འབྲོ་བཟའ་ཁྲི་མ་ལོད་
ལོ་རྒྱུས་
[རྩོམ་སྒྲིག]འབྲོ་བཟའ་ཁྲི་མ་ལོད་ནི་སྤྱི་ལོ༦༥༣པའི་ཡས་མས་སུ་འཁྲུངས་ཤིང་།ནར་སོན་དུས་བོད་རྒྱལ་མང་སྲོང་མང་བཙན་གྱི་བཙུན་མོ་མཛད།སྤྱི་ལོ༦༧༩ལོར་རྒྱལ་པོ་མང་བཙན་དང་ཁོང་མོ་གཉིས་ཀྱི་སྲས་སུ་འདུས་སྲོང་མང་པོའི་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་སྒྲགས་ཕུར་བལྟམས།རྒྱལ་སྲས་མ་བལྟམས་པའི་སྔོན་ཞག་བདུན་གྱི་སྔ་རོལ་དུ་ཡབ་མང་སྲོང་མང་བཙན་འདས་ཤིང་རྒྱལ་སྲིད་ཀྱི་ཐབས་ལ།འབྲོ་བཟའ་ཁྲི་མ་ལོད་རང་ཉིད་གཙོ་བོ་བྱས་ནས་མགར་གཉན་ལྡེམ་བུ་དང་རས་ཏ་རེ་ཁོང་ལོད་བཅས་ཀྱིས་སྲིད་སྐྱོངས་ཏེ་རྒྱལ་སྲིད་མ་ཉམས་པར་བརྟན་པ་བསྲུངས།རྒྱལ་སྲས་འཁྲུངས་མ་ཐག་ནས་ལོ་གསུམ་ལ་མ་སླེབས་པར་ཡབ་གཤེགས་པ་གསང་བའི་ཚུལ་མཛད།སྲས་དགུང་ལོ་ཆུང་བའི་དུས་་སུ་ཆབ་སྲིད་ཀྱི་འགན་དབང་ཁོ་མོས་བཟུང་སྟེ་བཀོད་འདོམས་མཛད་པ་དང་།ཞང་ཞུང་དང་འ་ཞའི་ཡུལ་གཉིས་ཀྱི་ཚོ་བ་འགས་ངོ་ལོག་བྱས་པ་བཅོས་སྟེ་མངའ་འོག་ཏུ་བསྡུས།དགའ་པོ་དང་རྩང་ཆེན་དུ་ཟིང་འཁྲུག་བསླངས་པ་ཡང་བཅོམ་ནས་རྒྱལ་སྲིད་གནོད་པ་མ་ཐེབས།ལྷག་པར་ཁོ་མོས་རང་རྒྱལ་སྲས་ཀྱི་སྐུ་སྲུང་དུས་ཀུན་ཏུ་མཛད་དེ་རྒྱལ་སྲས་ནར་སོན་རྗེས་སྲིད་དབང་སྤྲད།དེའི་སྐབས་སུ་ཁོང་མོ་གཙོར་བྱས་བློན་པོ་དག་གིས་ཕྱིར་དམག་དྲངས་ཏེ་ཡུལ་མཚམས་བརྟན་སྲུང་གི་ལས་རྒྱ་ཆེར་སྤེལ་བ་སྟེ་དེང་སང་གི་ཡུན་ནན་ཞིང་ཆེན་གྱི་འཇང་ཡུལ་དབང་དུ་བསྡུས་པ་དང་།ནང་ཁུལ་བདེ་འཇགས་ཀྱི་ཆེད་དུ་ཞི་མཐུན་གྱི་གཉེན་འབྲེལ་བཙུགས།སྤྱི་ལོ༦༨༨ལོར་བཙན་པོའི་སྲིང་མོ་ཁྲི་མོ་སྟེངས་ཞེས་པ་དྭགས་ཡུལ་དུ་གནས་ལ་བརྫངས་ཤིང་།དེའི་ཕྱིར་བཙན་པོ་ཁྲི་སྟེངས་ཞེས་པའང་འ་ཞིའི་རྗེས་ལ་བཙུན་མོར་བསྐྱལ།མགར་གྱི་བུ་འབྲིང་བ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་མགར་སྟོང་བཙན་གྱི་བློན་གནས་མཐུད་བཟུང་བྱས་ཏེ་སྲིད་དོན་ལ་མཛད་འབྲས་ཆེན་པོ་ཐོབ་ནས་གཟེངས་བསྟོད་ཆེན་པོ་ཐོབ།དེའི་བུ་རྒྱུད་རྣམས་ལས་འགའ་ཞིག་ང་རྒྱལ་གྱིས་ཁེངས་པས།འབངས་རྣམས་འཇིགས་ཤིང་བཙན་པོར་ལྟ་སྣང་དུ་གུས་པ་ལས་དོན་ལྡན་དུ་དེ་ཙམ་མི་བྱེད་པ་དང་།རྗེ་བློན་དག་གིས་མགར་གྱི་བུ་རྒྱུད་ལས་ཁེ་དྲགས་ཆེ་རིགས་ཁ་ཤས་ཚར་བཅད་པ་དང་རྒྱང་ཕུད་བཏང་སྐད།རྒྱལ་སྲས་འདུས་སྲོང་མང་པོ་རྗེར་མཆིམས་བཟང་བཙན་མོ་རྟོག་གེ་ཁབ་ཏུ་བཞེས་བཅུག་ནས་རྒྱལ་སྲིད་ཁྲི་ལྡེ་བརྟན་མེས་ཨག་ཚོམ་ཅན་སྤྱི་ལོ༦༩༨ལོར་འཁྲུངས། སྤྱི་ལོ༧༠༤ལོར་འདུས་སྲོང་མང་པོ་རྗེ་འཇང་ཡུལ་དུ་དམག་ཐོག་ནས་སྐུ་གཤེགས་རྗེས་རྒྱལ་ཡུམ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ཡང་དུ་རྒྱལ་ཚ་ཁྲི་ལྡེ་གཙུག་བརྟན་དགུང་ལོ་གསུམ་པར་རྒྱལ་སྲིད་ལ་མངའ་གསོལ་ནས་རྒྱལ་སྲིད་སྐྱོང་རོགས་མཛད་བཞིན་སྤྱི་ལོ༧༡༢ལོར་སྐུ་གཤེགས། ཆུ་བྱི(༧༧༢)ལོར་བཙན་མོ་འབྲོ་བཟའ་ཁྲི་མ་ལོད་སྐུ་འདས་པར་གྲགས།
བྱས་རྗེས་
[རྩོམ་སྒྲིག]མང་སྲོང་གི་བཙུན་མོ་འདིས་སྲས་འདུས་སྲོང་གི་སྐུ་ཚེའི་རིང་དང་། དབོན་སྲས་ཁྲི་ལྡེ་གཙུག་བརྟན་སྐུ་གཞོན་ནུའི་སྐབས་བཙན་པོ་ཡབ་སྲས་ཀྱི་ཆབ་སྲིད་སྐྱོང་རོགས་གནང་བས་བོད་བཙན་པོའི་རྒྱལ་རབས་ཀྱི་བཙུན་མོ་ནང་ནས་ཆབ་སྲིད་ཀྱི་མཁྱེན་རྒྱ་དང་། དབང་ཐང་སྙན་གྲགས་བཅས་ཆེ་ཤོས་ཤིག་བྱུང་བར་གྲགས། མང་སྲོང་གཤེགས་པའི་ལོ་དེར་རང་ལ་འདུས་སྲོང་འཁྲུངས་པས་འདུས་སྲོང་ནར་མ་སོན་བར་ཆབ་སྲིད་ཀྱི་འགན་དབང་ཡུམ་ཁྲི་མ་ལོད་ཀྱིས་བཟུང་། འདུས་སྲོང་གཤེགས་སྐབས་ཁྲི་ལྡེ་གཙུག་བརྟན་སྐུ་ན་ཕྲ་བས་ཕྱི་ནང་གི་ཆབ་སྲིད་ཐུགས་འགན་འབྲོ་བཟའ་ཁྲི་མ་ལོད་ཀྱིས་བཞེས། དུས་དེར་བློན་འབངས་ཁག་གཅིག་གིས་ངོ་ལོག་བྱས་པར་དྲག་གནོན་བྱས་པ་དང་། ཁུ་མང་རྗེ་ལྷ་ཟུང་བྱ་བ་བློན་ཆེན་པོར་བསྐོ་བཞག་གནང་། འོན་ཀྱང་ཕྱིས་ཁྲི་མ་ལོད་ཀྱི་སྙན་དུ་ཕྲ་མ་བྱུང་བས་རིང་པོར་མ་ལོན་པར་གླིང་རིང་ཚལ་དུ་ཁུ་མང་རྗེ་ལ་ཁྲིམས་ཉེས་ཕབ་ནས། དེའི་ཚབ་ཏུ་དབས་ཁྲི་གཟིགས་ཞང་ཉེན་བྱ་བ་བློན་ཆེན་དུ་བསྐོས། གཞན་ཡང་སེ་རིབ་ཅེས་པའི་རྒྱལ་ཕྲན་སོགས་ནས་ངོ་ལོག་བྱས་པ་རྣམས་ཀྱང་དམག་དང་ཁྲིམས་ཀྱིས་མནན་ཞིང་། ས་བྱ(༧༠༩)ལོར་སེ་རིབ་ཀྱི་རྒྱལ་པོ་ཡང་གསོན་བཟུང་བྱེད་ཐུབ་པ་སོགས་བོད་བཙན་པོའི་ཆབ་སྲིད་ཇེ་བརྟན་དང་། བོད་ཡུལ་བདེ་འཇགས་སུ་གནས་རྒྱུར་མཛད་རྗེས་ཆེན་པོ་འཇོག་གནང་མཛད་ཡོད།