Jump to content

འབྲས་དཀར་

ཡོང་ཁུངས་Wikipedia

  དེ་ཡང་འབྲས་དཀར་གྱི་འཁྲབ་ལེན་བགྱིད་པ་འདི་མདོ་དབུས་ཁམས་གསུམ་དུ་གནའ་ནས་བཟུང་དར་ཁྱབ་ཏུ་སོང་ཡོད་ཅིང་། འཁྲབ་ལེན་གྱི་ཁྱད་ཆོས་དང་འགྲོ་ལུགས་ཀྱང་ཆེ་ཕྱོགས་སུ་མཐུན་པ་དང་། ཆུང་ཕྱོགས་སུ་མི་མཐུན་པའང་ཡོད།

        བོད་མི་རིགས་སྤྱི་ལ་དར་ཁྱབ་དུ་སོང་བའི་འབྲས་དཀར་ལ་མཚོན་ན། ཡུལ་ཕྱོགས་སོ་སོའི་འབྲས་དཀར་གྱི་ཚིག་དང་འཁྲབ་སྟངས་ཕལ་ཆེར་མཐུན་ནའང་མི་མཐུན་པའི་ཁྱད་ཆོས་ཀྱང་ཡོད་པ་རེད། འབྲས་དཀར་བཤད་མཁན་གྱི་རྒན་པོའི་ལུས་ལ་ཕྲུག་ལྭ་གོན་ཏེ་ལག་ཏུ་དབྱུག་པ་ཞིག་བཟུང་ནས་མང་ཚོགས་ཀྱི་དཀྱིལ་དུ་ཡོང་ཞིང་དགྱེ་དགྱེ་དང་སྒུར་སྒུར་ལན་མང་བགྱིས་པ་དང་མཚུངས་སུ། དེ་རིང་གི་ཉི་མ་བཟང་བོ། སྐར་མ་བཟང་བོ། བཀྲ་ཤིས་པའི་ཉི་མ། བདེ་སྐྱིད་འཛོམས་པའི་ཉི་མ་ཞེས་འགོ་རྩོམ་སྲོལ་ཡོད། ཡང་ཡུལ་ཕྱོགས་ལ་ལར་འཁྲབ་ལེན་བགྱིད་པའི་འབྲས་དཀར་གྱི་ཁྱད་ཆོས་ཅུང་ཙམ་མི་མཚུངས་པ་སྟེ།འབྲས་དཀར་བཤད་མཁན་གྱི་རྒན་པོའི་ལུས་ལ་ཁ་མདོག་དཀར་པོའི་ལྭ་གོན་པ་དང་། གདོང་ལ་འབོག་གྱོན་པ། རྐང་ལ་གནའ་ལྷམ་གྱོན་པ། ཕྲག་ལ་ཏ་ལེན་འགལ་བ། ལག་ཏུ་དབྱུག་པ་འཛིན་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་ལགས། འབྲས་དཀར་གྱི་ནང་དོན་ཡང་སྔོན་གྱི་མ་གཞིའི་སྟེང་ལ་སྲིད་ཇུས་གསར་བའི་ནང་དོན་འགའ་རེ་ཡང་བསྣན་འདུག ལོ་རེའི་དབྱར་ཁའི་རྟ་རྒྱུགས་དགའ་སྟོན་གྱི་སྐབས་སུ་འབྲས་དཀར་འཁྲབ་ལེན་བགྱིད་པའི་སྲོལ་ཆགས་ཡོད། ཡུལ་ཁམས་སོ་སོ་རུ་འཁྲབ་པའི་འབྲས་དཀར་གྱི་ནང་དོན་ཕལ་ཆེར་མཚུངས་ཀྱང་འགའ་རེ་མི་མཚུངས་པའང་ཡོད། གཤམ་དུ་འབྲས་དཀར་ཀྱི་ནང་དོན་གཙོ་བོ་རགས་ཙམ་ཞིག་བཀོད་ན་འདི་ལྟ་སྟེ།

