འཛམ་གླིང་ཁྱོན་དུ་བོད་སྐད་སྤྱོད་བཞིན་པའི་ཡུལ་གྲུ་ག་ཙམ་ཡོད་དམ་

ཡོང་ཁུངས་Wikipedia

རྒྱལ་ཁབ་ལྟར་དབྱེ་ན། བོད་སྐད་བེད་སྤྱོད་བྱེད་མཁན་རྒྱལ་ཁག་ལྔ་རུ་ཁྱབ་ཡོད་པ་སྟེ། ཀྲུང་གོའི་བོད་ཡུལ་དང་། འབྲུག་ཡུལ། བལ་པོ། རྒྱ་གར། པ་ཀི་སི་སྟན་བཅས་ཡིན་ཞིང་། བོད་སྐད་ནང་ཁུལ་ལ་ཡུལ་སྐད་མི་འདྲ་བ་ཆེ་ཁག་ཁ་ཤས་ཤིག་གཤམ་དུ་བཀོད་ཡོད་ལ། དེ་ནི་ངའི་བློ་ངོར་ཡོད་ཚད་རགས་བསྡུས་ཀྱིས་བཀོད་པ་ཙམ་ལས་ཞིབ་འཇུག་གཏིང་ཟབ་བྱས་ཐུབ་མེད། སྣོན་འཕྲི་དང་། མིང་འདོགས་སྟངས། དབྱེ་བ་དགར་སྟངས་སོགས་ལ་བསམ་འཆར་འདོན་རོགས། བོད་ཡུལ། • དབུས་སྐད། ལྷ་ས་གྲོང་ཁྱེར་ཁོང་གཏོགས་ཀྱི་རྫོང་ཁ་ཤས། • གཙང་སྐད། གཞིས་རྩེ་ས་ཁུལ། • ཀོང་པོའི་སྐད། ཉིང་ཁྲི་ས་ཁུལ། • སྟོད་སྐད། མངའ་རིས་ཁུལ། • ལྷོ་ཁའི་སྐད། ལྷོ་ཁ་ས་ཁུལ། • ཧོར་སྐད། ནག་ཆུ་ཁུལ། • ཁམས་སྐད། ཆབ་མདོ་ས་ཁུལ། དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ། བདེ་ཆེན་ཁུལ། ཁམས་སྐད་བཤད་མཁན་ནི་ད་དུང་ཀན་ལྷོ་ས་ཁུལ་ཅོ་ནེ་དང་མངའ་རིས་ཁུལ་དགེ་རྩེ་རྫོང་སོགས་སུ་ཡང་ཡོད། • ཨ་མདོའི་སྐད། མཚོ་ཤར་ཁུལ། མཚོ་ལྷོ་ཁུལ། མཚོ་ནུབ་ཁུལ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ། མགོ་ལོག་ཁུལ། ཀན་ལྷོ་ཁུལ། རྔ་བ་ཁུལ། ད་དུང་དཀར་མཛེས་ཁུལ་གྱི་གསེར་རྟ། ལི་ཐང་། དཔལ་ཡུལ་སོགས་འབྲོག་སྡེ་མང་པོ་ཞིག་ནི་ཨ་མདོའི་སྐད་རྒྱག་མཁན་ཡིན།

འབྲུག་ཡུལ། • རྫོང་ཁ། རྫོང་ཁ་ནི་འབྲུག་གི་གཞུང་སྤྱོད་སྐད་ཡིན། རྫོང་ཁག་ཉི་ཤུའི་ནང་གི་རྫོང་ཁག་བརྒྱད་དེ། ཐིམ་ཕུ། སྤ་གྲོ། པུ་ན་ཁ། དབང་འདུས་ཕོ་བྲང་། སྒར་ས། ཧའེ། རྡ་གར་ན། ཆུ་ཁ་བཅས་ཀྱིས་ཡུལ་སྐད་ཡིན། • ཁྱོད་ཅ་ང་ཁ། ལྷུན་རྩེ་དང་མོན་སྒར་རྫོང་སོགས། • ལ་ཁ། དབང་འདུས་ཕོ་བྲང་གི་སྡེ་ཚོ་ཁ་ཤས། • མེ་རག་ས་སྟེང་འབྲོག་སྐད། བཀྲ་ཤིས་སྒང་གི་འབྲོག་སྡེ་ཁག་གཅིག • དུར་གྱི་འབྲོག་སྐད་དམ་འབྲོག་སྐད། བུམ་ཐང་གི་འབྲོག་པ་ཁག་གཅིག

བལ་ཡུལ། • ཤར་པའི་སྐད། ཤར་པའི་སྐད་ནི་རི་བོ་ཇོ་མོ་གླང་མ་དང་གངས་ཅན་མཛོད་ལྔའི་འགྲམ་རྒྱུད་ཀྱི་སྡེ་ཚོ་ཁག དེ་ཡང་ཤར་ཁུམ་བུ། རྡོ་ལ་ཁ། ཏྲ་པོལ་ལྗོངས། སན་ཁུ་ཝ་ས་སྦ། སེན་དྷུ་པལ་ཅོག་སོགས་དང་ད་དུང་བོད་ཀྱི་འགྲམ་ས་ཁུལ་དུ་ཡང་བེད་སྤྱོད་བྱེད་མཁན་ཡོད། • དོལ་བོའི་སྐད། དོལ་བོ་རྫོང་། • གློ་བོའི་སྐད། གློ་སྨིན་ཐང་རྫོང་། • གྲོག་པོ་སྒོ་ལའི་སྐད། ཏྲ་པོལ་ལྗོངས་རྫོང་ཁོངས་ཀྱི་སྡེ་ཚོ་ཁ་ཤས་ཤིག

