འཛམ་གླིང་གི་བརྩམས་སྒྲུང་གྲགས་ཅན་སྒེའུ་ཁུང་

ཡོང་ཁུངས་Wikipedia

སྒེའུ་ཁུང་། ཐེ་ཀི་ཐི (ཨོ་སི་ཁྲི་ལི་ཡ)

1 སྨན་ཁང་ཞིག་ཏུ། ནད་པ་གཉིས་བསྡད་ཡོད། ཁོ་གཉིས་ཀྱི་ནད་གཞི་ཧ་ཅང་ལྕི། ནད་ཁང་འདི་རབ་ཏུ་དོག་པས། མལ་ཁྲི་གཉིས་མ་གཏོགས་མི་ཤོང་། ནད་ཁང་ལ་སྒོ་གཅིག་དང་སྒེའུ་ཁུང་ཞིག་ཡོད། སྒོ་བར་ཁྱམས་སུ་འཁོར་འདུག སྒེའུ་ཁུང་ལས་ཕྱི་རོལ་གྱི་འཇིག་རྟེན་མཐོང་ཐུབ། དེ་ལས་ནད་པ་གཅིག་ནི། ཡར་འགུལ་མར་འགུལ་བྱ་ཆོག་སྟེ། ཉིན་རྒྱུན་སྔ་དྲོ་དང་ཕྱི་དྲོར་སྐྱོར་འདེགས་ཀྱིས་ཆུ་ཚོད་གཅིག་རེར་རྒྱབ་སྙེས་ཀྱིས་ཙོག་ནས་སྡོད་དུ་བཅུག་ཡོད། ནད་པ་འདི་བའི་ནད་ཁྲི་སྒེའུ་ཁུང་གི་ཉེ་སར་ཡོད། ནད་པ་ཅིག་ཤོས་ནི་ཉིན་མཚན་དབྱེར་མེད་དུ་ནད་ཁྲི་རུ་ཉལ་ཉལ་དུ་བསྡད་ཡོད། ཁོ་གཉི་ཀར་ལྷིང་འཇགས་ཀྱི་གསོ་བཅོས་མཁོ། དེར་བརྟེན་ཁོ་གཉིས་ཀས་ཆེས་སྡུག་བསྔལ་དུ་འདོད་པ་ནི། དོན་དག་གི་ཐབས་གང་རུང་ལ་བརྟེན་ནས་ནད་གཞི་སྐྱོ་བསང་བྱ་མི་ཆོག་སྟེ། དེབ་ཚགས་དང་བརྙན་འཕྲིན་ལ་བལྟ་མི་རུང་ཞིང་། སྒྲ་སྡུད་འཕྲུལ་ཆས་ལའང་ཉན་མི་རུང་བར་ལྷིང་འཇགས་ཀྱིས་མལ་དུ་གནས་དགོས་པ་ཡིན། མ་ཟད་ཁོ་གཉིས་ཁོ་ནའོ། །

2 ཁོ་གཉིས་ཀྱིས་རྒྱུན་པར་ཁ་བརྡ་བྱེད་ཅིང་། ཁ་བརྡའི་འགོ་བརྩམས་ཚེ་ཆུ་ཚོད་འགའ་རུ་བྱེད། ཁོ་གཉིས་ཀྱིས་རང་རང་གི་ཆུང་མ་དང་བུ་ཕྲུག རང་རང་གི་བྱ་བ། རང་རང་གིས་དམག་འཁྲུག་ཁྲོད་ནས་ཅི་ཞིག་བསྒྲུབས་པ་དང་། ས་ཆ་གང་དུ་སྤྲོ་གསེང་སོང་བ་སོགས་ཀྱི་ཁ་བརྡ་བྱེད། ཉིན་རྒྱུན་གྱི་སྔ་དྲོ་དང་ཕྱི་དྲོའི་དུས་ཚོད་ཐོན་མ་ཐག སྒེའུ་ཁུང་གི་ཉེ་སར་ཡོད་པའི་ནད་པ་སྐྱོར་འདེགས་ཀྱིས་ཆུ་ཚོད་གཅིག་ལ་རྒྱབ་སྙེས་ཀྱིས་ཙོག་པུར་འདུག་དུ་འཇུག ཐེངས་རེ་རེར་འདིའི་སྐབས་སུ། ཁོས་སྒེའུ་ཁུང་ཕྱི་རོལ་ནས་ཅི་མཐོང་ཡོད་ཚད་ཁོའི་ནད་གྲོགས་ལ་ཞིབ་བརྗོད་བྱེད་པར་རྩོམ། བགས་ཀྱིས། ཉིན་རྒྱུན་གྱི་དུས་ཚོད་འདི་གཉིས་པོ། ཕལ་ཆེར་ཁོ་དང་ཁོའི་འདུག་རོགས་གཉིས་ཀྱི་འཚོ་བའི་ཡོད་ཚད་དུ་གྲུབ་ཡོད། སྒེའུ་ཁུང་ལས་ཐུར་ལྟ་བྱས་ན། སྤྱི་གླིང་ཞིག་འདུག སྤྱི་གླིང་དུ་མཚེའུ་ཞིག་འདུག མཚེའུའི་ངོས་སུ་ཕར་རྐྱལ་ཚུར་རྐྱལ་བྱེད་པའི་ཆུ་བྱ་གག་པ་དང་ངང་དཀར་ཁྱུ་ཚོགས་ཤིག་འདུག་པ་སོགས་ཧ་ཅང་གསལ་བོར་མཐོང་ཐུབ། སྤྱི་གླིང་ནང་གི་བྱིས་པ་ལ་ལས་གོར་སོབ་ཆུ་བྱར་སྟེར་ཞིང་། ཡང་ལ་ལས་ཤོག་གྲུ་ཆུ་ནང་དུ་གཏོང་། ཞེ་མཐུན་གྱི་ན་གཞོན་ཕོ་མོས། ལག་འཇུ་བྱས་ཏེ་ནགས་གསེང་དུ་འཆམ་འཆམ་བྱེད། སྤྱི་གླིང་དུ་རྒྱ་སེ་མེ་ཏོག་གཙོར་བྱས་ཏེ་མེ་ཏོག་སྣ་ཚོགས་རྣམ་པར་བཞད། ཕན་ཚུན་ལ་མཛེས་སྡུག་འགྲན་པ་འདྲ་བའི་ཤིང་པདྨ་དང་། མེ་ཏོག་ལེ་བརྒན་ཡང་འདུག སྤྱི་གླིང་གི་ཟུར་ཞིག་ཏུ། དྲྭ་ལྒང་རྒྱག་ས་ཞིག་ཡོད་ལ། མཚམས་རེར་དེ་གར་ཡིད་དབང་འཕྲོག་པའི་འགྲན་སྡུར་བྱ་འགུལ་ཡང་སྤེལ། རྒྱུན་དུ་ལྒང་ལི་འགྲན་སྡུར་བྱེད་ཐེངས་འགའ་རེ་འདུག ལྒང་ལི་རྒྱག་རྩལ་ནི་འགྲན་སྡུར་ངོ་མའི་ཆུ་ཚད་ལ་སླེབས་མེད་ནའང་། ཅི་ཡང་མེད་པ་ལས་ཧ་ཅང་བཟང་། དེ་གར་ད་དུང་ཤིང་འདྲུལ་སྤོ་ལོ་རྒྱག་སའི་ནེའུ་གསིང་ཞིག་འདུག སྤྱི་གླིང་གི་མགོ་སྟོད་དུ་ཚོང་ཁང་བསྟར་ཕྲེང་དུ་འདུག ཚོང་ཁང་འདི་དག་གི་ལྟག་རྒྱབ་ཏུ་འདུ་འཛི་རྒོད་པའི་གྲོང་ཁུལ་ཞིག་གསལ་ལ་མི་གསལ་བར་མཐོང་། མལ་དུ་ལོག་པའི་ནད་པས་སྤྲོ་སྣང་ལྡན་པའི་ངང་ནས་འདི་དག་ཡོད་ཚད་ལ་ཉན།སྐབས་འདིའི་སྐར་ཆ་རེ་རེ་ནི་ཁོ་ལ་མཚོན་ན་ཆེས་བདེ་སྐྱིད་ཀྱི་ལོངས་སྤྱོད་ཅིག་རེད།

3 ཞིབ་བརྗོད་མུ་ནས་བྱས་པ་སྟེ། བྱིས་པ་ཞིག་ཨེན་ཙམ་མིན་ན་མཚོ་ནང་དུ་ལྷུང་།དབྱར་ལྭ་གྱོན་པའི་བུ་མོ་ནི་ཇི་འདྲའི་ཡིད་དུ་འོང་བ་ཞིག་རེད། དེ་ནས་ཡང་ངོ་མཚར་ལྡན་པའི་དྲ་ལྒང་འགྲན་སྡུར་བྱས། ཁོས་གསོན་ཉམས་ལྡན་པའི་ཞིབ་བརྗོད་འདི་དག་ལ་ཉན་ཚེ། རང་ཉིད་ཀྱིས་སྒེའུ་ཁུང་གི་ཕྱི་རོལ་གྱི་དོན་དག་ཡོད་ཚད་དངོས་སུ་མཐོང་བ་དང་འདྲ། ཉིན་ཞིག་གི་ཕྱི་དྲོར། ཁོས་སྒེའུ་ཁུང་ལ་འཁེན་པའི་ནད་པས་པང་ལེབ་སྤོ་ལོ་རུ་མི་ཞིག་གིས་དལ་དལ་ལྷོད་ལྷོད་ངང་སྤོ་ལོ་གང་སར་རྒྱག་གིན་ཡོད་པ་དེ་བཤད་པ་གོ་བ་ན།གློ་བུར་དུ་བསམ་ཚུལ་ཞིག་སྐྱེས་བྱུང་། ཁོ་ཅིའི་ཕྱིར་སྒེའུ་ཁུང་གམ་ནས་འདུག་མཁན་ཡིན་དགོས་པ་རེད། ཁོར་ཅིའི་ཕྱིར་སྒེའུ་ཁུང་གི་ཕྱི་རོལ་གྱི་ཡོད་ཚད་ལ་བལྟ་ཐུབ་པའི་བསོད་ནམས་ཡོད་སོང་བ་རེད། ང་ལ་ཅིའི་ཕྱིར་གོ་སྐབས་འདི་མ་ཐོབ་པ་རེེད། ཁོས་བསམ་ཚུལ་འདི་འདྲ་སྐྱེས་པར་ངོ་གནོང་ཞིང་། ནུས་ཤུགས་ཡོད་ཚད་ཀྱིས་འདི་འདྲ་བསམ་མི་འདོད་ཀྱང་། ཇི་ལྟར་རང་ལ་ཚོད་འཛིན་བྱས་ན། དེ་ལྟར་ཇེ་དྲག་ཏུ་འགྱུར་བཞིན་འདུག ཁོ་ཉིན་དཀར་མཚམས་མེད་དུ་བསམ་ཚུལ་འདིས་ངལ་དུབ་བཟོས་ཤིང་། དགོང་མོ་ཡང་ཞག་གང་བོར་གཉིད་མ་ཡོང་བས། མཇུག་མཐར། ནད་གཞི་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་ཕྱིན་ལ། སྨན་པ་ཚོས་དེའི་རྒྱུ་རྐྱེན་ཤེས་མ་བྱུང་།