      ཨོ། ཉོན་ཅིག ང་འབྲས་དཀར་རྒན་པོ་ཟེར་བ་འདི། ང་མ་སོང་ས་ཆ་གཅིག་ཀྱང་མེད།སྟོད་རྒྱ་གར་ཡུལ་གྱི་ཆོས་གྲྭར་སོང་། སྨད་རྒྱ་ནག་ཡུལ་གྱི་ཁྲིམས་རར་སོང་། ང་གངས་ཅན་བོད་ཀྱི་ས་ཆར་སོང་། ཚིག་མ་ཐོས་པ་ལ་གཉིས་ཀྱང་མེད།ང་འབྲས་དཀར་རྒན་པོར་བཤད་པ་མང་། ངས་བཤད་པའི་ཚིག་ལ་ཉན་རྒྱུ་ཡོད།ལྷ་དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ། ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན། ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན། ང་ད་ནངས་ཡོང་ཡོང་གང་ནས་ཡོང་། ང་ད་ནངས་ཡོང་ཡོང་ཤར་ནས་ཡོང་། ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང་། དགུང་ཉི་མ་དང་ནི་མཉམ་དུ་ཡོང་། ང་དོ་ནུབ་འགྲོ་འགྲོ་གང་ལ་འགྲོ། ང་དོ་ནུབ་འགྲོ་འགྲོ་ནུབ་ལ་འགྲོ། ནུབ་སྣང་བ་མཐའ་ཡས་མདུན་ལ་འགྲོ།ཆོས་ཟབ་མོའི་ལུང་ལ་ཉན་དུ་འགྲོ། རྗེ་ཇོ་སྐུ་སེར་བོའི་བཞེངས་སར་འགྲོ། གཡུ་བྱུ་རུའི་མཎྟལ་འབུལ་སར་འགྲོ། གསེར་སེར་བོའི་མཁར་རྔ་རྡུང་སར་འགྲོ། དངུལ་དཀར་བོའི་མཆོད་རྟེན་བཞེངས་སར་འགྲོ། ལྷ་ས་མ་ཆགས་ལྷ་ས་ཆགས།ལྷ་ས་རྒྱ་མཚོའི་ཁ་ནས་ཆགས། ལྷ་སའི་རྟེན་གྱི་གཙོ་བོ་ནི། ལྷ་ཇོ་བོ་ཡིད་བཞིན་ནོར་བུ་རེད། ལྷ་དཀོན་མཆོག་གསུམ་པོ་ལྷ་རྒྱལ་ལོ།ངས་འབྲས་དཀར་བཤད་ན་འབྲས་དཀར་བཤད། ང་འབྲས་དཀར་བསམ་པའི་དོན་གྲུབ་ཡིན། ང་འབྲས་ཕྲུག་ཡིད་བཞིན་ནོར་བུ་ཡིན། ཀི་བསོ་བསོ་ཆེན་པོ་ལྷ་རྒྱལ་ལོ། ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད། སྒལ་ཚིགས་བཞི་བཅུ་ཞེ་དགུ་ཡོད། དིང་རུ་ཨ་ཚོང་བཅོ་བརྒྱད་ཡོད། མཛུབ་གུ་རྒྱལ་བ་རིགས་ལྔ་ཡོད། ཡ་ཐོད་ཤེལ་གྱི་མེ་ལོང་ཡིན། དབུ་སྐྲ་རྒྱ་ལྕང་ལོ་མ་ཡིན། སྨིན་མ་དོམ་དག་མཆོང་འདྲ་ཡིན།མིག་གཉིས་སྐར་ཆེན་ཤར་འདྲ་ཡིན། རྣ་བ་གསེར་གྱི་མེ་ལོང་འདྲ། མ་ནེ་གསེར་གྱི་སྒ་རུ་འདྲ། ཡ་ཁ་གསེར་གྱི་པ་ཏྲ་འདྲ། མ་ཁ་དངུལ་གྱི་པ་ཏྲ་འདྲ། ཁའི་དུང་སོ་བན་ཆུང་སྒྲིག་འདྲ་ཡིན། ལྕེ་དར་དམར་གློག་དམར་འཁྱུག་འདྲ་ཡིན། ཨོལ་ཀྱོག་མཆོད་རྟེན་བརྩིགས་འདྲ་ཡིན། སྣ་ཁུང་ཟངས་ཐུར་བཤིབ་འདྲ་ཡིན། གློ་བ་གངས་རི་དཀར་པོ་ཡིན། མཆིན་པ་རྫ་རི་སྨུག་པོ་ཡིན། མཁལ་མ་ལྷ་ཕྲུག་