Jump to content

འཚང་རྒྱ་

ཡོང་ཁུངས་Wikipedia

འཚང་རྒྱ་ཞེས་པ་ནི་སྒྲིབ་པ་ཐམས་ཅད་སྤངས་ཤིང་ཡེ་ཤེས་ཐམས་ཅད་རྫོགས་པར་གྱུར་ཏེ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་ཏེ། "མངོན་པར་རྫོགས་པར་འཚང་རྒྱ་བར་སེམས་ཅན་རྣམས་ལ་ནི་འདོད་"[]ཅེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པའི་དམ་བཅའ་མཛད་པ་ལ་གོ་དགོས། "སེམས་ཅན་རྣམས་ལ་ཕན་ཞིང་བདེ་བ་སྐྱེད་ལ་འཚང་རྒྱ་བའི་ཐབས་ཀྱི་དམ་པ་"[]ཞེས་བྱང་ཆུབ་ཀྱི་སེམས་ནི་འཚང་རྒྱ་བའི་ཐབས་དམ་པ་ཡིན་པར་གསུངས་སོ། །

འཚང་རྒྱ་བའི་རྣམ་གྲངས།

[རྩོམ་སྒྲིག]

"འཇིག་རྟེན་གསུམ་གྱིས་མཆོད་པའི་གནས་འཚང་རྒྱ་བར་སེམས་ཅན་རྣམས་ནི་འདོད་"[]ཅེས་དང་། "བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཤོག་ཅིག་"[]ཅེས་གསུངས་པ་ལྟར་མངོན་པར་རྫོགས་པར་འཚང་རྒྱ་བ་ཞེས་པའང་རྣམ་གྲངས་སུ་འཇོག་གོ །

འཚང་རྒྱ་བའི་རྒྱུ།

[རྩོམ་སྒྲིག]

འཚང་རྒྱ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་ཡིན་པར་གསལ་ཏེ། "སེམས་དེ་སྐྱེས་ན་མཐའ་གཉིས་ལ་མི་གནས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །"[]ཞེས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལས་འཚང་རྒྱ་བར་གསུངས་སོ། །

ཕ་རོལ་ཏུ་ཕྱིན་པ་དང་འཚང་རྒྱ་བའི་འབྲེལ་བ།

[རྩོམ་སྒྲིག]

བྱང་ས་ལས། "བྱང་ཆུབ་སེམས་དཔའ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །"ཞེས་གསུངས་པ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་པ་ལས་འཚང་རྒྱ་བར་གསུངས། དེ་ཡང་། དཀོན་མཆོག་སྤྲིན་ལས། "སྦྱིན་པ་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་བོ། །"ཞེས་སྦྱིན་པ་ལ་སོགས་པའི་ཕར་ཕྱིན་རྣམས་འཚང་རྒྱ་བའི་རྒྱུ་ཡིན་པར་གསུངས་སོ། །

འཚང་རྒྱ་བའི་གནས།

[རྩོམ་སྒྲིག]

"བྱང་ཆུབ་སྙིང་པོ་ནི་ཆོས་སྐུ་མངོན་དུ་བྱེད་པའི་གནས་ཏེ། ལོངས་སྐུར་འཚང་རྒྱ་བའི་གནས་འོག་མིན་དང་མཆོག་གི་སྤྲུལ་སྐུར་འཚང་རྒྱ་བའི་གནས་རྡོ་རྗེའི་གདན་བྱང་ཆུབ་ཀྱི་ཤིང་དྲུང་ལྟ་བུའི་བྱང་ཆུབ་སྙིང་པོ་དེ་དང་དེར་མཆིས་པའམ་གཤེགས་ཀྱི་བར་དང༌།"[] ཞེས་འཚང་རྒྱ་བའི་གནས་ཁྱད་པར་ཅན་རྣམས་གསུངས་སོ། །

འཚང་རྒྱ་བ་དང་སེམས་ཅན་གྱི་འབྲེལ་བ།

[རྩོམ་སྒྲིག]

"རྒྱལ་པོ་ལྟ་ཞིག་མགུ་ན་ཡང་སེམས་ཅན་མགུ་བར་བྱས་པ་ཡིས་ཐོབ་པར་འགྱུར་བ་གང་ཡིན་པའི་འབྲས་བུ་སངས་རྒྱས་ཉིད་རྒྱལ་པོ་དེས་སྦྱིན་མི་སྲིད་དོ། །"[]ཅེས་གསུངས་པ་ལྟར་སེམས་ཅན་མགུ་བར་བྱས་པ་ལས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས། "གང་ཞིག་གཞན་གྱི་འབྱོར་བ་ལ་ཁྲོ་བ་དེ་ལ་བྱང་ཆུབ་སེམས་ནི་ག་ལ་ཡོད་དེ་མེད་དོ། །"[]ཞེས་སེམས་ཅན་ལ་བྱམས་བརྩེ་མེད་ན་འཚང་རྒྱ་བའི་རྒྱུ་བྱང་ཆུབ་ཀྱི་སེམས་མི་འབྱུང་བར་གསུངས་སོ། །

སྐྱོན་སྤོང་བ།

[རྩོམ་སྒྲིག]

"སྔོན་སངས་རྒྱས་དཔག་མེད་འདས་པས་བདག་མ་བཏུལ་བ་བ་འདི་ཡིན་ན་ད་དུང་རང་གིས་རང་སྣོད་མ་ཡིན་པར་བྱས་ན་ངན་འགྲོར་ལྟུང་གི་སངས་རྒྱས་དང་ཕྲད་པར་མི་འགྱུར་རོ། །"[]ཅེས་སངས་རྒྱས་མང་པོ་བྱོན་ཡང་རང་ཉིད་སྣོད་དུ་མ་གྱུར་ན་འཚང་རྒྱ་བ་དཀའ་བར་གསུངས་སོ། །

བསྡུས་དོན།

[རྩོམ་སྒྲིག]

འཚང་རྒྱ་ཞེས་པ་ནི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་གོ་དགོས། འདིའི་རྒྱུ་གཙོ་བོ་ནི་བྱང་ཆུབ་ཀྱི་སེམས་དང་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་པ་ཡིན། འཚང་རྒྱ་བའི་གནས་ནི་ལོངས་སྐུའི་དབང་དུ་བྱས་ན་འོག་མིན་དང་སྤྲུལ་སྐུའི་དབང་དུ་བྱས་ན་རྡོ་རྗེ་གདན་ཡིན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་འདོད་པས་སེམས་ཅན་ལ་ཕྲག་དོག་དང་གནོད་སེམས་བྱས་ན་འཚང་རྒྱ་བའི་རྒྱུ་ཉམས་པར་འགྱུར་བས་བཟོད་པ་བསྒོམ་དགོས་པར་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༣༤༠
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༤༧
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༤༡
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༤༤
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༨༤
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༡༡༥
  7. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༥༦
  8. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༠༧
  9. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༣༣༦