འཕགས་བོད་ཆོས་འབྱུང་། ཡལ་འདབ་ལྔ་པ་

ཡོང་ཁུངས་Wikipedia

ཡལ་འདབ་ལྔ་པ་གངས་ཅན་གྱི་དཔལ་ནལེཎྡྲ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་གི་གདན་རབས། བེ་རི་འཇིགས་མེད།

(༡) གདན་ས་འདིར་འབྲས་སྤུངས་ཞེས་འདོགས་པའི་ཚུལ།

གངས་རིའི་ཁྲོད་འདིར་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་སྡེ་ནམ་མཁའི་སྐར་ཚོགས་དང་། ཆུ་ཁའི་བྱེ་མ་ལྟར་ཤིན་ཏུ་མང་བའི་ནང་ནས་གསེར་རིའི་དབུས་ན་ལྷུན་པོ་དང་། སྐར་ཚོགས་ཁྲོད་ན་ཟླ་བ་ལྟར་ཆེས་མངོན་པར་འཕགས་པའི་ཆོས་སྡེ་ཆེན་པོ་གངས་ཅན་གྱི་དཔལ་ནུ་ལབྷདཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་ས་གསུམ་ན་སྙན་པ་གྲགས་པའི་བ་དན་དཀར་པོ་ལྷབ་ལྷུབ་ཏུ་གཡོ་བ་འདིའི་མཚན་ལ་དཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་བཏགས་པའི་རྒྱུ་མཚན་ནི། ཚད་ལྡན་གྱི་སྐྱེས་ཆེན་དམ་པ་ཁ་ཅིག་གིས། འཛམ་གླིང་དུམ་བུ་དྲུག་བགོས་པའི་དབུས་འགྱུར་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཕྱི་ནང་གཞན་གསུམ་གྱི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྷ་སྟོང་ཕྲག་ཉི་ཤུ་པའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གང་ལ་ཡོད་པའི་གནས་ཁྱད་པར་ཅན་དེའི་མིང་གིས་བསྙད་དེ། ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་ཞེས་བཏགས་པར་གསུངས་ལ། གཞན་དག་ནི་དགེ་འཕེལ་རི་དང་དན་འབག་གི་བར་དུ་གདན་ས་འདི་ཉིད་འབྲས་དཀར་གྱི་ཕུང་པོ་མཎྜལ་རི་བོ་ལྟར་སྤུངས་པའི་དབྱིབས་དང་འདྲ་བས་དཔལ་ལྡན་འབྲས་དཀར་སྤུངས་པ་ཞེས་བཏགས་པ་གསུངས་ཏེ་དབྱིབས་དང་བརྗོད་དོན་གང་ལ་བསམ་ཀྱང་བཞེད་པ་སྔ་ཕྱི་གཉིས་ཀ་འབྲེས་ཆགས་ཤིང་རྒྱུ་མཚན་ལྡན་པ་མངོན་ནོ། ། ཕྱག་ཇི་ལྟར་བཏབ་པའི་ཚུལ་ནི། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོས། བཀྲིས་དཔལ་དང་ལྡན་པའི་ཆོས་ཀྱི་རྗེ། ། བཀྲིས་འཁོར་ལོ་ཞབས་ཀྱིས་ས་འདིར་བཅགས ། ཐོས་བསམ་སྒོམ་པའི་རྫིང་བུ་བྱེ་བ་བརྒྱ། ། སྐལ་ལྡན་ངང་པ་རྩེན་པའི་གནས་འདིར་བསྐྲུན། ། ཞེས་གསུངས་པ་ལྟར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གིས་གདན་ས་ཆེན་པོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་རིང་པོར་མ་ལོན་པར། རབ་བྱུང་བདུན་པའི་ཤིང་རྟ་(༡༤༡༦)ལོར་མིའི་དབང་པོ་གྲགས་པ་རྒྱལ་མཚན་གྱིས་གདན་ཞུས་ལྟར། འོན་བཀྲིས་དོ་ཁར་དབྱར་ཞལ་བཞེས་མཛད་པ་ཕེབས་བཞུགས་སྐབས། རྗེ་ཉིད་ཀྱི་གསུང་ལས་སྐྱེས་པའི་བསྟན་འཛིན་མཁས་གྲུབ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་ཁྲོད་ནས་ཡོངས་གྲགས་ལྟར་འཕྲིན་ལས་ནམ་མཁའ་དང་མཉམ་པའི་རྩོད་མེད་ཀྱི་བུ་ཆེན་བཞིའི་ནང་ཚན་ནམ་ཡང་ན་གཞུང་ལུགས་མང་དུ་མཁྱེན་པའི་མཁས་མཆོག་གཉིས་ཀྱི་ནང་ཚན་སྲས་ཀྱི་ཐུ་བོ་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ལྡན་ཆེན་པོ་འདི་ཉིད་ལ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་འཆད་ཉན་འདི་དག་མི་ནུབ་པར་སྲིད་པ་ཇི་སྲིད་བར་ཕྱོགས་ཀུན་ཏུ་དར་རྒྱས་འབྱུང་སླད་དགོན་པ་ཆེན་པོ་ཞིག་ཐོབ་དང་། དགོན་མ་ལས་བུ་དགའ་བ་ཡོང་ཞེས་གསུང་གི་དབུགས་དབྱུང་བསྩལ་ཏེ། རྗེ་བླ་མ་རང་ཉིད་ཀྱིས་དགའ་ལྡན་འགོག་པ་རི་ནས་གཏེར་དུ་བཞེས་པའི་ཆོས་དུང་གཡས་འཁྱིལ་ཁྱད་པར་ཅན་དེ་ཉིད་དགོན་པའི་རྟེན་གཙོར་གནང་། སྣེའུ་དཔོན་ནམ་མཁའ་བཟང་པོ་ལ་ཆོས་སྡེ་ཆེན་པོ་འདེབས་པར་འགྱུར་བས་སྦྱིན་བདག་མཛད་དགོས་པའི་བཀའ་སྔ་ཕྱིར་ཕེབས་པ་སོགས་ལ་བརྟེན་ནས་རྗེ་འདི་ཉིད་ཀྱིས་ཀྱང་རྗེ་བླ་མའི་བཀའི་ཅོད་པན་སྤྱི་བོར་བཅིངས་ཏེ་ཐུགས་འདུན་ལེགས་པར་གཏད་པའི་ནུབ་མོ་དེ་ཉིད་ལ་རྗེ་འདི་པའི་མནལ་ལམ་དུའང་ཆུ་ཆེན་པོ་ཞིག་གི་འགྲམ་དུ་སྐྱེ་བོ་དཔག་མེད་ཆུ་ལ་མ་ཐར་བར་འདུག་པར་ཐུགས་སྙིང་རྗེ་ཆེན་པོས་ཆུར་མཆོངས་པས། ཕར་འགྲམ་དུ་སླེབས་བྱུང་བར་ཟམ་པ་ཞིག་བཙུགས་པས་སྐྱེ་བོ་དཔག་མེད་ཉེས་མེད་དུ་ཐོན་པར་རྨིས་པས་ཆོས་སྡེ་ཆེན་པོ་ཁྱད་པར་ཅན་ཞིག་ཚུགས་པའི་ཐུགས་ངེས་འཁྲུངས། ཡང་ནུབ་ཅིག་རྨི་ལམ་དུ་ལྷ་གནམ་ཐེལ་དཀར་པོ་ཡིན་ཟེར་བ་ཞིག་གིས་དགོན་པའི་ས་ཡུལ་བསྟན་ནས་འདིར་ཁྱེད་ཀྱི་དགོན་པ་ཐོབ་ཅིག ངས་བཙུན་པ་སྟོང་ཕྲག་ལྔ་འབུལ་ཟེར་བ་བྱུང་། རྫིང་བུ་མང་པོ་འདུག་པར་གཟིགས་ཤིང་། ཁྱད་པར་གླང་ཆེན་རི་གདོང་དུ་རྫིང་བུ་ཆེས་མང་པོའི་འགྲམ་ན་རྗེ་རིན་པོ་ཆེ་བཞུགས་འདུག་པར་འདི་རྣམས་ཐོས་བསམ་གྱི་ཆུ་ཡིན་པས་ཐུངས་ཤིག་ཅེས་གསུངས་པས་ངོམས་པར་འཐུང་པ་སོགས་ཀྱིས་ངོ་མཚར་བའི་མཚན་མ་བསམ་གྱིས་མི་ཁྱབ་པ་བྱུང་བར་བརྟེན། ད་ལྟའིི་ས་ཡུལ་འདིར་ཕེབས་ནས་ཐོག་མར་དགོན་པ་ཤར་ཕྱོགས་ཀྱི་གཟིམས་སྤྱིལ་བྲག་ཐོག་ཁང་ཞེས་པ་དེར་བཞུགས་ཏེ། ད་ལྟའི་འདུ་ཁང་ཆེན་པོ་གང་དུ་ཡོད་པའི་ས་གཞི་དེར་དབུ་མ་ཕར་ཕྱིན་ཚད་མ་གསུམ་གྱི་བཤད་པ་ནར་མར་མཛད། དེ་ནས་རབ་བྱུང་བདུན་པའི་མེ་སྤྲེལ་(སྤྱི་ལོ་༡༤༡༦)ཆོས་རྗེ་རང་ཉིད་དགུང་ལོ་སོ་བརྒྱད་བཞེས་པའི་ལོར། སྲིད་གསུམ་བསྟན་པའི་རྒྱན་གཅིག་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་གཙུག་ལག་ཁང་དང་། བྲང་ཁང་སོ་སོར་ཕལ་ཆེ་བ་ལའང་འདུལ་བ་ནས་ཇི་ལྟར་གསུང་པ་བཞིན་དུ་དང་པོར་ས་གཞི་བརྟག་པ་དང༌། བརྟག་ནས་དགེ་འདུན་ལ་གསོལ་བ་དང༌། རྡོ་འདེགས་པའི་མཐའ་ལས་བྱུང་བའི་རུང་ཁང་བཅོས་པ་དང་། ཁང་པའི་ཚད་ལས་མ་ལྷག་པར་བརྩིགས་པ་སོགས་འདུལ་བ་ནས་ཇི་ལྟར་གསུངས་པ་བཞིན་ཕྱག་ལེན་རྣམ་པར་དག་པར་མཛད་ཅིང༌། གཞན་ཡང་ལྟོ་འཕྱེའི་ཐིག་འདེབས་པ་སོགས་མདོ་རྒྱུད་ནས་གསུངས་པ་འཇམ་མགོན་བླ་མས་ཞལ་བཀོད་གནང་བ་ལྟར་དགོན་པའི་གཞི་བཏིང་། དེ་མཚམས་ནས་སློབ་ཆོག་རྣམས་དང་ལྷག་པར་གཞིས་ཀ་སྣེའུ་རྫོང་པའི་དཔོན་ནམ་མཁའ་བཟང་པོ་སོགས་བསྟན་ལ་གཅིག་ཏུ་དཀར་བའི་དད་སྦྱིན་ཁག་མང་པོ་ནས་དངོས་པོའི་མཐུན་འགྱུར་སྦྱར་ཏེ་འདུ་ཁང་ཆེན་མོ་དང་སྔགས་ཁང་སོགས་མང་དུ་གྲུབ། རིམ་གྱིས་གཙུག་ལག་ཁང་ཆེན་མོའི་སྟེང་ཤོད་ཀྱི་སྐུ་གསུང་ཐུགས་རྟེན། སྔགས་ཁང་གི་ནག་པོ་སྐོར་གསུམ་བློས་བླངས་དང་བཅས་པ། གཞན་ཡང་ཆོས་སྡེ་ཆེན་པོའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་ཕལ་ཆེར་གྲུབ་སྟེ། ཕྱིས་རབ་བྱུང་བདུན་པའི་ས་ཕག་ལོར་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་སྟོད་ལུང་ཆབ་ཚན་ལ་ཕེབས་སྐབས་འབྲས་སྤུངས་སུ་ཆིབས་བསྒྱུར་མཛད་དེ་དཔལ་ལྡན་འབྲས་སྤུངས་ཀྱི་གཙུག་ལག་ཁང་རྟེན་དང་། བརྟེན་པར་བཅས་ལ་རབ་གནས་བྱིན་འབེབས་མཛད། ལྷག་པར་དཔལ་རྡོ་རྗེ་འཇིགས་བྱེད་དང་ཡེ་ཤེས་ཀྱི་མགོན་པོ་དམ་ཅན་ཆོས་སྐྱོང་སོགས་ལ་ཡེ་ཤེས་པ་དངོས་སུ་བསྟིམ་བཞུགས་མཛད་སྐབས་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་ངོ་མཚར་བའི་མཚན་མ་བསམ་གྱིས་མི་ཁྱབ་པ་དང་བཅས། ལྷ་མི་ཀུན་གྱི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོ་མཐོང་ཆོས་སུ་གྱུར་པ་འདི་ཉིད་ལེགས་པར་ཕྱག་བཏབ་པ་ཡིན་ནོ། ། རྒྱལ་བ་གཉིས་པའི་བཀའ་ལུང་གཡས་འཁྱིལ་དུང༌། ། འཇམ་དབྱངས་བླ་མའི་ཐུགས་བསྐྱེད་ཀྱིས་འབུད་པའི། ། དཔལ་ལྡན་འབྲས་དཀར་སྤུངས་པའི་གདན་ས་ཞེས། ། གྲགས་པ་སྙན་མོས་གླིང་འདི་ཤིས་པ་སྒྲུབ། ། འདི་ཡི་དབྱངས་བདུན་རྫོགས་པའི་འགྱུར་ཁུག་གིས། ། གནམ་གྱི་དགུ་ཚིགས་ཕྱོགས་ཀྱི་མུ་ཁྱུད་ཀུན། ། ལྷན་ཅིག་དབྲལ་ཏེ་འཇིག་རྟེན་བྱེ་བ་བརྒྱའི། ། ཕྱོགས་ཀྱི་འཁོར་ལོའི་ཁྱོན་ཀུན་ཡངས་པོར་བྱས། །ཞེས་ཀྱང་སྨྲས་སོ། ། (༢) ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ ལྡན་པ་ཆེན་པོའི་རྣམ་ཐར། དེ་ཡང་གདན་ས་ཆེན་པོ་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ་ཡིན་ལ་། རྗེ་བཙུན་དམ་པ་འདིའི་རྣམ་པར་ཐར་པ་ནི་རི་བོའི་དཔང་དང་རྒྱ་མཚོའི་གཏིང་ལྟར་ཟབ་ཅིང་རྒྱ་ཆེ་བས་མཐའ་དག་པ་ནི་ག་ལ་བརྗོད་ནུས། དེ་ལྟ་ནའང་དྲིན་བཟོ་བའི་ཕྱིར་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེའི་ཆུ་ཐིགས་ཙམ་བརྗོད་པར་བྱ་སྟེ།དེ་ཡང་ཇི་སྐད་དུ། བཀྲིས་རབ་བརྟན་ཡིད་འོང་མཛེས་པའི་སྐུ། ། དཔལ་ལྡན་ཆོས་སྒྲ་སྙན་པར་སྒྲོགས་པའི་གསུང༌། ། གསུང་རབ་མ་ལུས་མཁྱེན་པའི་ཐུགས་མངའ་བ། ། འཇམ་དབྱངས་ཆོས་རྗེའི་ཞབས་ལ་གསོལ་བར་འདེབས།། ཞེས་གསུངས་པ་ལྟར་རྗེ་བླ་མ་འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ་ཞེས་མཁས་པ་དང་གྲུབ་པའི་ཡོན་ཏན་གྱི་བ་གམ་མངོན་པར་མཐོ་བའི་མཚན་སྙན་གྱི་བ་དན་དཀར་པོ་ས་གསུམ་ན་ལྷབ་ལྷུབ་ཏུ་གཡོ་བ་དེ་ཉིད་ནི། ངེས་པའི་དོན་དུ་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ཤིང་སྐུ་བཞིའི་གོ་འཕང་མངོན་དུ་མཛད་ནའང་། གདུལ་བྱ་ཐུན་མོང་བའི་སྣང་ངོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཞལ་སློབ་ཀྱི་ཚུལ་བསྟན་ཀྱང་རྗེ་ཉིད་དང་མཁྱེན་བརྩེའི་རང་བཞིན་དབྱེར་མེད་ཅིང་། འཕྲིན་ལས་ནམ་མཁའ་དང་མཉམ་པ་དེ་ཉིད་ཡིན་ལ། རྗེ་འདི་ཉིད་གང་དུ་སྐུ་འཁྲུངས་པའི་གནས་ནི་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྦྱིན་བདག་མཛད། དུས་གསུམ་མཁྱེན་པ་སློབ་དཔོན་པདྨསམ་བྷབས་འདྲེ་སྲིན་གདུག་པ་ཅན་རྣམས་དམ་ལ་བཏགས། མཁན་ཆེན་ཞི་བ་འཚོ་དཔལ་ཨོ་ཏན་པུ་རིའི་གཙུག་ལག་ཁང་དཔེ་བྱས་ཏེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་བསྐྲུན། སད་མི་བདུན་སོགས་རབ་ཏུ་བྱུང་ཞིང་བསྟན་པ་སྔ་དར་ཕྱི་དར་གཉིས་ཀྱི་དུས་རྒྱ་བོད་ཀྱི་པཎྜི་ཏ་དུ་མས་མདོ་སྔགས་ཀྱི་བཀའ་བསྟན་དུ་མ་འཆད་ཉན་གྱིས་གཏན་ལ་ཕབ་པའི་མཐིལ། བོད་ཡུལ་གྱི་རྡོ་རྗེ་གདན་གཉིས་པ་དཔལ་བསམ་ཡས་ཀྱི་གཙུག་ལག་ཁང་ཆེན་མོ་དང་ཉེ་བའི་ས་ཆར་ཆོས་རྒྱལ་ཁྲི་སྲོང་གི་སྐུ་དུས་སུ་སྔགས་པ་རྡོ་རྗེ་གཞོན་ནུ་ཞེས་སྔགས་པ་ནུས་མཐུ་ཅན་ཞིག་བྱུང་བའི་རུས་བརྒྱུད་ལ་རྗེ་རིན་པོ་ཆེའི་ཡོན་བདག་མི་དབང་གྲགས་པ་རྒྱལ་མཚན་གྱི་ཡིག་མཁན་ཡབ་དགེ་བསྙེན་པ་ཞེས་བྱ་ལ་སྲས་གསུམ་བྱུང་བའི་ཐ་ཆུང་རབ་བྱུང་དྲུག་པའི་དོན་འགྲུབ་ཅེས་པ་ས་མོ་ལུག་(སྤྱི་ལོ་༡༣༧༩)ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་འཁྲུངས། སྐུ་ཆུང་ངུའི་དུས་སུ་འཇམ་དབྱངས་དཀར་པོའི་བསྙེན་པ་ཞིག་མཛད་པས་མནལ་ལམ་དུ་གཙུག་ལག་ཁང་གི་ནང་དུ་འཇམ་དབྱངས་དཀར་པོའི་སྐུ་གསུམ་བཞུགས་པའི་དབུས་མས་རྡོ་རྗེ་སྤྱི་བོར་བཞག དྲིལ་བུ་བསིལ་བས་བདག་ལ་རྗེ་བཙུན་གྱིས་བྱིན་གྱིས་བརླབ་བྱུང་སྙམ་པ་བྱུང་ཞིང་། དེ་ནས་བཟུང་སྟེ་མཁྱེན་རབ་ཀྱི་ཀློང་བརྡོལ་བའི་ཚུལ་བསྟན། རྗེ་སུ་ནར་སོན་པ་ན་རྩེད་ཐང་དུ་རབ་ཏུ་བྱུང་ནས་བསམ་ཡས་དགོན་རྩེར་བཞུགས་ཏེ་ལེགས་བཤད་གསེར་ཕྲེང་ཐུགས་འཛིན་མཛད་པའི་མནལ་ལམ་དུ་དུང་གི་རྣ་ཆ་འཁྲོལ་བའི་ཁྱེའུ་མང་དུ་བྱུང་བ་རྣམས་མཐར་གཅིག་ཏུ་སོང་། དེའི་སྐྱེ་བ་ཕྱི་མར་དགའ་ལྡན་དུ་སྐྱེས་ཟེར་བ་བྱུང༌། དེ་ནས་གསང་ཕུར་གཉའ་རྒོད་རིན་བསམ་པ་དང་། ལྡན་མ་དཀོན་ཅོག་སེང་གེ་གཉིས་ལས་ཕར་ཚད་གསན། སྐྱོར་མོ་ལུང་དུ་མཁན་ཆེན་དཀའ་བཞི་པ་ལས་འདུལ་མངོན་གསན། དེ་ནས་དགའ་ལྡན་དུ་རྗེ་བླ་མ་ཙོང་ཁ་པ་ཆེན་པོ་ནས་དྲང་ངེས་རྣམ་འབྱེད། རྩ་འཇུག་གཉིས། ལམ་རིམ་ཆེ་ཆུང༌། སྔགས་རིམ་ཆེན་མོ། གཞན་ཡང་བདེ་དགྱེས་དུས་འཁོར་སོགས་ཡོ་གའི་ཆོས་འཁོར་ཇི་སྙེད་ཅིག་གསན། གཞན་ཡང་གདན་ས་དེ་ཉིད་ཏུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཉིད་ཀྱི་མཁན་པོ། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ལས་སློབ། རྒྱལ་ཚབ་ཆོས་ཀྱི་རྗེ་གསང་སྟོན་མཛད། དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མར་བསླབ་གཞི་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་བཞེས་ཏེ་ཐུབ་པའི་རྒྱལ་ཚབ་དམ་པར་གྱུར། ས་ཕག་ལོར་དགའ་ལྡན་དུ་རྗེ་རིན་པོ་ཆེའི་ཞལ་སྔ་ནས་ཕ་བརྒྱུད་གསང་བ་འདུས་པ་དང་མ་བརྒྱུད་འཁོར་ལོ་སྡོམ་པས་གཙོས། མདོ་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་གསུང་ཆོས་གསན་སྐབས་ཉིན་རེ་བཞིན་རྗེ་འདི་ཉིད་ཀྱིས་གསུང་ཆོས་བཙལ་བ་སོགས་ཚོགས་མང་གི་དབུས་སུ་རྩིས་བཞག་གི་ཚུལ་དུ་ཐུགས་ཐོག་ནས་སྐྱོར་དགོས་ཤིང་། ཉིན་གཅིག་རྗེ་ཙོང་ཁ་པ་ཆེན་པོས་མངོན་བརྗོད་ཀྱི་རྒྱུད་ཤོག་བུ་མདའ་ཚད་མ་མང་པོ་དྲངས་ནས་རྒྱུད་སྡེ་བཞི། བདེ་དགྱེས་དུས་འཁོར་དང་བཅས་པའི་བཤད་པ་ཞིབ་རྒྱས་མཛད་པ་རྣམས་རྗེ་འདི་ཉིད་ཀྱིས་འབྲུ་ནོན་དང་བཅས་པ་ཚོགས་པའི་དབུས་སུ་ཐོགས་པ་མེད་པ་སྐྱོར་བས་རྗེ་བླ་མ་ཉིད་དང་བྱམས་ཆེན་ཆོས་རྗེ་སོགས་དེར་འདུས་ཀྱི་ཚོགས་པ་རྣམས་ཀྱིས་རྗེ་འདིའི་ཐུགས་འཛིན་ལ་བསྔགས་བརྗོད་མཛད། གཞན་ཡང་རྒྱལ་ཚབ་རིན་པོ་ཆེ་དར་མ་རིན་ཆེན། མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་། འདུལ་འཛིན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་སོགས་མཁས་ཤིང་གྲུབ་པའི་བླ་མ་དམ་པ་དུ་མའི་ཞལ་ནས་གཞུང་ལུགས་རྒྱ་མཚོ་ལྟ་བུའི་བཤད་པ་རྒྱུད་སྡེ་རྒྱ་མཚོའི་དབང་རྒྱུན་མན་ངག་འཁྲིད་རྒྱུན་དང་བཅས་པ་མཐའ་ཡས་པ་གསན་པ་སོགས་མཁས་པ་ཤིན་ཏུ་རྒྱ་ཆེར་མཛད་པས་མཛམ་གླིང་མཁས་པ་ཡོངས་ལ་ཅོ་འདྲི་ནུས་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར། ཆོས་རྗེ་ཡིད་བཟང་རྩེ་བས་ཀྱང་རྗེ་བླ་མའི་སྲས་ཤིག་ལ་འབྲས་སྤུངས་ཆོས་རྗེ་འདི་རང་མཁྱེན་རབ་ཆེ་ཞེས་བསྔགས་བརྗོད་མཛད། སྐུ་ཆེ་བའི་ཡོན་ཏན་ཡང་བཀའ་བསྟན་བཅོས་ཀྱི་བཤད་པ་མཛད་པའི་དབང་དུ་བྱས་ན་གསུང་ཆོས་ནམ་བཙུགས་སུ་མདོ་ཕྱོགས་ཀྱི་པོད་བརྒྱ་དང་བརྒྱད། རང་རང་གི་འགྲེལ་བ་བོད་ཊིཀ་རེ་དང་སྦྱར་ནས་གསུང་བ་གནང་ཞིང་། སྤྱིར་ན་རྒྱ་གཞུང་པོད་ཆེན་བརྒྱ་དང་སུམ་ཅུ་སྐོར་ལ་རྒྱུན་དུ་ཐུགས་བཤར་མཛད་པ་ཡིན་ལ། དེ་ཡང་ཆ་ཧར་དགེ་བཤེས་གསུངས་པ། དེ་ལ་མདོ་བཅུ་གཅིག་ནི། ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ། འཕགས་པ་བརྒྱད་སྟོང་པ། ཡོན་ཏན་རིན་པོ་ཆེ་སྡུད་པ། རྡོ་རྗེ་གཅོད་པ། ཤེས་རབ་སྙིང་པོ། མདོ་སྡེ་དགོངས་པ་ངེས་འགྲེལ། སཱ་ལུ་ལྗང་པའི་མདོ། རྟེན་འབྲེལ་གྱི་མདོ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ། སོ་སོར་ཐར་པའི་མདོ། མདོ་སྡེ་ས་བཅུ་པའོ། །བསྟན་བཅོས་ལ་བརྒྱ་རྩ་བརྒྱད་དེ། བྱམས་ཆོས་སྡེ་ལྔ་ནི། མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མའོ། །དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་མཛད་པ་གཅིག་ནི། ཆེད་དུ་བརྗོད་པའི་ཚོམས་སོ། །ཀླུ་སྒྲུབ་ཀྱིས་མཛད་པ་བཅུ་བཞི་ནི། རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་པ། རིགས་པ་དྲུག་ཅུ་པ། རྩོད་བཟློག ཞིབ་མོ་རྣམ་འཐག རིན་ཆེན་ཕྲེང་བ། མདོ་ཀུན་བཏུས། བཤེས་སྤྲིངས། ཆོས་དབྱིངས་བསྟོད་པ། འཇིག་རྟེན་ལས་འདས་པར་བསྟོད་པ། ཤེས་རབ་བརྒྱ་པ། སྐྱེ་བོ་གསོ་ཐིག མདོར་བྱས། མདོ་བསྲེའོ། །འཕགས་པ་ལྷས་མཛད་པ་ལྔ་ནི། བཞི་བརྒྱ་པ། ཡེ་ཤེས་སྙིང་པོ་ཀུན་བཏུས། དབུ་མ་འཁྲུལ་འཇོམས། ལག་པའི་ཚད་མ། ཆ་ཤས་ཀྱི་ཡན་ལག་གི་རབ་བྱེད་དོ། །དཔའ་བོས་མཛད་པ་དགུ་ནི། སྐྱེས་རབས། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད། སྨོན་ལམ་བདུན་ཅུ་པ། ཕྱིན་ཅི་ལོག་བཞི་སྤོང་བའི་གདམས་ངག