འབྱོར་ལྡན་སྲས་མོ་ཨུཏ་པ་ལ་

ཡོང་ཁུངས་Wikipedia

སངས་རྒྱས་བཅོམ་ལྡན་འདས་ཞལ་བཞུགས་སྐབས། རྒྱ་གར་གྱི་མཉན་ཡོད(SAVATTI)ཅེས་བྱ་བའི་གྲོང་ཁྱེར་ན་ཆེས་ཤིན་ཏུ་ནས་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཡོད། ཁྱིམ་བདག་དེ་ལ་ཨུཏྤ་ལ(PATACARA)ཟེར་བའི་བུ་མོ་ལྟ་བས་ཆོག་མི་ཤེས་པའི་མཛེས་སྡུག་ལྡན་པ་ཞིག་ཡོད་ཅིང་མོ་རང་ལ་མིང་པོ་གཅིག་རང་ལས་མེད། མོའི་ཕ་མ་གཉིས་ནི་མོ་རང་ལ་ཧ་ཅང་གི་བརྩེ་བ་ཡོད་སྟབས། ཁོང་རྣམས་གཉིས་ཀྱིས་བུ་མོ་དེ་གང་སར་འཆམ་ཉུལ་བྱེད་དུ་མ་བཅུག་པར་ཁོང་ཚོའི་ཁང་ཆེན་དེའི་ཐོག་རྩེག་བདུན་པའི་ནང་བཞག་སྟེ་སྐྱེད་སྲིང་གནང་། སྲས་མོ་ཨུཏྤ་ལ་ལོ་ན་བཅུ་དྲུག་ལ་སོན་སྐབས། མོ་རང་གི་ཕ་མ་གཉིས་ཀྱི་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་གཞན་ཞིག་གི་སྲས་དང་གཉེན་སྒྲིག་བྱེད་རྒྱུའི་གྲ་སྒྲིག་བྱས། འོན་ཀྱང་སྲས་མོ་ཨུཏྤ་ལ་ནི་མོ་རང་གི་གོས་གཡོག་ཕོ་གསར་ཞིག་ཡོད་པ་དེར་བརྩེ་བ་ཆགས། གང་ལྟར་མོའི་གཉེན་སྒྲིག་དགའ་སྟོན་གྱི་སྔ་ཉིན་དེར། སྲས་མོ་ཨུཏྤ་ལས་རང་གི་དགའ་གྲོགས(གོས་གཡོག་ཕོ་གསར)ལ་བཤད་རྒྱུར། ངའི་ཕ་མ་གཉིས་ཀྱིས་ཁོ་མོ་ཁྱིམ་ཚང་འདི་དང་འདི་ཞེས་བྱ་བའི་ཕོ་གསར་ཞིག་དང་ལྷན་གཉེན་སྒྲིག་བྱེད་རྒྱུའི་གྲ་སྒྲིག་ཡོངས་སུ་གྲུབ་འདུག གལ་སྲིད་ཁོ་མོ་ཁྱོ་ག་དེའི་ཁྱིམ་དུ་ཐེངས་གཅིག་ཁྲིད་ཚར་ན། དུས་དེ་ནས་བཟུང་ཁྱོད་ནམ་ཡང་ངའི་རྩར་ཡོང་མི་ཐུབ། དེས་ན་ཁྱེད་ང་ལ་དངོས་གནས་དགའ་པོ་དང་བརྩེ་བ་ཡོད་ཚེ། ཁྱོད་ཀྱིས་དུས་སྐད་ཅིག་ཙམ་གྱིས་ཀྱང་ཕྱིར་འགྱངས་མི་བྱེད་པར། ངེད་གཉིས་ས་ཆ་འདི་ནས་ཡུལ་ལུང་གཞན་ཞིག་ཏུ་བྲོས་འགྲོ་རྒྱུའི་ཐབས་ལམ་སྐོར་ལ་བསམ་བློ་ཐོངས། ཞེས་བཤད་པར། མོའི་དགའ་གྲོགས་ན་རེ། དེ་ཡིན་དང་ཡིན། ངའི་སྙིང་གི་ནོར་བུ། ངས་སང་ཉིན་ཞོགས་པ་སྔ་མོ་དེར་གྲོང་ཁྱེར་རྒྱལ་སྒོའི་ཕྱི་རོལ་གྱི་ས་གནས་འདི་དང་འདི་ཞེས་བྱ་བ་ནས་ཁྱེད་ལ་བསྒུགས་ནས་འདུག དེས་ན་ཁྱོད་ཀྱིས་ཐབས་ལམ་གནད་དུ་ཁེལ་བ་ཞིག་བེད་སྤྱད་དེ་རྒྱལ་སྒོའི་ཕྱི་རོལ་ཏུ་ཤོག་དང་ངེད་གཉིས་ས་ཆ་དེ་ནས་ཐུག་ཡོང་། ཞེས་བཤད། ཕྱི་ཉིན་ཞོགས་པ་སྔ་མོ་དེར་སྲས་མོ་ཨུཏྤ་ལས་རང་ཉིད་གཡོག་མོ་ཞིག་ཡིན་ཁུལ་གྱིས་གཡོག་ཆས་སྤྲས་ཤིང་། ལག་ཏུ་ཆུ་ཟོམ་ཞིག་ཁྱེར་ནས་ཆུ་ལེན་དུ་འགྲོ་བའི་ཁུལ་བྱས་ཏེ་སྒོའི་ཕྱི་ལ་བུད་ནས་བྲོས། དེ་ནས་རྒྱལ་སྒོའི་ཕྱི་རོལ་ནས་མོ་རང་གི་དགའ་གྲོགས་དང་འཕྲད་དེ་ཁོང་གཉིས་ས་གནས་དེ་ནས་ཐག་ཧ་ཅང་རིང་བའི་ཡུལ་ལུང་གཞན་ཞིག་ཏུ་བྲོས་སོ། །

དུས་ཡུན་ཅུང་ཙམ་ཕྱིན་རྗེས། སྲས་མོ་ཨུཏྤ་ལས་རང་ཉིད་ལ་བུ་ཞིག་བཙའ་འདོད་ཀྱིས་ཁྱོ་ག་ལ་སྨྲས་པ། ས་ཆ་འདི་རུ་ང་ལ་བུ་ཞིག་བཙས་ན་སྐྱེ་གཡོག་རྒྱུག་མཁན་གཅིག་ཀྱང་མེད། དེས་ན་ཁྱེད་ཀྱིས་ཁོ་མོ་ཕ་མའི་ཁྱིམ་དུ་ཁྲིད་དང་། ངས་ཁོང་ཚོའི་བྱམས་སྐྱོང་གི་འོག་ནས་བུ་ཕྲུག་ཅིག་སྐྱེ་གི་ཡིན། སྤྱིར་ན་ཕ་མ་ཞིག་ཡིན་ཕྱིན་དུས་ནམ་ཡང་ཁོང་ཚོའི་སེམས་ཁུང་ན་རང་གི་བུ་ཕྲུག་ཡོད་པས་ངེད་གཉིས་ལ་ངོས་ལེན་གནང་གི་རེད། ཅེས་བཤད་པར། མོའི་ཁྱོ་གས། ངའི་སྙིང་གི་ནོར་བུ། ཁྱོད་ཀྱིས་ཅི་ཞིག་བཤད་ཀྱིན་ཡོད། གལ་སྲིད་ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ང་མཐོང་ན་ཁོང་ཚོས་ང་ལ་མནར་གཅོད་བཏང་སྟེ་གསོད་རྒྱུ་ཡིན་པ་ཐག་གིས་ཆོད། དེས་ན་ཁྱེད་ཀྱིས་རང་གི་ཕ་མའི་སར་ལོག་རྒྱུའི་སྐོར་ང་ལ་མ་བཤད་རོགས། ཞེས་བཤད། དེ་ལྟར་མོ་རང་གིས་རང་གི་ཕ་མའི་སར་ལོག་རྒྱུའི་སྐོར་ཡང་ནས་ཡང་དུ་ཁྱོ་ག་ལ་ཞུ་བ་འཐེན་ན་ཡང་ཁོས་ཁས་ལེན་གཏན་ནས་མ་བྱས། ཉིན་གཅིག་སྲས་མོ་ཨུཏྤ་ལས་རང་གི་ཁྱོ་ག་རང་ཁྱིམ་དུ་མེད་པའི་སྐབས་དང་བསྟུན་ནས་ཁྱིམ་མཚེས་རྣམས་