Jump to content

འབྲས་བུ་ཆེ་

ཡོང་ཁུངས་Wikipedia

འབྲས་བུ་ཆེ་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ལ་དམིགས་ནས། ཁྱད་པར་དུ་སྨོན་པ་བྱང་ཆུབ་ཀྱི་སེམས་ལས་སྐྱེ་བའི་ཕན་ཡོན་གྱི་ནུས་པ་དང་ཚད་ཀྱི་ཆེ་ཆུང་ལ་སྦྱར་ཏེ། དགེ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཕན་ཡོན་ཆེན་པོ་ཞེས་པའི་དོན་ཡིན་ལ། སྤྱོད་པའི་ནན་ཏན་དང་མ་བྲལ་ཡང་རྟག་ཏུ་འབྲས་བུ་ཆེན་པོ་འབྱུང་བར་བྱེད་པའི་ཕན་ཡོན་གྱི་ཁྱད་ཆོས་ཤིག་ཡིན་ནོ། །

དབྱེ་བ།

[རྩོམ་སྒྲིག]

སྨོན་སེམས་ཀྱི་འབྲས་བུ་ཆེ། "དེ་ལ་སྨོན་པ་བྱང་ཆུབ་ཀྱི་སེམས་འདི་སྒྲུབ་པ་དང་བྲལ་ཡང་འཁོར་བར་འབྲས་བུ་ཆེན་པོ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། སྨོན་པ་བྱང་ཆུབ་ཀྱི་སེམས་ལ་སྤྱོད་པ་ཉམས་ལེན་གྱི་བྱ་བ་དང་བྲལ་ཡང་འཁོར་བ་ན་གནས་པའི་ཚེ་འབྲས་བུ་ཆེན་པོ་འབྱུང་བའི་ཕན་ཡོན་ཞིག་ཡོད་པ་ཡིན་ནོ། །"བྱང་ཆུབ་སྨོན་པའི་སེམས་ལས་ནི་འཁོར་བ་ན་གནས་པའི་ཚེ་འབྲས་བུ་ཆེན་པོ་འབྱུང་སྟེ།"[] ཞེས་གསུངས་པ་ལྟར་ཡང་ཡིན། འཇུག་སེམས་ཀྱི་འབྲས་བུ་ཆེ། "སྤྱོད་པ་ཉམས་ལེན་གྱི་བྱ་བས་ཟིན་པ་དེ་བས་ཀྱང་ཁྱད་པར་འཕགས་ཏེ། འགྲོ་བ་ཀུན་གྱི་མངོན་མཐོ་དང་ཐར་པའི་བདེ་བ་ཐོབ་པར་བྱེད་པས་དགའ་བའི་རྒྱུ་དང་སེམས་ཅན་མཐའ་དག་གི་སྡུག་བསྔལ་གྱི་ནད་འཇོམས་པའི་སྨན་གྱི་རྩིར་གྱུར་པ་ཡིད་བཞིན་གྱི་ནོར་བུ་རིན་ཆེན་ལྟ་བུའི་སེམས་ཀྱི་བསོད་ནམས་གང་ཡིན་པ་དེ་ལ་ཚད་ཇི་ལྟར་གཞལ་གྱིས་ལང་སྟེ་མཐའ་ཡས་པའི་ཕྱིར་རོ། །"[] ཞེས་གསུངས་པ་ལྟར། འཇུག་པ་སེམས་ལ་ནི་སྨོན་པ་སེམས་ལས་ཀྱང་ལྷག་པའི་འབྲས་བུ་ཆེ་བའི་ཁྱད་ཆོས་ཤིག་ཡོད་པ་ཡིན་ནོ། །

ཕན་ཡོན།

[རྩོམ་སྒྲིག]