རྒྱ་གར། •འབྲས་ལྗོངས་སྐད། འབྲས་ལྗོངས་མངའ་སྡེའི་ཁུལ། • ལ་དྭགས་སྐད། འཇམ་མུ་ཀ་ཤི་མིར་མངའ་སྡེའི་ལ་དྭགས་རྫོང་། སྐར་རྒེལ་རྫོང་ཁོངས་ཀྱི་ཟངས་དཀར་སོགས། • པུ་རིག་སྐད། ལ་དྭགས་ཁོངས་ཀྱི་སྡེ་ཚོ་ཁ་ཤས། • སྤི་ཏི་སྐད། ཧི་མ་ཅལ་མངའ་སྡེའི་ཁོངས་ལ་ཧུལ་དང་སྤི་ཏི་སོགས། • གར་ཞྭ་སྐད། ལ་ཧུལ་དང་སྤི་ཏི། • ཉམ་སྐད། ཁུ་ནུ་རྫོང་།

པ་ཀི་སི་སྟན་། •སྦལ་ཏིའི་སྐད། སྦལ་ཏི་སི་ཐན་དང་རྒན་ཆེ་སོགས་ཕ་ཀི་ཐན་གྱི་བྱང་ཕྱོགས་ས་ཁུལ།

ཡུལ་སྐད་ཆེན་པོ་གསུམ་གྱི་ཁྱད་ཆོས། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་སོ་སོར་ཁྱད་པར་སྣ་ཚོགས་ཤིག་ཡོད་པའི་ནང་སྒྲ་གདངས་ཀྱི་ཁྱད་པར་ནི་གཙོ་བོ་ཞིག་སྟེ། དབུས་སྐད་ལ་མིང་གཞིའི་ཡི་གེར་སྔོན་རྗེས་མགོ་འདོགས་ཀྱི་ཡི་གེ་གཞན་སྦྱར་ཚེ་སྒྲ་གདངས་ཀྱི་འགྱུར་བ་མི་གསལ་ཞིང་། བྱ་དང་ཕྱ་ལྟ་བུ་ཡ་བཏགས་ཅན་གྱི་ཡི་གེ་ཁམས་དང་ཨ་མདོ་གཉིས་ཀྱི་ཀློག་སྒྲོས་དང་མི་འདྲ་བ་སོགས་ཀྱི་ཁྱད་པར་ཆེན་པོ་ཡོད། ཨམ་སྐད་དུ་མིང་གཞིའི་ཡི་གེ་ཀ་དང་ག་གཉིས། ཏ་དང་ད་གཉིས། འ་དང་ཨ་གཉིས་ལྟ་བུ་ལ་སྔོན་རྗེས་དང་མགོ་འདོགས་མ་ཞུགས་ཚེ་ཀློག་པའི་སྒྲ་གདངས་གཅིག་པ་དང་། གཞན་ཡང་གྲི་ལ་གྱི་དང་འགྲོ་ལ་འགྱོ་། མི་ལ་མྱི་སོགས་ཀྱི་བརྡ་རྙིང་གི་ཐ་སྙད་སོར་བཀོལ་ཀྱང་མང་པོ་ཡོད། ཁམས་སྐད་ལ་མིང་གཞིའི་ཡི་གེར་དབྱངས་ཨི་དང་ཨུ་གཉིས་སྦྱར་བའི་སྒྲ་འདྲ་བ་དང་། རྗེས་འཇུག་ང་དང་མ་གཉིས་སྦྱར་བའི་སྒྲ་གཅིག་པ་སོགས་ཡི་གེ་སོ་སོའི་ཀློག་སྒྲ་གཅིག་པ་མང་།

  དེ་མིན་དབུས་སྐད་སྒྲ་གདངས་ཀྱི་ཐད་ནས་དམའ་ལ་འཇམ་པ། ཨམ་སྐད་སྒྲ་གདངས་མཐོ་ལ་རྩུབ་པ། ཁམས་སྐད་ནི་དེ་གཉིས་ཀྱི་བར་གྱི་སྒྲ་གདངས་རན་པ་ཞིག་ཡིན་པ་སོགས་ཀྱི་ཡུལ་སྐད་སོ་སོར་རང་རང་གི་སྒྲ་གདངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་རེ་འདུག་པས། བོད་སྐད་གཅིག་གྱུར་བྱུང་དགོས་ཚེ་སྒྲ་གདངས་གཅིག་གྱུར་བྱེད་རྒྱུ་དེ་ཧ་ཅང་ནས་གལ་ཆེན་ཞིག་ཏུ་སྣང་།