འཛམ་གླིང་གི་མིག་དཔེ་སློབ་གསོ་ཆེན་པོ་དྲུག་

ཡོང་ཁུངས་Wikipedia

མིག་དཔེ་སློབ་གསོ། ༼ ༡ ༽ འགན་འཁྲིའི་སེམས་གསོ་སྐྱོང་།[རྩོམ་སྒྲིག]

1920ལོ།ཨ་རི་རྒྱལ་ཁབ་ཀྱི་ལོ་ན་11ཅན་གྱི་བུ་ཞིག་གིས་སེམས་ཆུང་མ་བྱས་པར་ཁྱིམ་མཚེས་ཀྱི་ཤེལ་སྒོ་བཅགས།བདག་པོས་ཨ་སྒོར་12.50ཡི་སྐྱིན་ཚབ་སྤྲོད་པའི་རེ་བ་བཏོན།བུས་ང་ལ་སྐྱིན་ཚབ་སྤྲོད་པའི་སྒོར་མོ་མེད་ཞེས་ཨུ་ཐུག་པའི་ངང་ཨ་ཕ་ལ་ནོར་འཁྲུལ་ཁས་བླངས།ཨ་ཕས་ཨ་སྒོར་12.50ཁྱོད་ལ་བསྐྱིས་ན་ཆོག འོན་ཀྱང་ལོ་གཅིག་གི་རྗེས་ནས་སྐྱིན་སྤྲོད་དགོས་ཞེས་བཤད་པ་དང་ཕས་བུ་ལ་རང་གི་ནོར་འཁྲུལ་རང་གིས་འགན་འཁུར་དགོས་པའི་སློབ་གསོ་བཏང་།དེ་ནས་བཟུང་།བུ་དེས་གཟའ་མཇུག་དང་གུང་གསེང་སྐབས་ཕྱི་ནས་ལོ་ཕྱེད་ལ་འབད་པས་གླ་བྱས་པས།ཨ་སྒོར་12.50ཨ་ཕ་ལ་སྐྱིན་ཚབ་སྤྲོད་ཐུབ་སོང་།བུ་ཆུང་དེ་ནི་ལོ་མང་རྗེས་ཀྱི་ཨ་རིའི་སྲིད་འཛིན་ལིས་ཀིན་ལགས་རེད།ཁོང་གིས་དོན་དེར་ཕྱིར་དྲན་བྱེད་སྐབས།རང་གི་ངལ་རྩོལ་བརྒྱུད་ནས་ནོར་འཁྲུལ་ལ་འགན་འཁུར་བས།ངས་འགན་འཁྲི་ཞེས་པ་ཅི་ཡིན་པ་གསལ་བོར་རྟོགས་སོང་ཞེས་གསུངས།

དཔྱད་འཇོག

ཁྱིམ་བདག་གིས་བྱིས་པར་རང་ཉིད་ཀྱི་བྱས་ཉེས་ལ་རང་ཉིད་ཀྱིས་འགན་འཁུར་བའི་སློབ་གསོ་གཏོང་དགོས།བྱིས་པ་སྒེར་གྱི་བྱས་འབྲས་ཡིན་ན།སྒྲུབ་ཕོད་ལ་འཁུར་ཕོད་པ།འགན་འཁྲི་ལ་གཞོལ་མི་རུང་བའི་རྟིང་སྐུལ་དང་།རང་གིས་བསྒྲུབས་པའི་མཇུག་འབྲས་རང་གིས་འགན་འཁུར་བར་བྱ།ཁྱིམ་བདག་གིས་བྱིས་པའི་ཚབ་ཏུ་འགན་གཅིག་ལྕོགས་སུ་འཁུར་ན།དེས་བྱིས་པའི་འགན་འཁྲིའི་སེམས་གཞོག་ཅིང་གཏུབ་པ་དང་གཉིས་སུ་མ་མཆིས་སོ།།

མིག་དཔེ་སློབ་གསོ།༼ ༢ ༽ ཡར་ཐོན་འདུན་མར་ངར་སློང་བ།[རྩོམ་སྒྲིག]

ཨེ་དིས་སན་ཆུང་ངུའི་དུས་སུ་འཛིན་བདག་དགེ་རྒན་གྱིས་ཆེས་གླེན་གོག་ཅན་གྱི་སློབ་མར་བརྩིས།འོན་ཀྱང་།ཁོང་གི་ཨ་མས།དགེ་རྒན་གྱིས་སློབ་མའི་གདོང་ཐད་ནས་གླེན་གོག་ཅེས་སྡིགས་པ་དེས་ཏག་ཏག་དགེ་རྒན་རང་ཉིད་ཀྱི་ནུས་མེད་རང་མཚང་གསལ་རྗེན་དུ་བསྟན་པར་སྙམ།ཨེ་དིས་སན་གྱི་ཨ་མ་ལ་གོ་རྟོགས་དང་མིག་རྒྱང་དེ་ལྟ་བུ་ཡོད་པས།ཨེ་དིས་སན་སློབ་གྲྭ་ནས་ཕྱིར་ཁྱིམ་ལ་བླངས།ཁོ་མོས་ན་ཆུང་བྱིས་པའི་སེམས་ཁམས་ཁྱད་ཆོས་གཞི་བྱས་པའི་སློབ་གསོ་བྱེད་འགོ་བརྩམས་པ་མ་ཟད།ཐབས་བརྒྱ་ཇུས་སྟོང་གིས་ཨེ་དིས་སན་ཚོད་ལྟ་སྣ་ཚོགས་ལ་འཇུག་པའི་སྐུལ་ལྕག་བྱས།ཨེ་དིས་སན་འཛམ་གླིང་ན་སྙན་པ་འབར་བའི་གསར་གཏོད་པ་ཆེན་མོ་དང་ཚན་རིག་པ་ཆེན་མོར་གྱུར་དོན་ནི།ཁོང་གི་ཨ་མའི་སློབ་གསོ་དང་།ཨ་མའི་ཚད་དང་རན་པའི་རེ་བ།ད་དུང་ཚད་དང་རན་པའི་སློབ་གསོའི་ཐབས་ཤེས་བཅས་དང་ཁ་འབྲལ་ཐབས་ཡོད་པ་མ་རེད།

དཔྱད་འཇོག

ཁྱིམ་བདག་གི་རེ་བས་བུ་ཕྲུག་གི་མཚར་ལོངས་ལ་ཤུགས་རྐྱེན་ཆེ།སེམས་ཁམས་རིག་པས་བསྟན་དོན།ཕ་མས་བུ་ཕྲུག་ལ་བཅངས་པའི་རེ་བ་ཇི་ལྟར་ཆེ་བ་དེ་ཙམ་གྱིས་བུ་ཕྲུག་གི་བློ་རིག་པ་དང་སློབ་སྦྱོང་གྲུབ་འབྲས་ཆེ་བ་དང་།དེ་ལས་ལྡོག་ན་དེ་བཞིན་ཡིན་པར་བསྙད།དེས་ཁྱིམ་བདག་གི་རེ་བ་ནི་ཁྱིམ་ཚང་སློབ་གསོའི་ཡག་ཉེས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་ཤུགས་ཀྱིས་ར་སྤྲད་དོ།།

མིག་དཔེ་སློབ་གསོ།༼ ༣ ༽ འཇོན་ཐང་ངོ་མ་བསྔོག་འདོན།[རྩོམ་སྒྲིག]