སྨོན་སེམས་ཀྱི་ཕན་ཡོན། "སེམས་བསྐྱེད་དེ་ལས་ནི་མཐར་ཐུག་བྱང་ཆུབ་ཆེན་པོ་འབྱུང་བ་སྨོས་ཅི་དགོས་གནས་སྐབས་འཁོར་བ་ན་གནས་པའི་ཚེ་ཡང་ལྷ་དང་མིའི་དབང་ཕྱུག་ཐོབ་ནས་འཁོར་བའི་དབུལ་བ་བཟློག་པ་སོགས་འབྲས་བུ་ཕན་ཡོན་རྒྱ་ཆེ་བ་འབྱུང་བས་བརྙས་པར་མི་བྱའོ།"[]ཞེས་གསུངས་པ་ལྟར། སྨོན་སེམས་ལ་གནས་སྐབས་ཀྱི་ཕན་ཡོན་དང་མཐར་ཐུག་གི་ཕན་ཡོན་གཉིས་ཀ་ཡོད་ལ། གནས་སྐབས་ཀྱི་ཕན་ཡོན་ལ་ལྷ་མིའི་དབང་ཕྱུག་ཐོབ་ནས་འཁོར་བའི་དབུལ་བ་བཟློག་པ་སོགས་ཀྱི་འབྲས་བུ་ཆེ་བ་ཞིག་ཡོད་པ་ཡིན་ནོ། །

འཇུག་སེམས་ཀྱི་ཕན་ཡོན། "དགེ་བ་གཞན་ལས་ཆེན་པོ་ཡིན་པར། རྟག་པར་ཡང་། འབྲས་བུ་ཆེ་འབྱིན། སོགས་ཀྱི་ཁྱད་པར་དུ་བྱས་པའི་ཕྱིར་ཏེ།"[] ཞེས་གསུངས་པ་ལྟར། འཇུག་སེམས་ལ་དགེ་བ་གཞན་ལས་ཆེན་པོ་ཡིན་པ་དང་། རྟག་པར་འབྲས་བུ་ཆེ་འབྱིན་པའི་ཁྱད་ཆོས་ཤིག་ཡོད་པ་ཡིན་ནོ། །བྱམས་པའི་རྣམ་པར་ཐར་པ་མདོ་ལས། "རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། རིགས་ཀྱི་བུ་དེ་བཞིན་དུ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་ནན་ཏན་དང་བྲལ་བས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་གྱི་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་། བྱང་ཆུབ་སེམས་དཔའི་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །"ཞེས་གསུངས་པ་ལྟར། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ལས་ཁྱད་པར་དུ་འཕགས་པ་བཞིན་དུ། བྱང་ཆུབ་སེམས་ལ་ནན་ཏན་དང་བྲལ་ཡང་ཉན་ཐོས་རང་སངས་རྒྱས་ཀྱི་ཡོན་ཏན་ལས་ཁྱད་པར་འཕགས་པའི་འབྲས་བུ་ཆེན་པོ་ཞིག་ཡོད་པ་ཡིན་ནོ། །རྒྱལ་པོ་ལ་གདམས་པའི་མདོ་ལས། "རྒྱལ་པོ་ཆེན་པོ་འདི་ལྟར་ཁྱོད་བྱ་བ་མང་བ། བྱེད་པ་མང་བ་སྟེ། ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་ལ་བསླབ་པར་མི་ནུས་ཀྱི། དེ་བས་ན་རྒྱལ་པོ་ཆེན་པོ་ཁྱོད་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདུན་པ་དང་། དད་པ་དང་། དོན་དུ་གཉེར་བ་དང་། སྨོན་པ་འགྲོ་ཡང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། སད་ཀྱང་རུང་། ཟ་ཡང་རུང་། འཐུང་ཡང་རུང་། རྟག་པར་རྒྱུན་དུ་དྲན་པར་གྱིས་ལ་ཡིད་ལ་ཟུང་སྟེ་སྒོམས་ཤིག་"ཞེས་གསུངས་པ་ལྟར། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་སློབ་པར་མི་ནུས་ཀྱང་སྨོན་པ་ཙམ་གྱིས་ཀྱང་འབྲས་བུ་ཆེན་པོ་ཞིག་ཡོད་པ་ཡིན་ནོ། །དཔའ་བྱིན་གྱིས་ཞུས་པ་ལས། "བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །" ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་ཀྱི་བསོད་ནམས་ལ་གཟུགས་མཆིས་ན་ནམ་མཁའི་ཁམས་ཀུན་བཀང་བ་ལས་ཀྱང་ལྷག་པར་འགྱུར་བ་ཞིག་ཡིན་ཏེ། འདི་ལས་འབྲས་བུ་ཆེན་པོ་ཞིག་ཡོད་པ་ཡིན་ནོ། །

ལུང་ཁུང་།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༢༢
  2. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༧
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༦༦
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།