Jump to content

འཚེ་མེད་ཕྱིར་རྒོལ་

ཡོང་ཁུངས་Wikipedia

【འཚེ་མེད་ཕྱིར་རྒོལ】ཅེས་པའི་གནའ་དེང་གཉིས་སུ་ཕྱེས་པའི་ཕྱི་མ་ནི་ཨེ་ཅིབ་ཀྱི་སེ་ཏི་མཆོག་གི་བསམ་བློའི་མལ་ལས་འཁྲུངས་ཤིང་། རྒྱ་གར་གྱི་སེམས་དཔའ་ཆེན་མོ་གན་ཏི་མཆོག་གིས། དེ་ཉིད་ཆེ་རུ་བསྐྱེད་དེ་ རྒྱ་གར་གྱི་སྣོད་བཅུད་བཙན་འཛུལ་བྱེད་པོར་ཕྱིར་རྒོལ་བྱེད་པའི་འཚེ་མེད་ལས་འགུལ་བསླངས། ཁོང་གིས་ཐོག་མར་བཏབ་པའི་བསམ་བློའི་ས་བོན་ནི་བདེན་པའི་ཨུ་ཚུགས ( insistence on truth)ཡིན་པ་དང་། དེ་ཉིད་ལེགས་སྦྱར་སྐད་དུ(सत्याग्रह satyāgraha)སཏྱཱ་ཏྲཧ་ཞེས་འབོད་ལ། ས་ཏ་ཡ་ནི་བདེན་པ་དང་། ཏྲཧ་ནི་ཨུ་ཚུགས་ཀྱི་དོན་ལ་འཇུག་པ་རེད་འདུག དེ་འདྲའི་བསམ་བློ་དེ་རིམ་གྱིས་ལས་འགུལ་གྱི་ངོ་བོར་གྱུར་པས། ཁོང་གིས་འཐབ་རྩོད་ཀྱི་ངོ་བོ་བདེན་པའི་ཨུ་ཚུགས་དང་། རྣམ་པ་འཚེ་མེད་ཞི་བ། ཐབས་ལམ་མི་བསྟུན་པ། དམིགས་ཡུལ་བཙན་འཛུལ་འགོག་རྒོལ་དང་། དེའི་བསམ་སྦྱོར་ལ་ཕྱིར་རྒོལ་བཅས་ཀྱི་གཞི་ལམ་རྣམ་གཞག་མཛད་དེ། འཚེ་མེད་ཕྱིར་རྒོལ(nonviolent resistance)དང་ཡང་ན། ཞི་བའི་འགོག་རྒོལ(civil resistance)གྱི་དབྱིན་ཚིག་གཏན་འབེབ་ཀྱིས་ཁོང་གིས་དབྱིན་ཡིག་ཀློག་པ་པོ་རྣམས་ལ་དེ་ལྟར་གསུངས་ཚུལ་དེ། ཡེ་ལོ1935ལོའི་ཟླ9ཚེས10ཉིན་རྒྱ་གར་སྤྱི་ཚོགས་ཞུབས་ཞུ་པ་རཱ་ཧོ་ལགས་ལ་བསྐུར་པའི་འཕྲིན་ཡིག་ཏུ ‘དཀྱུས་དམངས་ཀྱི་མི་འཁུར་པའི་ཐད་ཀྱི་བདག་གི་བསམ་བློ་ནི། ཐོ་རུའོ་ལགས་ཀྱི་བརྩམས་ཆོས་ལས་བྱུང་བར་བསྒྲགས་པ་དེ་ནི་གོ་འཛོལ་ཤོར་པ་ཞིིག་སྟེ། ཁོང་གི་བརྩམས་ཆོས་དེ་མ་མཐོང་བའི་སྔོན་ལ། ལྷོ་ཨ་ཧྥི་རི་ཀའི་ནང་དབང་འཛིན་པར་ཕྱིར་རྒོལ་བྱས་པ་ཡིན། ཡིན་ནའང་། ཚང་མས་མཁྱེན་གསལ་ལྟར་ལས་འགུལ་དེ་ནི། སྟབས་བསྟུན་གྱི་ཕྱིར་རྒོལ་ཞིག་ཡིན་ཙང་། ཡོངས་སུ་རྫོགས་པ་ཞིག་མ་ཡིན་ཀྱང་། བདག་གིས་གོ་ཅི་རཱ་ཐིའི་ཀློག་པོ་དག་ལ་བདེན་པའི་ཨུ་ཚུགས་ཞེས་པའི་བརྡ་མིང་གསར་པ་བཟོས་པ་ཡིན། ཐོ་རུའོ་ལགས་ཀྱི་བརྩམས་ཆོས་གྲགས་ཅན་དེའི་རྩོམ་བྱང་མཐོང་སྐབས། བདག་གིས་དབྱིན་ཡིག་ཀློག་པོ་དག་ལ་ཁོང་གི་ཚིག་འགྲོས་དེ་དག་ང་ཚོའི་འཐབ་རྩོད་ལ་དམིགས་ནས་གོ་བརྡ་སྤྲོད་པའི་འགོ་བརྩམས་པ་ཡིན། དེ་ལྟ་ནའང་། དཀྱུས་དམངས་ཀྱི་མི་འཁུར་པ་ཙམ་གྱིས་ང་ཚོའི་འཐབ་རྩོད་ཀྱི་གོ་དོན་ཧྲིལ་བོ་བརྒྱུད་བསྒྲགས་བྱེད་མི་བཏུབ་རུང་། དེ་ཉིད་རྩིག་རྨང་དུ་བཏིང་ནས། དེའི་སྟེང་ཞི་བའི་འགོག་རྒོལ་ཞེས་པའི་ཚིག་འགྲོས་དེ་མོས་མཐུན་བགྱིས་པ་ཡིན། ཞི་བའི་འགོག་རྒོལ་ལམ་འཚེ་མེད་ཕྱིར་རྒོལ་ནི། ནམ་ཞག་རྒྱུན་དུ་ང་ཚོའི་འཐབ་རྩོད་ཀྱི་ཆ་ཤས་གཅིག་ཙམ་སྒྲུབ་པ་ལའང་། མཁོ་གལ་ཆེ་བའི་ལས་འགུལ་ཞིག་ཡིན’ ཅེས་འཁོད་པ་གང་ལས་ཁོལ་ཕྱུང་བོད་སྒྱུར་བྱས་པ་ཡིན། ཁོང་གི་འཕྲིན་ཡིག་དང་། དེར་འཁོད་ཀྱི་དམིགས་བསལ་དབྱིན་ཚིག་བརྡ་སྐད། བདེན་པའི་ཨུ་ཚུགས་ཀྱི་ངོ་རྣམ་ཐབས་དམིགས་བཞི་པོ། གང་ལ་བལྟས་ཀྱང་། འཚེ་མེད་ཕྱིར་རྒོལ་ཞེས་བསྒྱུར་ན་འོས་ཤིང་འཚམས་པར་འདོད། རྒྱུ་མཚན་ནི་ སྐབས་འདིར་བསྟན་པའི་དབྱིན་ཚིག〝resistance〞སྔོན་གྱི”re”ཞེས་པ་མིིང་ཚིག་དང་བྱ་ཚིག་གི་སྔོན་དུ་སྦྱར་ཚེ། དེས་བསྐྱར་དང་སླར། ཕྱིར་ཞེས་པའི་དོན་སྟོན་པ་དང་། དབྱིན་ཚིག”nonviolent” ཞེས་པས་འཚེ་མེད་ཅེས་པའི་དོན་སྟོན་གྱིན་ཡོད་པས། འཚེ་མེད་བསྟུན་མེད་ལས་འཚེ་མེད་ཕྱིར་རྒོལ(nonviolent resistance)ཞེས་བསྒྱར་ན། བརྡ་སྐད་ཀྱི་དོན་ཧྲིལ་བོ་མཚོན་ཐུབ་པས་ལེགས་སྙམ། ཡང་གཅིག་བཤད་ན་ཕྱིར་རྒོལ་གྱི་ཤུགས་སུ་མི་བསྟུན་པའམ། མཉམ་ལས་མི་བྱེད་པ་བཅས་ཀྱི་དོན་འདུས་ཡོད་པས་སོ།།