ལ་སྨྲས་པ། གལ་སྲིད་ངའི་ཁྱོ་ག་འདིར་ཡོང་སྟེ་ཁྱོད་ཚོར་ཁོ་མོ་གང་དུ་ཕྱིན་སོང་ཞེས་སྐད་ཆ་དྲིས་ན། ང་ཕ་ཁྱིམ་དུ་ཕྱིན་སོང་ཞེས་བཤད་རོགས། ཞེས་བརྡ་ལན་ཞིག་བཞག་སྟེ་མོ་རང་ཕ་ཁྱིམ་ཕྱོགས་སུ་གཏད་ནས་ཕྱིན། དེའི་དགོང་མོ་ཁྱོ་ག་ཕྱིར་རང་ཁྱིམ་དུ་ལོག་སྐབས། ཁྱིམ་མཚེས་རྣམས་ཀྱིས། ཁྱོད་ཀྱི་ཆུང་མ་མོ་རང་གི་ཕ་མའི་ཁྱིམ་དུ་ཕྱིན་སོང་། ཞེས་བཤད།

དེ་ནས་ཁོང་མྱུར་སྟབས་ངང་རང་གི་ཆུང་མའི་རྗེས་ཟིན་པར་བརྒྱུགས་ཏེ། ཕྱིར་རང་ཁྱིམ་དུ་ལོག་རྒྱུར་ཞུ་བ་ནན་གྱིས་བྱས་ཀྱང་། ཨུཏྤ་ལས་ཁས་ལེན་མ་བྱས་པར་ཡུལ་ལུང་གཞན་པ་ཞིག་ཏུ་བསླེབས་པའི་བར་མུ་མཐུད་ཕྱིན་པ་ན་ཁྱོ་གས་ཀྱང་མོ་རང་གི་རྗེས་དེད་ནས་སོང་། དེ་ཙ་ན་མོ་རང་ལ་སྐྱེ་གཟེར་རམ་ཕྲུ་གུ་བཙའ་ཁའི་ན་ཟུག་ལངས་ཏེ་ཅུང་མ་འགོར་བར་བུ་ཞིག་སྐྱེས། དེ་ནས་མོའི་བསམ་པར། ད་ཁོ་མོ་ཕ་མའི་ཁྱིམ་དུ་འགྲོ་དགོས་པའི་རྒྱུ་མཚན་གང་ཡང་མི་འདུག་སྙམ་ནས་ཁོང་གཉིས་ཕྱིར་རང་ཁྱིམ་དུ་ལོག་གོ །

ལོ་ངོ་འགའ་ཕྱིན་རྗེས། ཡང་བསྐྱར་མོ་རང་ཕྲུ་གུ་ཞིག་བཙའ་བ་ལ་མངོན་དུ་ཕྱོགས་པས། དེ་སྔོན་དང་འདྲ་བར་ཁྱོ་ག་ཁྱིམ་ན་མེད་པའི་སྐབས་དང་བསྟུན་ནས་རང་གི་ཕ་ཁྱིམ་ཕྱོགས་སུ་གཏད་དེ་ཕྱིན། ཁྱོ་གས་ཀྱང་སྔར་ལྟར་རྗེས་འདེད་ཀྱིས་མོའི་མདུན་བཀག་སྟེ། ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་ཞུ་བ་ཇི་ཙམ་བྱས་ཀྱང་མོས་ཁས་ལེན་མ་བྱས་པས། དེ་སྔོན་ནང་བཞིན་མོའི་རྗེས་དེད་ནས་ཕྱིན། དེ་ལྟར་ཁོང་གཉིས་ལམ་ཁར་འགྲོ་བཞིན་པའི་སྐབས་འཇིགས་སུ་རུང་བའི་དྲག་རླུང་འཚུབས་ཤིང་མཁའ་དབྱིངས་ནས་གློག་དམར་འཁྱུགས་ཏེ་ལྷག་རླུང་ལྡང་བཞིན་དྲག་ཆར་བབས་པ་ན། སྲས་མོ་ཨུཏྤ་ལས་རང་གི་ཁྱོ་ག་ལ་སྨྲས་པ། སྙིང་སྡུག་ལགས། ང་ལ་ཕྲུ་གུ་སྐྱེ་ཁའི་སྐྱེ་གཟེར་ལངས་སོང་བས་ཡར་ལ་ལང་ཙམ་ཡང་བྱེད་མི་ཐུབ། དེས་ན་ཁྱོད་ཀྱིས་དྲག་ཆར་འདི་ལ་གཡོལ་སའི་གནས་ཤིག་འཚོལ་རོགས་གྱིས། ཞེས་བཤད་པར། ཁྱོ་གས་སྟ་རེ་ཞིག་ཁྱེར་ཡོད་པས་ཁོང་དྲག་ཆར་ཁྲོད་གཡས་གཡོན་གང་སར་བརྒྱུགས་ཏེ། རང་གི་ཆུང་མ་དྲག་ཆར་ལས་སྐྱོབ་ཕྱིར་ཤིང་སྡོང་དང་ལོ་མ་སོགས་འཚོལ་དུ་ཕྱིན། སྐབས་དེར་ཁོས་གྲོག་མཁར་ཞིག་གི་སྟེང་རྩྭ་ཡན་སྐྱེས་པ་མཐོང་བས་དེར་བརྒྱུགས་ཏེ་རྩྭ་ཡན་རྣམས་བཅད་ནས། སྡོང་བུ་ཞིག་གཅོད་གྲབས་བྱེད་སྐབས་གྲོག་མཁར་ནས་དུག་སྦྲུལ་ཞིག་ཡོང་སྟེ་ཁོང་ལ་སོ་བརྒྱབ་མ་ཐག་ས་ལ་འགྱེལ་ནས་ཚེའི་དུས་བྱས་སོ། །

སྲས་མོ་ཨུཏྤ་ལས་རང་གི་ཁྱོ་ག་ཕྱིར་ལོག་རྒྱུར་ངང་སྒུག་བྱས་ནས་བསྡད་པར། མོ་རང་གི་སྐྱེ་གཟེར་ཤུགས་ཆེ་རུ་ནས་ཆེ་རུ་ཕྱིན་ཏེ་ཅུང་མ་འགོར་བར་ཕྲུ་གུ་ཞིག་བཙས། དེ་ནས་མོ་རང་མ་བུ་རྣམས་ཀྱིས་ལྷག་རླུང་དང་དྲག་ཆར་གྱི་གྲང་རེག་ལ་བཟོད་སྒོམ་མ་ཐུབ་པར། མོའི་སྐད་ཤུགས་ཡོད་ཚད་བཏོན་ནས་ངུ་འབོད་བྱས་ཏེ་སྡུག་སྐད་བརྒྱབ། གང་ལྟར་ཁ་ཐབས་ཞན་པའི་སྲས་མོ་ཨུཏྤ་ལར་མཚོན་ན་བྱེད་ཐབས་གང་ཡང་མ་རྙེད་པར་བཙས་མ་ཐག་པའི་བུ་ཆུང་རུམ་དུ་བཅུག་སྟེ། ལག་པ་དང་པུས་མོ་ས་ལ་བཙུགས་ནས་ཕྲུ་གུ་གཉིས་རང་གི་ལྟོ་འོག་ཏུ་བསྡམས་ཏེ་མཚན་གང་པོར་གཉིད་ཀྱང་མ་ཁུག་པར་དུས་ཚོད་སྐྱེལ་དགོས་བྱུང་།

ཕྱི་ཉིན་ཞོགས་པ་སྔ་མོ་དེར། ཤ་རྡོག་ཅིག་དང་འདྲ་བའི་སྐྱེས་མ་ཐག་གི་བུ་ཆུང་རུམ་ནས་ཡང་བླངས་ཏེ་དཔྱི་སྒང་ལ་བཞག་ཅིང་། བུ་ཆེ་བ་མོ་རང་གི་མཛུབ་མོར་འཐམ་བཅུག་ནས་ཁོང་གཉིས་ལ་སྨྲས་པ། ངའི་སྙིང་གི་ནོར་བུ་གཉིས། ད་ང་ཚོ་འགྲོ། ཁྱེད་གཉིས་ཀྱི་ཨ་ཕས་ནི་ང་ཚོ་འདིར་གཡུགས་ནས་ཕྱིན་སོང་། ཞེས་བཤད། དེ་ནས་སྲས་མོ་ཨུཏྤ་ལ་རང་གི་ཁྱོ་ག་གང་དུ་ཕྱིན་སའི་ལམ་ཁ་དེ་དེད་ནས་སོང་བ་ན་གྲོག་མཁར་དང་ཐག་ཉེ་སར་བསླེབས་དུས། དེ་ན་མོ་རང་གི་ཁྱོ་ག་ཤི་སྟེ་ཤ་མདོག་ཀྱང་སྔོ་དམར་དུ་ཆགས་ཤིང་ལུས་པོ་ཡོངས་འཁྱག་པོར་གྱུར་པ་མཐོང་ནས། མོས་མྱ་ངན་གྱི་འོ་དོད་འབོད་བཞིན་འདི་ལྟར། ཀྱེ་མ་ཀྱེ་ཧུད། ངའི་ཁྱོ་ག་ནི་ལམ་ཁ་འདི་ན་གྲོངས་འདུག