བླ་མ་ལྔ་བཅུ་པ། བསྟོད་པ་བརྒྱ་ལྔ་བཅུ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་རིན་ཆེན་སྤུངས་པ། དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ་རིན་ཆེན་སྒྲོན་མ། མྱ་ངན་བསལ་བའོ། །ཀླུ་བྱང་གི་གཅིག་ནི། རྣམ་བཞག་རིམ་པའོ། །ལེགས་ལྡན་འབྱེད་ཀྱི་གཉིས་ནི། དབུ་མ་སྙིང་པོ། །རྟོག་གེ་འབར་བའོ། །ཟླ་གྲགས་ཀྱི་བཞི་ནི། རྡོར་སེམས་སྒྲུབ་ཐབས། ཚིག་གསལ། དབུ་མ་འཇུག་པ། དེའི་རང་འགྲེལ་ལོ། །ཞི་བ་ལྷས་མཛད་པ་གསུམ་ནི། སྤྱོད་འཇུག བསླབ་བཏུས་རྩ་འགྲེལ་ལོ།། དཔལ་སྦས་ཀྱི་གཅིག་ནི། དབུ་མའི་དེ་ཁོ་ན་ཉིད་ལ་འཇུག་པའོ། །ཡེ་ཤེས་སྙིང་པོའི་གཅིག་ནི། བདེན་གཉིས་འབྱེད་པའོ། །ཞི་བ་འཚོའི་གཉིས་ནི། དབུ་མ་རྒྱན། སྡོམ་པ་ཉི་ཤུ་པའི་འགྲེལ་པའོ། །སེང་བཟང་གི་གཅིག་ནི། འགྲེལ་པ་དོན་གསལ་ལོ། །ཀ་མ་ལ་ཤཱི་ལའི་བཞི་ནི། དབུ་མ་སྣང་བ། སྒོམ་རིམ་དང་པོ། བར་བ། ཐ་མའོ། །ཇོ་བོས་མཛད་པ་བཞི་ནི། ལམ་སྒྲོན། སྤྱོད་བསྡུས་སྒྲོན་མ། བདེན་གཉིས་ལ་འཇུག་པ། དབུ་མའི་མན་ངག་གོ །མཐོ་བཙུན་གྱི་གཅིག་ནི། ཁྱད་པར་འཕགས་བསྟོད་དོ། །བདེ་བྱེད་ཀྱི་གཅིག་ནི། ལྷ་ལས་ཕུལ་བྱུང་གི་བསྟོད་པའོ། །འཕགས་པ་ཐོགས་མེད་ཀྱི་བཞི་ནི། ཐེག་བསྡུས། མངོན་པ་ཀུན་བཏུས། བྱང་ས། ཚུལ་ཁྲིམས་ལེའུ་སྟེ་བཞིའོ།། དབྱིག་གཉེན་གྱི་དགུ་ནི། མཛོད། ཕུང་པོ་ལྔའི་རབ་བྱེད། རྣམ་བཤད་རིགས་པ། ལས་གྲུབ་པའི་རབ་བྱེད། ཉི་ཤུ་པ། སུམ་ཅུ་པ། རྟེན་འབྲེལ་མདོ་འགྲེལ། ཚོགས་ཀྱི་གཏམ། ཡོན་ཏན་བདུན་བརྗོད་པའི་གཏམ་མོ། ཙནདྲ་གོ་མིའི་གཉིས་ནི། སྡོམ་པ་ཉི་ཤུ་པ། སློབ་སྤྲིངས་སོ། །ཕྱོགས་གླང་གི་དྲུག་ནི། ཡོན་ཏན་མཐའ་ཡས་པར་བསྟོད་པ། བརྒྱད་སྟོང་དོན་བསྡུས། ཚད་མ་ཀུན་བཏུས། དམིགས་བརྟག་རྩ་འགྲེལ་གཉིས། རིགས་པ་ལ་འཇུག་པའི་སྒོའོ། ཆོས་གྲགས་ཀྱི་བདུན་ནི། རྣམ་འགྲེལ། རྣམ་ངེས། རིགས་ཐིགས། །གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ། རྒྱུད་གཞན་སྒྲུབ་པ། རྩོད་པའི་རིགས་པའོ། །དགེ་སྲུང་གི་གཅིག་ནི། ཕྱི་རོལ་དོན་གྲུབ་བོ། །བྲམ་ཟེ་རིན་ཆེན་རྡོ་རྗེའི་གཅིག་ནི། ཚད་མ་རིགས་པ་ལ་སྦྱོར་བའོ། །ཆོས་མཆོག་གི་གཉིས་ནི། སྐད་ཅིག་མ་གྲུབ་པ། གཞན་སེལ་བརྟག་པའོ། །ཤུནྟི་བའི་གཉིས་ནི། ཤེར་ཕྱིན་མན་ངག ནང་གི་ཁྱབ་པའོ། །ཡོན་ཏན་འོད་ཀྱི་གཉིས་ནི། འདུལ་བ་མདོ་རྩ། ཀརྨ་ཤ་ཏ་མ་མོ། །ཤཱཀྱ་འོད་ཀྱི་གཅིག་ནི། འདུལ་བ་སུམ་བརྒྱ་པའོ། །དགེ་འདུན་བཟང་པོའི་གཅིག་ནི། ཀུ་རི་ཀུ་ལ་བཅུ་པའོ། །རྗེ་རིན་པོ་ཆེའི་བཅུ་གཅིག་ནི། གསེར་ཕྲེང༌། རྩ་ཤེའི་ཊིཀ་ཆེན། རྣམ་བཤད་དགོངས་པ་རབ་གསལ། ལེགས་བཤད་སྙིང་པོ། བྱང་ཆུབ་གཞུང་ལམ། བླ་མ་ལྔ་བཅུ་པའི་རྣམ་བཤད། རྣམ་བཞག་རིམ་པའི་རྣམ་བཤད། རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། རིམ་ལྔ་གསལ་སྒྲོན། ནུ་རོ་ཆོས་དྲུག་གི་ཁྲིད། ལམ་རིམ་ཆུང་བ་རྣམས་ཡིན་པར་གསུངས་ལ། འདིར་དངོས་སུ་བགྲངས་པ་ནི་བརྒྱ་དང་བཅུ་དགུ་འདུག་པས། འདིའི་སྟེང་དུ་ལམ་རིམ་ཆེན་མོ་སྔགས་རིམ་ཆེན་མོ་སོགས་ཀྱང་ཐུགས་བཤད་མཛད་ཡོད་པ་འདྲའོ། ། རིམ་གཉིས་ཀྱི་ཐུགས་དམ་ལ་གཞོལ་བའི་དབང་དུ་བྱས་ན། གསང་འདུས་འཕགས་ལུགས་བདེ་མཆོག་ལུ་ནག་དྲིལ་གསུམ། དགྱེས་རྡོར་དགྲ་འཇིགས་གཤེད་གསུམ། མི་གཡོ་བ། སྒྲོལ་མ་སོགས་ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་རྒྱུན་དུ་མཛད་དེ་ཉིན་ཞག་རེ་ལ་ཨ་ར་པ་ཙ་སྟོང་ཕྲག་གཉིས་རེ། མཚན་བརྗོད་ཚར་གསུམ་རེ་གསུངས་ཤིང་། ལྷག་པར་དཔལ་དུས་ཀྱི་འཁོར་ལོ་དང་ཡིག་དྲུག་ལ་ཐུགས་དམ་གྱི་མཐིལ་དུ་མཛད། ཕྱིས་ཡིག་དྲུག་དུང་ཕྱུར་གཉིས་ལྷག་པར་སོང་བས་མཚན་ཉིད་པ་ཞིག་ལ་མ་ཎི་སོང་བར་ང་མང་ཞེས་གསུང་བ་སྣང༌། ལྷ་དང་བླ་མའི་གཟིགས་སྣང་གིས་དབང་དུ་བྱས་ན་དབུས་སུ་རྗེ་བཙུན་འཇམ་དབྱངས། གཡས་ན་མགོན་པོ་ཀླུ་སྒྲུབ། གཡོན་ན་མཁན་ཆེན་ཞི་བ་འཚོ། མདུན་ན་རྗེ་རིན་པོ་ཆེ་ངོ་ཆེན་གྱི་རྣམ་པ་ཅན་གྱིས་འཁོད་པ་ཞིག་གིས་གཟིགས་སྣང་དངོས་སུ་རྒྱུན་མ་བྱུང་བ་དང༌། མནལ་ལམ་དུ་འཕགས་པ་ཀླུ་སྒྲུབ་གཙོ་འཁོར། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཡབ་ཡུམ། རྗེ་རིན་པོ་ཆེ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། བེག་རྩེ་ལྕམ་དྲལ། རྒྱལ་ཆེན་བཞི་སོགས་ཀྱིས་རྗེས་སུ་བཟུང་བའི་མཚན་མ་བྱུང་བ་སོགས་བསམ་གྱིས་མི་ཁྱབ་པ་དང༌། མངོན་པར་རྟོགས་པའི་ཡོན་ཏན་གྱི་དབང་དུ་བྱས་ན་སྡོམ་གསུམ་རྣམ་པར་དག་ཅིང༌། ཀུན་རྫོབ་དང་དོན་དམ་པའི་སེམས་བསྐྱེད་བརྟན་པོ་སྤྱོད་ལམ་རྣམ་བཞི་གང་མཛད་ཀྱང་ཕར་ཕྱིན་དྲུག་ལྡན་དུ་ལམ་ལམ་འཆར་བ་བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་ཟབ་མོ་ཐུགས་རྒྱུད་ལ་མངའ་བའི་སྟོབས་ཀྱིས་རླུང་འོད་ཟེར་ལྔ་པའི་ཁ་དོག་གསལ་བར་གཟིགས་པ་སོགས་དཔག་པར་དཀའ་བ་སྟེ། སྐུ་ཚེ་སྔ་མར་གཉོས་རྒྱལ་བ་ལྷ་ནང་པ་ལྟ་བུའི་རྣམ་འབྱོར་གྱི་དབང་ཕྱུག་ཏུ་གྱུར་ན་སྐུ་ཚེ་འདིར་ལྟ་ཅི་སྨོས། མཁས་པ་ཡིད་བཟང་རྩེ་བས། རྗེ་བླ་མའི་སྲས་གཅིག་ལ་འབྲས་སྤུངས་ཆོས་རྗེ་འདི་རང་མཁྱེན་པ་ཆེ་བའི་བསྔགས་པ་མཛད་པ་ཡིན། དུས་ཀྱི་འཁོར་ལོའི་རྒྱུད་དོན་གཅེས་པ་འགའ་ཚོགས་སུ་གསུངས་པས་མནལ་ལམ་ལ་སྲིན་པོ་རིའི་གཙུག་ལག་ཁང་དུ་བུད་མེད་སྨ་ར་སེར་པོ་ཅན་གཉིས་ཐོད་པ་ཁྲག་གིས་ཅུང་མ་ཁེངས་ཙམ་བཟུང་བར་ངེད་ཀྱི་སྐྱེ་བ་སྔོན་མ་གང་ཡོད་དྲི་བ་མཛད་པའི་ལན་དུ་གཉོས་རྒྱལ་བ་ལྷ་ནང་པ་ཡིན་ཟེར། ཁྲག་འདི་ཅི་ཡིན་གསུངས་པས་ངེད་མཁའ་འགྲོའི་སྙིང་ཁྲག་ཡིན། ཨ་ཙ་མ་ཁྱོད་དམ་ཚིག་མེད་པར་གསང་སྔགས་མ་འཆད། བཤད་ཙ་ན་མཁའ་འགྲོའི་སྙིང་ཁྲག་འཕོ་བ་ཙམ་གྱི་སྡུག་བསྔལ་ཡོད་ཅེས་གསུངས་པས། དེ་ཕྱིན་ནས་གསང་སྔགས་ནན་ཆེར་ཞུས་ཀྱང་ཅུང་ཟད་ལས་མི་མཛད། ཐུགས་དམ་དུས་རྒྱུན་ཁོར་མོར་སྐྱེས་བུ་ཆེ་འབྲིང་དང༌། བདག་པས་གཞན་གཅེས་ཀྱི་བྱང་སེམས། ཕྱིན་དྲུག་གི་སྤྱོད་པ་སྤྱོད་འཇུག་སྔོན་དུ་སོང་བའི་ཨ་ར་པ་ཙ་ན་ཉིས་སྟོང་། སྒྲོལ་མ་དཀར་ལྗང༌། མི་གཡོ་བ། སྤྱན་རས་གཟིགས། རྣམ་སྣང་མངོན་བྱང༌། མཚན་བརྗོད་ཚར་གསུམ་རེ་སོགས་བྱ་སྤྱོད་རྣལ་འབྱོར་རྒྱུད་དང་འབྲེལ་བ། ཕ་རྒྱུད་གསང་འདུས་འཕགས་ལུགས། དགྲ་འཇིགས་གཤེད་གསུམ། མ་རྒྱུད་དགྱེས་རྡོར། བདེ་མཆོག་ལུ་ནག་དྲིལ་གསུམ་སོགས་ཀྱི་ཉམས་བཞེས། ཁྱད་པར་དུས་ཀྱིི