འབྲོང་རྩེ་དགོན།

ཡོང་ཁུངས་Wikipedia


མཚན་རྒྱས་པར། དཔལ་ལྡན་འབྲོང་མཁར་རྩེ་ཞེས་ཞུ། རྩེ་ཆེན་དགོན་ནས་མུ་མཐུད་སྤྱི་ལེ་༡༥ཙམ་མར་ཡོང་ན་འབྲོང་རྩེ་གྲོང་གི་རྒྱལ་རིའི་སྟེང་དགོན་དེ་མཇལ་བ་ཡིན། འབྲོང་རྩེ་ཞེས་པ་ནི་མྱང་སྟོད་ཁུལ་དེར་ཕུངས་རི་བཅུ་གསུམ་ཞེས་ས་བཀྲ་ངན་པའི་རི་བཅུ་གསུམ་ཡོད་པ་ལ། འབྲོང་རྩེའི་རི་དེ་ནི་འབྲོང་འདྲ་བའི་རྭ་ཅོ་གཡོན་མའི་ཐོག་ཁ་གནོན་དུ་ཕྱག་བཏབ་གནང་བས་འབྲོང་རྩེ་ཞེས་པ་དེ་ལྟར་བྱུང་། དེའང་རྗེ་ཙོང་ཁ་པ་གནས་རྙིང་དུ་གྲྭ་སྐོར་ལ་ཕེབས་སྐབས་འབྲོང་རྩེ་སྡེ་སྲིད་ཅེས་པས་གདན་དྲངས་པ་ལྟར་ཕེབས་ཏེ་འཇམ་དཔལ་ཞི་ཁྲོའི་དབང་ལེགས་པར་གནང་། ལྷ་བཙུན་རིན་ཆེན་རྒྱ་མཚོར་དགེ་བའི་ཤེས་སུ་བསྟེན། རྗེ་ཙོང་ཁ་པར་རོལ་མོ་ཞིག་ཀྱང་གནང་བ་ད་ལྟའི་བར་དུ་བཞུགས་ཐོག་མར་བླ་བྲང་དཀར་པོ་བཏབ། དེ་ནས་ལོ་བདུན་གྱི་བར་རིམ་བཞིན་དབུ་རྩེ་བྱང་ཆུབ་གླིང་བཏབ། བཤད་སྒྲུབ་ཀྱི་བསྟན་པ་རིམ་བཞིན་འཕེལ་ནས་སྔགས་པ་གྲྭ་ཚང་དང་། མཚན་ཉིད་གྲྭ་ཚང་། ཚོགས་ཆེན་བཅས་མདོ་སྔགས་ཟུང་འབྲེལ་ཕྱག་བཞེས་མཛད། འབྲོང་རྩེ་བེའུ་བུམ་སྔོན་པོ་ཞེས་པ་སྨན་རྩིས་སྐོར་གྱི་བསྟན་བཅོས་ལྗགས་རྩོམ་མཛད། འབྲོང་རྩེ་ཨར་བརྒྱད་ཅེས་པ་དེ་ནས་བྱུང་། སྔོན་ཚོགས་ཆེན་འདུ་ཁང་ནང་གཡས་ནས་རྩིས་པའི་གསེར་ཟངས་ཀྱི་ཚེ་དཔག་མེད་ལྷ་བཙུན་རིན་ཆེན་རྒྱ་མཚོའི་ཡུམ་གྱི་འཁྲུངས་རྟགས་ཡིན་ཞུ་བ་དང་། སྨན་འདམ་གྱི་རིགས་གསུམ་མདོན་པོ་སྐུ་ཚད་གོང་མཚུངས། འདུ་ཁང་ནུབ་མགོན་ཁང་ནང་རྣམ་སྲས་གསུང་བྱོན། གཙང་ཁང་སྦུག་མར་གསེར་ཟངས་ཀྱི་ཇོ་བོ་མི་ཚད་མར་འཁོར་ཉེ་སྲས་བརྒྱད་ཀྱིས་བསྐོར་བ། ལྡེབས་རིས་སུ་ཕྱོགས་བཅུའི་སངས་རྒྱས་དང་། སྨན་བླ་བདེ་གཤེགས་བརྒྱད། གསུམ་ཐོག་དུས་འཁོར་ལྷ་ཁང་ནང་འཇིམ་གྱི་དུས་འཁོར་སྐུ་བརྙན་ཐོག་སོ་གཅིག་ལྷག་ཙམ། ལྡེབས་རིས་སུ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་། ཐོག་མཚམས་སུ་རིགས་ལྡན་ཉེར་ལྔའི་ལྡེབས་རིས། དེ་བཞིན་གྲྭ་ཚང་གཉིས་ལའང་རྟེན་དང་བརྟེན་པར་བཅས་བཞུགས།

སྔོན་དགོན་དེར་ལོ་ལྟར་བོད་ཟླ་༤ཚེས་༢༨ ∕ ༢༩གཉིས་ལ་འབྲོང་རྩེ་སྤྱི་རིམ་ཆེན་མོ་ཞེས་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྒོ་ནས་སྒྲུབ་མཆོད་དང་། ཙིའུ་དམར་པོ་དང་། སྐུ་ལྔ་གཙོ་བོར་གྱུར་པའི་རུ་འདྲེན་ཁག་གི་གར་འཆམ་དང་དྲུག་ཅུ་མའི་གཏོར་ཟློག་སོགས་བསྐྱོན་སྲོལ་ཡོད།

ད་ལྟ་སྔོན་གྱི་ཚོགས་ཆེན་འདུ་ཁང་གི་ཤུལ་དུ་བསྐྱར་བཞེངས་གནང་བའི་འདུ་ཁང་ཀ་རིང་བཞི་དང་ཀ་ཐུང་བཅུ་དྲུག་ལྷོ་བལྟ་ཅན་ནང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དུས་འཁོར་ལྷ་ཁང་ནང་སེང་ཆེན་སྐུ་ཕྲེང་དྲུག་པའི་དངུལ་གདུང་གསར་བཞེངས་གནང་བ་སོགས་མཇལ་རྒྱུ་ཡོད།