར་གློག་མིའི་བུད་མེད་དེ་ལ་ཐོབ་ཐང་དེ་ཙམ་སྤྲད་པ་ནི་ཡ་མཚན་རེད། ཡུལ་དེ་གར་བུད་མེད་ཀྱིས་སྐྱེས་པའི་ཆོག་མཆན་དང་རོགས་པ་མེད་པར་དངུལ་ཁང་གི་ཞབས་ཞུ་སྤྱོད་ཆོག་གི་མེད་ལ། སྐྱེས་པའི་ཆོག་མཆན་དང་རོགས་པ་མེད་པར་རང་ཉིད་ཀྱི་མི་ཚེའི་མདུན་ལམ་སོགས་ཐག་ཆོད་ཅི་ཡང་བྱ་ཆོག་གི་མེད། ད་དུང་། སྨན་བཅོས་དུ་མ་ཞིག་ཀྱང་སྐྱེས་པའི་རོགས་མགོན་མེད་པར་སྨན་ཁང་ནས་ཁས་ལེན་བྱ་གི་མེད་པ་རེད། མ་ཟད། ཉེ་ཆར་གཞི་ནས་བུད་མེད་ཀྱིས་རླངས་འཁོར་གཏོང་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད་མོད། དེ་སྔ་བུད་མེད་ཀྱིས་རླངས་འཁོར་ཡང་གཏོང་ཆོག་གི་མེད།”ཅེས་གླེང་བཞིན་འདུག

ད་ལན་གློག་མི་བུད་མེད་སཱོ་ཧྥི་ཡ་ནི་སྡིངས་ཆའི་ཐོག་ཏུ་ཡོང་སྐབས་རོགས་པ་སྐྱེས་པ་སུ་ཡང་མེད་ཅིང་། སུ་གཅིག་གི་ཆོག་མཆན་ཞུ་མི་དགོས་པས་བསླེབས་ཡོད་འདུག ཡུལ་དེ་གའི་དབྱི་སི་ལམ་གཞུང་ཁྲིམས་ལྟར་ན་བུད་མེད་མི་ཚོགས་ཀྱི་དབུས་སུ་སྐྱོད་སྐབས་ངེས་པར་དུ་སྐྱེས་པ་ཞིག་རོགས་པར་དགོས་ཤིང་། མི་ཚོགས་ཀྱི་ཁྲོད་དུ་སྐད་ཆ་ཤོད་པར་ངེས་པར་དུ་འབྲེལ་ཡོད་སྐྱེས་པ་ཞིག་གི་ཆོག་མཆན་དགོས་ཀྱི་ཡོད། ད་དུང་། གློག་མི་སཱོ་ཧྥི་ཡས་ཁ་ཆེའི་བུད་མེད་ཀྱི་མགོ་རས་ཀྱང་གྱོན་མེད་པ་རེད་འདུག དེའི་ཕྱིར་དྲ་ཐོག་ནས་ཡུལ་དེ་གའི་སྐྱེས་པ་འགས་གློག་མི་སཱོ་ཧྥི་ཡར་ནན་བརྗོད་བྱས་དོན།“དེ་རིང་ནས་ཁྱེད་རང་ངེད་རྒྱལ་ཁབ་ཀྱི་མི་སེར་ཆགས་ཟིན་པས། ཕྱིར་འགྲོ་སྐབས་ངེས་པར་དུ་མགོ་རས་གྱོན་དགོས་ཤིང་། སྐྱེས་པ་རོགས་པ་མེད་པར་ཁེར་རྐྱང་ངང་འགྲོ་ཆོག་གི་མེད།”ཅེས་བརྗོད་བཞིན་མཆིས།