དུས་རབས་19པའི་གྲངས་རིག་རིག་པ་བ་དང་དངོས་ལུགས་རིག་པ་བ་གྲགས་ཅན་མའ་ཁུ་སི་བེལ་ལོ་ན་ཕྲ་བའི་དུས།ཐེངས་ཤིག་ལ་ཁོང་གི་ཕ་ལགས་ཀྱིས་འགུལ་མེད་དངོས་པོའི་རི་མོ་འབྲི་རུ་བཅུག འབྲི་བྱ་ནི་མེ་ཏོག་རྫ་མ་ཞིག་རེད།མའ་ཁུ་སི་བེལ་གྱིས་འབྲི་ཤོག་ཡར་སྤྲོད་སྐབས།ཁོང་གི་ཕ་ལགས་དབང་མེད་དུ་གད་མོ་ཤོར།རྒྱུ་མཚན་རི་མོ་ཆ་ཚང་དབྱིབས་རྩིས་རིས་དབྱིབས་ཀྱིས་བྲིས་འདུག་པ་རེད།མེ་ཏོག་ནི་སྐས་དབྱིབས་དང་།མེ་ཏོག་གུར་གུམ་ནི་ཆེ་ཆུང་མི་གཅིག་པའི་སྒོར་དབྱིབས།ད་དུང་ཟུར་སུམ་དབྱིབས་ཡ་མཚན་ཅན་མང་བོ་ཡོད་པ་དེས་ཧ་ལམ་ལོ་མ་མཚོན་པ་རེད།བུ་ཆུང་མའ་ཁུ་སི་བེལ་གྱི་མིག་ལམ་ན།དངོས་གཟུགས་མང་བོའི་སྣང་བརྙན་དེ་དབྱིབས་རྩིས་རིས་དབྱིབས་སུ་གྱུར་འདུག་པ་རེད།སེམས་ཞིབ་པའི་ཕ་ལགས་ཀྱིས་བུ་ཆུང་མའ་ཁུ་སི་བེལ་གྱི་གྲངས་རིག་ལ་ཚོར་སྣང་སྐྱེན་པའི་ཆ་དེ་མཐོང་བས།ཕ་ལགས་ཀྱིས་ཁོང་ལ་དབྱིབས་རྩིས་ཁྲིད་འགོ་བརྩམས།དེའི་རྗེས་ཚབ་རྩིས་ཀྱང་ཁྲིད་འགོ་བརྩམས་པ་རེད།ངོ་མ།ཅང་མ་འགྱངས་པར་མའ་ཁུ་སི་བེལ་གྱི་གྲངས་རིག་གི་ཧ་ལས་པའི་ཤེས་རབ་ཀྱི་འོད་སྣང་ནམ་མཁར་འཕྲོས།ཁོང་ལོ་ན་15ལ་སོན་སྐབས།《ཨེ་དིན་པའོ་སྤྱིན་རིག་ཚགས་ཤོག་》སྟེང་གྲངས་རིག་དཔྱད་རྩོམ་ཞིག་སྤེལ་བ་དེར།དགེ་རྒན་ཆེན་མོ་དག་གིས་ཧ་ལས་པའི་ཤུགས་རིང་ནར་ནར་དང་བསྔགས་བརྗོད་བླ་མེད་ཐོབ།

དཔྱད་འཇོག

སྐྱེ་འཕེལ་ཚད་ལྡན་ཅན་གྱི་བྱིས་པ་ཞིག་ཡིན་ཕྱིན།ལོ་ན་ལྔ་དང་དྲུག་གི་མཚམས་སུ་ཕྱོགས་གཅིག་ལ་ཚོར་བ་སྐྱེན་པའམ་ཤུགས་དྲག་པོའི་མཚར་སྣང་འབྱུང་བའི་འགོ་རྩོམ།གལ་ཏེ་ཕ་མར་གྱུར་བ་ཚང་མས་མའ་ཁུ་སི་བེལ་གྱི་ཨ་ཕ་ནང་བཞིན་བྱིས་པའི་ཚོར་བ་སྐྱེན་པའི་ཆ་ཤས་དེ་དུས་ལས་མ་ཡོལ་བར་འཛིན་ཐུབ་ནས།ཕྱོགས་སུ་རྒྱུ་བར་རམ་འདེགས་ཀྱི་སྣེ་སྟོན་ཐོབ་ཚེ།བྱིས་པའི་ཤེས་རབ་ཀྱི་སྒོ་མོ་འབྱེད་ཐུབ་པ་གདོན་མི་ཟའོ།།

མིག་དཔེ་སློབ་གསོ།༼ ༤ ༽ སྒེར་ཚུགས་ངང་འཚོ་བའི་ནུས་པ་གསོ་སྐྱོང་།[རྩོམ་སྒྲིག]

འཇར་མན་རྒྱལ་ཁབ་ཏུ།ལོ་ན་6ཅན་གྱི་བྱིས་པས་ཕ་མར་དཀར་ཡོལ་བཀྲུ་རོགས་་དང་ཐང་ཕྱགས་རོགས།དངོས་པོ་ཉོ་རོགས་བྱེད་དགོས།ལོ་ན་10一14ཅན་གྱི་བྱིས་པས་ལྡུམ་རའི་རྩྭ་ཡག་ལས་ཀྱིས་འབྲེག་པ་སོགས་ཀྱི་ངལ་རྩོལ་བྱེད་དགོས།ཨ་རི་རྒྱལ་ཁབ་ཏུ།ལོ་ན་གཅིག་ལྷག་ཅན་གྱི་བྱིས་པས་རང་སྒེར་གྱིས་ཟ་མ་ཟ་དགོས།ཕ་མས་བྱིས་པ་རྐུབ་སྟེགས་སུ་བསྡམས་རྗེས།ཟ་མ་མདུན་ཅོག་ལ་འཇོག་པ་དང་།བྱིས་པ་རང་ཉིད་ཀྱིས་གྲི་ཆུང་བཟུང་ནས་ཟ་དགོས།ཕ་མས་དཀར་ཡོལ་བཟུང་ནས་བྱིས་པའི་རྗེས་སུ་རྒྱུགས་འདེད་དང་ཁ་ནང་དུ་ལྡུད་པའི་རྣམ་པ་དེ་འདྲ་མཐོང་དཀོན་པ་ཡིན་ནོ།།  

