འབྲས་སྤུངས་མཆོད་རྟེན།
འབྲས་སྤུངས་མཆོད་རྟེན།
ཨོ་རི་ས་ནས་རྒྱ་གར་ལྷོ་ཕྱོགས་རྒུན་ཏུར་ཞེས་པའི་ཉེ་འགྲམ་ནས་ཤྲི་དྷ་ན་ཀྭ་ཊ་ལ་སླེབས་ཅིང་དེ་འབྲས་སྤུངས་མཆོད་རྟེན་གྱི་གནས་ཤུལ་འཁྲུལ་མེད་དེ་ཡིན། དེ་ནས་མེ་ལི་བཅོ་ལྔ་ཙམ་ཆུ་འགྲམ་ཕྱོགས་སུ་སོང་བས་ན་གརྫུན་ཀོཊ་བྱ་བ་ལྷོ་ཕྱོགས་དཔལ་གྱི་རི་ཀླུ་སྒྲུབ་ཡབ་སྲས་བཞུགས་ས་དེར་སླེབས། དེར་མཇལ་རྒྱུ་ཡང་མང་པོ་ཡོད།
དེ་ནས་རྒུན་ཏུར་ནས་སླར་རིལ་ལི་ལ་ཞུགས་ཏེ་ཌིར་ལི་དང་མེ་དྷར་ས་བརྒྱུད་དེ་ར་མེ་ཤྭར་བར་འགྲོ་ར་མེ་ཤྭར་ཡང་གནས་ཆེན་ཉེར་བཞིའི་ནང་གི་གཅིག་ཡིན།
དེ་ལྟར་གོང་དུ་ཁ་ཚོན་བཅད་དེ་ངོས་བཟུང་བའི་གནས་དེ་དག་ནི་སྔོན་གྱི་རབས་ལ་དཔྱད་པ་རྫོགས་པའི་མཁས་པ་རྣམས་ལ་དྲི་གཏུགས་དང་བོད་ཀྱི་ལོ་རྒྱུས་རྙིང་པ་འཁྲུལ་མེད་རྣམས་དང་ཡང་ཞིག་ཏུ་བསྒྲིགས་ཏེ་མཚན་མཚོན་ངོ་འཕྲོད་ནས་བྲིས་པ་ཡིན་གྱི། ཡིན་མན་སྙམ་པ་ལ་ཡིན་ནོ་ཞེས་ཁ་རྦད་བྱས་པ་ཅུང་ཟད་ཀྱང་མེད་པས་ཐེ་ཚོམ་ཕྲ་མོ་ཙམ་ཡང་མི་དགོས་སོ། །
གཞན་གནས་བསྐོར་བ་རེས་གནས་རྒྱུས་མེད་དུ་སླེབས་ནས་ལྷ་ཁང་ངོ་མཚར་ཅན་རེ་མཐོང་བ་ན། རྒྱུ་མཚན་ཅི་ཡང་མེད་པར་འདི་སངས་རྒྱས་ཀྱི་གནས་ག་གེ་མོ་ད་ཆེ་གེ་མོ་ཡིན་ནོ་ཞེས་ངོས་བཟུང་། གཏམ་དེ་གཅིག་གིས་གཅིག་ལ་བསྒྲགས་ཏེ་གྲགས་བྱུང་བའི་གནས་ཀྱང་ལོ་རེ་བཞིན་དུ་མང་དུ་འགྲོ་བར་འདུག་པས། རྣམ་དབྱེ་ལེགས་པར་ཕྱེད་དགོས་ཏེ། དང་པོ་དྲང་སྲོང་ལྷུང་བ་ཟེར། དེ་ནས་བོད་ཚིག་དེ་དང་པོ་རྒྱ་སྐད་གང་ལས་བསྒྱུར་བ་ཤེས་དགོས། དེ་ལ་རི་ཥི་པ་ཏན་ཟེར། དེ་ནས་རི་ཥི་པ་ཏན་ལ་དེང་སང་གང་ཟེར་དྲིས་པས་སཱ་ར་ནཱ་ཐ་ཟེར་བ་སོགས་རིམ་པས་སྦྱར་ནས་མཐར་ཉེ་འཁོར་གྱི་གྲོང་ཁྱེར་དང་མཐའ་ན་ཨ་སི་དང་ཝ་ར་ཎཱའི་ཆུ་བོ་ཚུན་ཆད་ཀྱང་ངོ་འཕྲོད་ནས་གནས་གཅིག་ངོས་འཛིན་དགོས་པ་ཡིན་གྱི། །དང་པོ་ཐམ་ཐོམ་ལ་སྨྲས། རྗེས་སུ་དད་པ་ཡོད་ན་གང་ཡང་རུང་ཞེས་ཨུ་ཚུགས་བྱས་ཏེ། གནས་དངོས་མ་དང་བརྫུན་མ་འདི་ཡིན་སྟོན་རྒྱུ་མེད་པ་དེ་འདྲ་མི་གནང་བར་གསོལ་བ་ལན་བརྒྱར་འདེབས་པ་ལགས།
<<རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག>> ལས་བཤུས། འདི་ནི་བོད་གཞུང་ཤེས་རིག་དཔར་ཁང་གིས་ཕྱི་ལོ ༡༩༩༦ ལོར་དཔར་བསྐྲུར་བྱས།