ཀླུ་ཕྲུག་ཡིན། རྒྱུ་མ་ལྷ་ཀླུའི་ཞགས་པ་ཡིན། ངའི་ཐོད་པའི་དཀྱིལ་གྱི་མེ་ལོང་འདི། ཨོ་རྒྱན་པད་མའི་ཆ་ལུགས་ཡིན། ངའི་སྣ་མགོར་མགྲོན་བུ་བཏགས་པ་འདི། ཨ་ཙ་ར་ཡི་ཆ་ལུགས་ཡིན། ལྟ་བུ་དང་། ངའི་ལག་ལ་བཟུང་བའི་དབྱུག་པ་འདི། ལྷ་ཨོ་རྒྱན་པད་མའི་སྒྲུབ་ཤིང་རེད། རྗེ་རིན་པོ་ཆེ་ཡི་ཕྱག་རྟེན་རེད། སྨད་རྒྱ་ནག་རྒྱལ་བོའི་ཁྲིམས་ཤིང་རེད། ད་འདི་ལ་བསྟོད་པ་ཨེ་ཡོད་ཟེར། ད་འདི་ལ་བསྟོད་པ་ལོས་རེ་ཡོད། འདི་མི་རྒོད་ཀླད་པ་རྡུང་བྱེད་རེད། ཁྱི་རྒན་འགྲམ་པ་གཏོར་བྱེད་རེད། ང་འབྲས་དཀར་ལམ་གྱི་འགྲོ་རོགས་རེད། ལྷ་འདྲེ་དམ་ལ་འདོགས་བྱེད་རེད། ཅེས་པ་ལྟ་བུའི་དབྱུག་པའི་བཤད་པ་དང་། ང་ངང་བ་སེར་བོ་མ་ཡིན་པའི། མཚོ་ཆེ་ཆུང་བརྒྱུད་ནས་འཕུར་ནས་ཡོང་། གསུང་སྐད་རེ་རེ་བསྒྲགས་ནས་ཡོང་། ཨེ་བདེན་མི་བདེན་གྲགས་ན་ཤེས། ང་བོང་། ང་བོང་། ང་བོང་། ང་ཕོ་རོག་ནག་ཆུང་མ་ཡིན་པའི། རི་མགོ་རེ་རེ་བརྒྱུད་ནས་ཡོང་། གཤོག་རྩལ་རེ་རེ་ངོམ་ནས་ཡོང་། ཨེ་བདེན་མི་བདེན་འཕུར་ན་ཤེས། ཀོ་ལིང་ལིང་། ཀོ་ལིང་ལིང་། ང་ཁུ་བྱུག་སྔོན་མོ་མ་ཡིན་པའི། ནགས་ཚལ་རེ་རེ་བརྒྱུད་ནས་ཡོང་། སྐད་སྙན་མོའི་གསུང་སྙན་བསྒྲགས་ནས་ཡོང་། ཨེ་བདེན་མི་བདེན་གྲགས་ན་ཤེས། ཀུ་ཀོ། ཀུ་ཀོ། ཀུ་ཀོ། ང་ར་མ་རྒྱ་མོ་མ་ཡིན་པའི། རྩྭ་རྩི་ཏོག་རེ་རེ་ཟོས་ནས་ཡོང་། ངས་འབའ་སྐད་རེ་རེ་བསྒྲགས་ནས་ཡོང་། ཨེ་བདེན་མི་བདེན་འབའ་ན་ཤེས། མེས་ཨེ་ཨེ། མེས་ཨེ་ཨེ། རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ་ལོ། ཀི་བསོ་བསོ་ཆེན་པོ་ལྷ་རྒྱལ་ལོ། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ང་འབེལ་གར་མི་འདུག་འགྲོ་རྒྱུ་ཡིན། ང་འབྲས་དཀར་རྒན་པོས་ཁ་གཡང་འབོད། རྟ་ར་གོང་མ་རྟ་ཡིས་བཀང་། ནོར་ར་བར་མ་ནོར་གྱིས་བཀང་། ལུག་ར་ཞོལ་མ་ལུག་གིས་བཀང་། སྟོད་རྒྱ་གར་ཡུལ་གྱི་གོས་གཡང་ཤོག སྨད་རྒྱ་ནག་ཡུལ་གྱི་ཇ་གཡང་ཤོགའབྲོག་པ་རྣམས་ཀྱི་མར་གཡང་ཤོག རོང་བ་རྣམས་ཀྱི་ནས་གཡང་ཤོགའཇིག་རྟེན་བདེ་ཞིང་ལོ་ལེགས་ཤིང་། འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང་། བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་ཅེས་པ་ལྟ་བུའོ། །

      གོང་ཞུའི་འབྲས་དཀར་ལས་ཞིབ་ཏུ་དཔྱད་ན་འབྲས་དཀར་རྒན་པོ་ཐོག་མ་ཇི་ལྟར་ཡོང་བ་དང་ཡོང་དོན་ཅི་ཞིག་ཡིན་པ། རང་ལུས་ཀྱི་ཕྱིའི་དབང་བོ་ཐམས་ཅད་དང་ནང་གི་དོན་ལྔ་སྣོད་དྲུག་རེ་རེ་འགྲེལ་བཤད་བགྱིད་པ། ལག་ཏུ་བཟུང་བའི་དབྱུག་པའི་ཕན་ཡོན་བརྗོད་པ། ད་དུང་ཁོང་ཉིད་ཡོང་བའི་སྐབས་སུ་མཚོ་ཆེ་ཆུང་དང་། རི་མགོ་རེ་རེ། ནགས་ཚལ་རེ་རེ་བཅས་བརྒྱུད་ནས་ཡོང་བའི་ལོ་རྒྱུས་བཤད་ཡོད་ལ། གལ་སྲིད་ཨེ་བདེན་མི་བདེན་བསམ་ན་བྱ་ངང་བ་དང་ཕོ་རོག ཁུ་བྱུག ར་མ་རྒྱལ་མོ་བཅས་པ་གྲགས་ན་ཤེས་ཟེར་ནས་འདབ་ཆགས་བྱ་དང་དུད་འགྲོ་ར་མ་བཅས་ཀྱི་ངག་ཚབ་བྱས་ནས་གྲགས་པ་དང་འབའ་བ་སྟེ། ངོ་མཚར་གྱི་ལྟད་མོ་ཉམས་དང་ལྡན་པ་སྟོན་པ་ཡིན། མཇུག་མཐར་མི་ཕྱུགས་ཐམས་ཅད་བདེ་ཞིང་རྒྱས་པ་དང་། ལོ་ཡག་སྐལ་བཟང་ཡོང་བའི་བཀྲ་ཤིས་སྨོན་ལམ་མམ་ཁ་གཡང་ཕུན་སུམ་ཚོགས་པ་བསྒྲགས་བྱུང་།

     མི་རྣམས་ཀྱིས་བཤད་པ་ལྟར་ན། འབྲས་དཀར་ནི་བསམ་པའི་དོན་གྲུབ་དང་ཡིད་བཞིན་ནོར་བུའི་མཚོན་བྱེད་ཅིག་ཡིན་པས། ལོ་རེར་ཆད་པ་མེད་པར་སྡེ་བ་དང་འཚོ་བའི་ནང་དུ་བཤད་པ། ཕྱུགས་ལ་གོད་ཁ་མེད་པ་དང་མི་ལ་ན་ཚ་མེད་པ། རྒན་པ་ཐམས་ཅད་ཚེ་རིང་བ། གཞོན་པ་ཐམས་ཅད་ཁ་ལས་དར་བ།འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་ངེས་ཡིན་ཞེས་བཤད་ཚུལ་ཡང་ཡོད་དོ། །