དཔྱད་འཇོག

དེང་སང་ཁྱིམ་བདག་གིས་བྱིས་པར་འཚོ་བ་དང་སློབ་སྦྱོང་གི་ཆ་རྐྱེན་གྱ་ནོམ་པ་རེ་མཁོ་འདོན་བྱེད།དེས་སློབ་གསོའི་འགལ་རྐྱེན་ཆེན་པོ་ཞིག་བསྐྱེད་ཡོད་ལ།དེ་ནི་ཚད་ལས་འདས་པའི་སྲུང་སྐྱོབ་བྱས་པ་དེ་རེད།དོན་དངོས་ལ་གཞིགས་ན།ཤེས་རབ་ཀྱི་གཞི་རྒྱུ་མ་ཡིན་པའི་སེམས་ཁམས་སྤུས་ཚད་དང་ཡ་རབས་ཀྱི་མི་གཤིས་ནི་མིག་སྔའི་ངེད་ཅག་གི་སློབ་གསོའི་གནད་དོན་ཚབས་ཆེ་ཤོས་དེ་ཡིན་པ་རེད་དོ།།

 

མིག་དཔེ་སློབ་གསོ་༼ ༥ ༽ བྱིས་པས་དགོས་ངེས་ཀྱི་ངལ་རྩོལ་སྦྱོང་བརྡར་ཉམས་སུ་མྱོང་བ།[རྩོམ་སྒྲིག]

རྒྱུས་ལོན་པ་ལྟར་ན།ཨ་རི་དང་འཇར་པན།དབྱིན་ཇི་སོགས་ཀྱི་སློབ་གསོའི་ཁྲིམས་སྲོལ་ཁྲོད།བྱིས་པ་ལ་ཐད་གཟས་ཀྱི་ངལ་རྩོལ་དུས་ཚོད་ཡོད་ལ།ཁྱིམ་ཚང་དང་སློབ་གྲྭ་གང་གིས་ཀྱང་བྱིས་པའི་ཁེ་དབང་འདི་བཙན་འཕྲོག་མི་ཆོག་པའོ།།

དཔྱད་འཇོག

ཆུང་དུས་ནས་དགོས་ངེས་ཀྱི་ངལ་རྩོལ་སྦྱོང་བརྡར་ཐོབ་ན།བྱིས་པའི་ངལ་རྩོལ་གོ་རྟོགས་གསོ་སྐྱོང་དང་།ཚུགས་ཐུབ་ཀྱི་ནུས་པ་མཐོར་འདེགས།དཀའ་ངལ་ལ་གདོང་གཏོད་པའི་སྙིང་སྟོབས་གསོ་བ་མ་ཟད།དེ་ནི་སེམས་ཁམས་དང་མི་གཤིས་བདེ་ཐང་ལ་མེད་དུ་མི་རུང་བའི་བསླབ་ཚན་གལ་ཆེན་ཞིག་ཀྱང་ཡིན་པ་རེད།མ་ཟད་མ་འོངས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་ལ་མཁས་བསྟུན་ནུས་པ་རེད།རྒྱུ་མཚན་ནི།མ་འོངས་པའི་སྤྱི་ཚོགས་ཁྲོད།ཚད་ལྡན་གྱི་འཇོན་མི་ཞིག་ཡིན་དགོས་ན།རྫོངས་སྟུག་པའི་ཤེས་བྱ་ཡོད་པ་ཙམ་གྱིས་མི་ལོངས་པར།སྙོམ་སྒྲིག་གི་ནུས་པ་མཐོ་ཚད་ཅིག་དང་། ལག་བསྟར་གྱི་ནུས་པ་དང་འགྱུར་མེད་ཀྱི་འདུན་མ་སོགས་ལྡན་དགོས་པས་རེད།དེའི་རྐྱེན་གྱིས་བྱིས་པར་ཆུང་དུས་ནས་དགོས་ངེས་ཀྱི་ངལ་རྩོལ་སྦྱོང་བརྡར་ཐོབ་དགོས།ལག་པ་འགུལ་བའི་ནུས་པ་གསོ་དགོས་པ་མ་ཟད།ངལ་རྩོལ་ཁྲོད་ནས་བྱིས་པའི་ཕན་ཚུན་བར་གྱི་སྙོམ་སྒྲིག་ནུས་པ་དང་དཀའ་བ་བརྒྱ་ཕྲག་ལས་རྒྱལ་ཐུབ་པའི་འགྱུར་མེད་ཀྱི་འདུན་མ་གསོ་སྐྱོང་དགོས་སོ།།

མིག་དཔེ་སློབ་གསོ།༼ ༦ ༽ ལག་ལེན་དངོས་ལས་སློབ་གསོ་ཐོབ་པ།[རྩོམ་སྒྲིག]

སུ་ཝའེ་དན་རྒྱལ་ཁབ་ཏུ།ལོ་ན་2ལྷག་ཅན་གྱི་འཛིན་གྲྭ་ཆུང་བའི་སློབ་མས་ཐོག་མར་སྦྱོང་པའི་ཐ་སྙད་ནི་“བདེ་མོ།ཐུགས་རྗེ་ཆེ་”མ་གཏོགས།ཚང་མ་ནགས་ཚལ་ཁྲོད་ཀྱི་རྩི་ཤིང་དང་ཤིང་ཏོག་གི་མིང་ཡིན་པ་རེད།དབྱར་ཁར།གཟའ་འཁོར་གཅིག་ལས་ཉིན་གཉིས་ལ་དགེ་རྒན་གྱིས་གཅེས་ཕྲུག་ཚོ་ནགས་ཚལ་དུ་ཁྲིད་ནས་རྩེད་འཇོར་གཡེང་བ་དང་ཚོད་ལྟ་སྒྲུབ་པ་རེད།དཔེ་གཅིག་བཞག་ན།ས་ནས་ཁུང་བུ་ཁ་ཤས་བསྐོས་ནས།ཁུང་བུ་ལ་རེ་རེ་བཞིན་ཆུ་ཤོག་དང་ཤོག་བུ།ཤེལ།ངང་ལག་ཤུབས་སོགས་བཅུག་ནས།གཟའ་འཁོར་འགའི་རྗེས་ནས་དེ་དག་རེ་རེ་བཞིན་སྒོ་ཕྱིར་བཏོན་ནས་འགྱུར་ལྡོག་ག་འདྲ་ཡོད་པར་ལྟ་བ།དེ་ལས་བྱིས་པར་ས་ལས་གད་སྙིགས་གང་དག་འཇུ་ཐུབ་པ་དང་གང་དག་འཇུ་མི་པ་ལྟ་བུ།སས་འཇུ་མི་བཏུབ་པ་དཔེར་ན་ཤེལ་ཡིན་ལ།དེས་ད་དུང་མི་དང་སྲོག་ཆགས་ཀྱི་རྐང་བར་རྨས་སྐྱོན་བཟོ་སྲིད་པ་མ་ཟད།ཤེལ་གྱི་ཉི་འོད་ལྡོག་འཕྲོ་ལས་མེ་སྐྱོན་འབྱུང་བའི་ཉེན་ཁ་ཡང་ཡོད།དེ་བས་ཤེལ་རིགས་གད་སྙིགས་གང་སར་འཕེན་མི་ཉན་པ་དེ་རྟོགས་པར་བྱེད།སུ་ཝའེ་དན་རྒྱལ་ཁབ་ཀྱི་ཁོར་ཡུག་འཛུགས་སྐྲུན་དེ་ཀུན་གྱི་མིག་དཔེར་ལྟ་བ་དེ་ནི།ན་ཆུང་བྱིས་པའི་སློབ་གསོ་དང་ཁ་འབྲལ་ཐབས་ཡོད་པ་མ་རེད།

དཔྱད་འཇོག

གཞུང་ལུགས་སློབ་གསོ་དང་སྡུར་ཚེ།ལག་ལེན་སློབ་གསོ་ནི་སྣང་བརྙན་ཅན་དང་ཐད་ཀར་ཅན་གྱི་ནུས་པ་ཡོད་པས།ན་ཆུང་བྱིས་པས་དང་ལེན་སླ་བ་རེད།སུ་ཝའེ་དན་རྒྱལ་ཁབ་ཀྱི་ལག་ལེན་བྱ་འགུལ་དངོས་བརྒྱུད་ནས་བྱིས་པའི་རང་བྱུང་ཁམས་ལ་དགའ་བ་དང་།འཚོ་བ་དང་མིའི་རིགས་ལ་དགའ་བའི་སེམས་སྐྱེད་སྲིང་གི་སློབ་གསོའི་བྱེད་ཐབས་འདི་ང་ཚོས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་ཡིན་པར་འདོད་དོ།།

ཆུ་ལས་འབར་གྱིས་བསྒྱུར།