4 ཉིན་ཞིག་གི་དགོང་མོར། ཁོས་སྔར་རྒྱུན་ལྟར་མིག་ཟུང་གིས་གནམ་གཅལ་དུ་བལྟས་ནས་འདུག སྐབས་འདིར། སྒེའུ་ཁུང་ལ་གཏུག་པའི་ནད་པ་གློ་བུར་དུ་སད་བྱུང་ལ། གློ་ལུ་རྒྱག་མགོ་བརྩམས། དབུགས་འཚང་ཞིང་གཤེར་གཟུགས་ཀྱིས་ཁོའི་གློ་སྦུག་བཀག་སོང་། ཁོས་གློག་དྲིལ་གྱི་མཐེབ་གནོན་ལག་མྱུལ་བྱེད་ཀྱིན་འདུག གློག་དྲིལ་གྲག་ཏུ་འཇུག་ཐུབ་ཚེ།ལས་རེས་ནད་གཡོག་མ་ལམ་སེང་ཤོར་ཡོང་ངེས། འོན་ཀྱང་། སྒེའུ་ཁུང་ཁར་མེད་པའི་ནད་པས་འགུལ་ཙམ་ཡང་མི་བྱེད་པར་ལྟད་མོ་བལྟས་ནས་འདུག སེམས་སུ། ཁོས་ཅི་ཞིག་ལ་སྒེའུ་ཁུང་གམ་གྱི་མལ་ཁྲི་བདག་འཛིན་བྱ་དགོས་པར་འདོད། མནར་གཅོད་ཀྱི་གློ་ལུ་མཚམས་ཆད་མེད་པར་བྱུང་མཐར། དབུགས་ཀྱི་རྒྱུ་བ་ཡེ་ནས་འགག་སོང་། སྒེའུ་ཁུང་ལ་གཏུག་མེད་པའི་ནད་པས་སྔར་བཞིན་གནམ་གཅལ་དུ་བལྟས་ནས་འདུག ཕྱི་ཉིན་ཞོགས་པར། སྨན་པས་སྒེའུ་ཁུང་གམ་གྱི་ནད་པ་ཤི་སོང་བ་ཤེས། ཁོ་ཚོས་འཇམ་ཅག་གེར་བེམ་པོ་ཕྱི་རུ་འཁྱེར། ཉིན་འགའ་འགོར་རྗེས། ཧ་ལམ་ཁ་གྲག་པར་འོས་འཚམ་ཡིན་པ་འདྲ། ཤུལ་དུ་ལུས་པའི་ནད་པས་མྱུར་བར་སྒེའུ་ཁུང་གམ་གྱི་ནད་ཁྲི་རུ་སྤོར་མི་ཐུབ་བམ་ཞེས་རེ་བ་བཏོན། སྨན་པས་ཁོ་རང་བདེ་བདེ་འཇམ་འཇམ་གྱིས་ནད་ཁྲི་དེ་གར་བཀོད་སྒྲིག་བྱས། དེ་ནས་ཁོ་ཚོ་ནད་ཁང་དང་ཁ་བྲལ་ལ། ཤུལ་དུ་ཡོད་པའི་ཁོས་ལྷིང་འཇགས་ཀྱིས་ངལ་གསོ་གནང་། སྨན་པ་སོང་རྗེས། ནད་པ་ཁོ་སྡུག་བསྔལ་ཆེན་པོས་འཕག་འཚག་རྒྱག ལག་ངར་གཅིག་ལ་བརྟེན་ནས་ལུས་པོ་ཡར་ལ་དགྱེ་ལ། དབུགས་ཧད་ཧད་བྱས། ཁོས་སྒེའུ་ཁུང་ལས་རྒྱང་བལྟ་བྱས།