འདི་ཚང་མ་ངའི་ཆེད་ཁོ་ན་ཡིན། ད་ངས་ཅི་ཞིག་བྱེད་དགོས། ཞེས་སོགས་སྨྲེ་སྔགས་འདོན་བཞིན་འགྲོ་དགོས་བྱུང་།

དེ་ནས་མོ་རང་ཨ་ཅི་ར་ཝ་ཏི(ACIRAWATI)ཟེར་བའི་གཙང་པོ་ཞིག་བརྒལ་དགོས་བྱུང་ཞིང་། གཙང་པོ་དེ་ནི་ཆུ་ལོག་གིས་ཡོངས་སུ་རྒྱས་ཏེ་རླབས་འཕྲེང་འཕྱོ་བཞིན་མཆིས་ནའང་། གཏིང་ཟབ་ལོད་ནི་རང་ཉིད་ཀྱི་སྐེད་པ་ནུབ་ཙམ་ལས་མེད། དེ་ལྟར་མོ་རང་གཙང་པོ་དེའི་ཁར་བསླེབས་ཏེ་བསམ་པར། ང་ནི་མདང་དགོང་མཚན་གང་པོར་གཉིད་མ་ཁུགས་ཤིང་ཟས་ཀྱང་མ་རག་པར་བརྟེན་ངའི་ལུས་ཟུངས་ནི་ཧ་ཅང་ཉམ་ཐག་པར་གྱུར་འདུག མ་ཟད་ཕྲུ་གུ་སྐྱེ་སྐབས་ཟུངས་ཁྲག་མང་པོ་ཕྱི་ལ་ཐོན་པས་དུས་གཅིག་ལ་ཕྲུ་གུ་གཉིས་ཀ་གཙང་པའི་ཕར་འགྲམ་དུ་སྐྱེལ་ཐུབ་ཀྱི་མ་རེད་སྙམ་ནས། ཕྲུ་གུ་ཆེ་བ་གཙང་པོའི་འགྲམ་དུ་བཞག་ཅིང་ཆུང་བ་རྒྱབ་ལ་ཁུར་ནས་གཙང་པོའི་ཕ་རོལ་བརྒལ་ཏེ་ཤིང་གི་ལོ་མ་དང་ཡལ་འདབ་འགའ་བཅད་དེ་བུ་ཆུང་ཐོག་བཀབ་ནས། ཕྲུ་གུ་ཆེ་བ་ལེན་ཕྱིར་ཚུར་གཙང་པོ་བརྒལ་ནས་ཆུའི་དཀྱིལ་ཙམ་ལ་བསླེབས་དུས། ནམ་མཁའ་ནས་ཁྲ་གླག་ཅིག་གིས་ཕྲུ་གུ་ཆུང་བ་ཤ་དུམ་ཞིག་ཏུ་ནོར་ཏེ་ཕྲུ་གུའི་ཐོག་མར་བབ་ཅིང་ནམ་མཁའ་ལ་ཁྱེར་ནས་འཕུར། ཨ་མས་དེ་མཐོང་མ་ཐག་ལག་པ་གཡུགས་ཏེ་སྐད་ཤུགས་ཡོད་ཚད་བཏོན་ནས། ཤོ་་་་་ཤོ་་་ཞེས་སྐད་ཅོར་བརྒྱབ་པ་ན། ཕྲུ་གུ་ཆེ་བའི་སེམས་སུ། ཨ་མས་ང་ལ་ཚུར་ཤོག་ཟེར་གྱིན་འདུག་སྙམ་ནས་མྱུར་སྟབས་ཀྱིས་གཙང་པོར་བརྒལ་བར། ཨ་མས་ཕྲུ་གུ་ཆེ་བ་སྐྱོབ་ཕྱིར་ཁོའི་ཕྱོགས་སུ་གང་ནུས་ཀྱིས་ཆུ་གཤགས་ཏེ་ཡོང་ནའང་ཕྲུ་གུ་དེ་སྐྱོབ་མ་ཐུབ་པར་ཆུས་ཁྱེར། དེའི་ཐོག་ཕྲུ་གུ་ཆུང་བ་ནི་ཁྲ་གླག་གིས་ཁྱེར་བས། སྲས་མོ་ཨུཏྤ་ལ་སྡུག་བསྔལ་དང་སྐྱོ་གདུང་གིས་རབ་ཏུ་ནོན་པར་གྱུར་ཏེ་ན་རེ། ངའི་བུ་ཆེ་བ་ནི་ཆུ་ཀླུང་གིས་ཁྱེར་ཞིང་། ཆུང་བ་ནི་ཁྲ་གླག་གིས་ཁྱེར། ཁྱོ་ག་ནི་ལམ་མདོ་ནས་དུག་སྦྲུལ་གྱིས་བསད། ད་ངས་ཅི་ཞིག་བྱ་དགོས་པ་རེད། ཅེས་མྱ་ངན་གྱི་སྨྲེ་སྔགས་བཏོན་ཏེ་རེ་ཞིག་ལུས་སོ། །

དེ་ནས་མོས་མྱ་ངན་གྱི་འོ་དོད་འབོད་བཞིན་ཕྱིན་ཕྱིན་པ་ན་མི་ཞིག་ལ་ཐུག་སྟེ་སྨྲས་པ། སྐུ་ཞབས་ལགས། ཁྱེད་ས་གནས་གང་ནས་ཡིན། ཞེས་དྲིས་པར་མི་དེས། ང་མཉན་ཡོད(SAVATTI)ནས་ཡིན། ཞེས་ལན་བཏབ། འོ་ན་ཁྱོད་ཀྱིས་མཉན་ཡོད་ཀྱི་འདི་དང་འདི་ཞེས་བྱ་བའི་ལམ་ཆེན་དེར་མིང་ལ་འདི་དང་འདི་ཞེས་བྱ་བའི་ཁྱིམ་ཚང་ཞིག་ངོ་ཤེས་ཀྱི་ཡོད་དམ། ཞེས་རང་ཉིད་ཀྱི་ཁྱིམ་ཚང་སྐོར་དྲིས་པར་ཁོང་གིས། བཞིན་བཟང་མ། དེ་ཚོ་ཚང་མ་ངས་ངོ་ཤེས་ཀྱི་ཡོད། འོན་ཀྱང་ཁྱེད་ཀྱིས་ང་ལ་ཁྱིམ་ཚང་དེའི་སྐོར་བཀའ་འདྲི་མི་གནང་བར་ཁྱོད་ཀྱིས་ངོ་ཤེས་པའི་ཁྱིམ་ཚང་གཞན་པ་རེའི་སྐོར་ལ་སྐད་ཆ་དྲིས་དང་། ཞེས་བཤད་པར་ཡང་མོ་རང་གིས། སྐུ་ཞབས་ལགས། ངས་ཁྱིམ་ཚང་དེ་གཅིག་པུ་ལས་གཞན་གང་ཡང་ངོ་ཤེས་ཀྱི་མེད། དེས་ན་ཐུགས་རྗེ་གཟིགས། ཁྱོད་ཀྱིས་ང་ལ་ཁྱིམ་ཚང་དེའི་སྐོར་ཤོད་དང་། ཞེས་ཨུ་ཚུགས་ཀྱིས་དྲིས་པ་ན་མི་དེ་ན་རེ། ཁྱོད་ཀྱིས་དེ་ལྟར་ཨུ་ཚུགས་བྱས་ན་ངས་ཀྱང་ཁྱོད་ལ་དངོས་ཡོད་གནས་ཚུལ་རྣམས་གསང་དགོས་དོན་མེད། མདང་དགོང་མཚན་མོར་ཆེས་འཇིགས་སུ་རུང་བའི་དྲག་ཆར་ཞིག་བབས་པ་ཁྱོད་ཀྱིས་ཚོར་སོང་ངམ། ཞེས་ལབ་པར། མོ་རང་གིས། ཤེས་སོང་། དྲག་ཆར་དེས་ང་ལ་སྡུག་སྦྱོང་ཚད་མེད་བཏང་བས། ངའི་བསམ་པར་དྲག་ཆར་དེ་ནི་ང་རང་གཅིག་པུའི་ཐོག་ཏུ་བབས་པ་ཞིག་རེད་བསམ་བྱུང་། ཞེས་ལན་བཏབ།

མི་དེས་མུ་མཐུད་དུ་བཤད་རྒྱུར། མདང་དགོང་མཚན་མོའི་དྲག་ཆར་ཁྲོད་ཕ་གིའི་ཁྱིམ་ཚང་དེའི་སྡོད་ཁང་འཐོར་ཞིག་ཏུ་ཕྱིན་ཏེ། ཁྱིམ་ཚང་དེའི་ཕ་མ་གཉིས་དང་བུ་གཅིག་ཡོད་པ་བཅས་ཚང་མ་ཁང་བའི་རྩིག་འོག་ཏུ་མནན་སོང་། ཞེས་བཤད་པ་ན། སྲས་མོ་ཨུཏྤ་ལས། སྐུ་ཞབས་ལགས། ད་བཤད་མི་དགོས། ཁྱོད་ཀྱིས་ང་ལ་ཁོང་ཚོ་ཚང་མ་ཤི་སོང་ཞེས་མ་གསུང་རོགས་གནང་། ཞེས་ཞུ་བ་འཐེན།

དེ་ནས་མི་དེས། ཁོང་གཉིས་ཡོད་ས་ནས་ཐག་མི་རིང་བའི་སར་མེ་ལྕེ་དགུང་ལ་འཕྱུར་བཞིན་པ་ཞིག་ལ་མཛུབ་མོ་བཙུགས་ཏེ་ན་རེ། ཁྱོད་ཀྱིས་ཕ་གིར་ལྟོས་དང་། མེ་ལྕེ་དགུང་ལ་འཕྱུར་བཞིན་པ་མཐོང་གི་འདུག་གམ། ཞེས་དྲིས་པར་མོ་རང་གིས། ལགས། མཐོང་གི་འདུག ཅེས་བཤད་པར་ཁོང་གིས། དེ་ནི་ད་ལྟ་ཁོང་ཚོའི་ཕུང་པོ་མེ་ལ་སྲེག་བཞིན་པའི་མེ་ལྕེ་རེད། ཅེས་པའི་སྐད་ཆ་དེ་ཐོས་མ་ཐག་སྲས་མོ་ཨུཏྤ་ལ་གདུང་ཤུགས་དྲག་པོའི་མྱ་ངན་གྱིས་དབང་མེད་དུ་ས་ལ་འགྱེལ་ཏེ་གང་སར་འདྲེ་ལྡོག་རྒྱག་བཞིན་ངུ་འབོད་བྱས། དེ་ཙ་ན་ཡུལ་མི་ཁ་ཤས་ཡོང་སྟེ་སྲས་མོ་ཨུཏྤ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་ཆོས་གནང་ས་རྒྱལ་བུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བར(JETA-WANA)བསྐྱལ་བས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དེར་ཡོད་བུད་མེད་ཁ་ཤས་མངགས་ཏེ་སྲས་མོ་ཨུཏྤ་ལ་ལ་གཟུགས་པོ་ཁྲུད་པ་དང་། གོས་གཡོགས་ཏེ་ཁ་ཟས་སྟེར་དུ་བཅུག སངས་རྒྱས་ཀྱིས་སྙན་ཞིང་འཇེབས་པའི་གསུང་ཚངས་པའི་དབྱངས་ཀྱིས་སེམས་གསོའི་བསླབ་ཚིག་སྦྱིན་ཏེ་སྲས་མོ་ཨུཏྤ་ལ་དབུགས་དབྱུང་བར་མཛད། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུང་ཆོས་ཀྱི་གདམས་པ་གནང་གྲུབ་རྗེས་མོའི་ཡིད་ཤེས་ཀྱི་དྲན་པ་སླར་རྙེད་དེ། སངས་རྒྱས་བཅོམ་ལྡན་འདས་ལ། ཁོ་མོར་རབ་བྱུང་གི་སྡོམ་པ་གནང་བར་ཞུ། ཞེས་སྐྱབས་འཇུག་ཞུས་པ་ན་སངས་རྒྱས་ཀྱིས་ཀྱང་སྲས་མོ་ཨུཏྤ་ལ་རབ་བྱུང་སྒྲུབ་པར་མཛད་དོ། །