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་སོགས་ཀྱི་ཏིང་ངེ་འཛིན་ལས་གཡོ་བ་མེད་པར་མཐིལ་དུ་བཞེས་པས། བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་ལ་དབང་འབྱོར་བས་རླུང་འོད་ཟེར་ལྔ་པའི་ཁ་དོག་གསལ་པོར་གཟིགས་པ་སོགས། དཔག་པར་དཀའ་བའི་ཡོན་ཏན་དང་ལྡན་པའི་མཐུ་སྟོབས་ཀྱིས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་གཙོ་འཁོར། ཏྲཀཤད། དཔལ་མགོན་བདུན་ཅུ་རྩ་ལྔ་སོགས་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཆོས་སྐྱོང་སྲུང་མ་རྣམས་དངོས་ཉམས་སུ་བྱོན་ནས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་ཐོགས་མེད་དུ་བསྒྲུབ་པ་མཛད། དངོས་རྫས་རྣམས་ཀྱང་ཆ་གསུམ་དུ་མཛད་པའི། ཆ་གཅིག་གིས་སྐུ་གསུང་ཐུགས་རྟེན་བཞེངས་པ། ཆ་གཅིག་གིས་སྨན་སྦྱིན། ཆ་གཅིག་གིས་འཕྲལ་གྱི་ཡོ་བྱད་དང་དགེ་འདུན་གྱི་ཞབས་ཏོག་གིས་མཚོན་འདུས་བྱས་ཀྱི་དགེ་རྩ་རྣམས་ཡར་ངོའི་ཟླ་ལྟར་འཕེལ་བར་མཛད་དེ། གསུང་ལས་བཤེས་གཉེན་པོ་ཏོ་བ་གཞུང་བཤད་གཙོ་བོར་འདོན་པ་བཞིན་ཁོ་བོས་ཀྱང་བཤད་པ་མང་དུ་བགྱིས། དགེ་བཤེས་སྤྱན་སྔས་རྟེན་གསུམ་བཞེངས་པ་དང༌། ཕུ་ཆུང་པས་དཀོན་མཆོག་མཆོད་པའང་ཁོ་བོས་བྱས་པས་མཛད་འཕྲིན་རྒྱ་ཆེ་བའི་མཐུས་བུ་སློབ་ཀྱིས་ཀྱང་བསྟན་འགྲོར་ཕན་ཐོགས་ཆེ་བ་བྱུང༌། ཞེས་ཀྱང་གསུངས་སྣང་ངོ་། འཕྲལ་གྱི་མཛད་པའི་དབང་དུ་བྱས་ན། ཕྱག་ཏུ་བྱུང་བའི་དངོས་པོ་རྣམས་ཆ་གསུམ་དུ་བགོས་ནས་ཆ་གཅིག་གིས་གསུང་རབ་ཀྱིས་མཚོན་རྟེན་གསུམ་བཞེངས། ཆ་གཅིག་གིས་ནད་པ་ལ་སྨན་སྦྱིན་དང༌། ངན་སློང་ལ་སྦྱིན་གཏོང་མཛད། ཆ་གཅིག་གིས་སྐུ་ཡི་ཉེར་སྤྱད་དང་སློབ་མ་སྐྱོང་བར་མཛད་པ་སོགས་མདོར་ན་དབུ་མ་བཞི་བརྒྱ་པ་ལས། ལ་ལས་སློབ་མར་འགྱུར་བ་རྟེན། །ལ་ལ་ཡིས་ནི་བླ་མར་འགྱུར། །ཐབས་རིགས་སྣ་ཚོགས་ཐབས་རྣམས་ཀྱི། །ཞེས་འབྱུང་བ་ལྟར། །གསང་བའི་རྣམ་པར་ཐར་པ་ཟབ་ཅིང་ཕྲ་བ་ནི་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་སྤྱོད་ཡུལ་ཡིན་པ་ལས་ས་ཐོབ་པའི་སེམས་དཔའ་རྣམས་ཀྱིས་ཀྱང་དཔག་པར་དཀའ་བ་ཞིག་གོ ། གསུང་ལས་སྐྱེས་པའི་སྲས་ཀྱི་དབང་དུ་བྱས་ན། རྗེ་འདི་ཉིད་ཀྱི་དྲུང་ནས་ཟབ་རྒྱས་ཆོས་ཀྱི་བཀྲའ་དྲིན་ནོད་པའི་སློབ་མ་ཇི་ལྟར་བྱུང་བ་མཐའ་དག་པ་ནི་བྲི་བར་མི་ལང་ཞིང་འདིར་སློབ་མའི་གཙོ་བོ་འགའ་ཤས་བརྗོད་ན། མཁས་གྲུབ་མུས་སྲས་པ་ཆེན་པོ་བློ་གྲོས་རིན་ཆེན་སེང་གེ་ནི་གསང་སྔགས་རྙིང་མའི་རིང་ལུགས་འཛིན་པའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་སྟེ། འོན་ཏང་རྗེ་འཇམ་དབྱངས་ཆོས་རྗེ་དགོངས་པ་ཞི་བར་མནལ་རྗེས་འགའ་ཞིག་གིས་ལོག་སྒྲུབ་བྱུང་བ་ལ་ཐུགས་སུན་ཏེ་རང་གི་སློབ་མ་མཁས་པ་བརྒྱ་ཕྲག་ཙམ་སེ་རར་ཕེབས་ཏེ་བྱེས་པ་གྲྭ་ཚང་གསར་དུ་བཙུགས། གྲྭ་ཚང་འདི་ཉིད་དུ་ཡི་དམ་རྟ་མགྲིན་ཡང་གསང་དྲག་པོ་ཐོག་མ་རྟེན་འཛུགས་གནང་བ་འདི་ཉིད་ཡིན་པར་སྣང་། གཞན་ཡང་གཉན་སྟོན་པ་ཤཱཀྱ་རྒྱལ་མཚན། མཁན་ཆེན་དཔལ་བློ། སློབ་དཔོན་སྒ་ལེབ་དང་སྟག་ལེབ་གཉིས། སྣར་ཐང་པ་རབ་མཆོག གྲྭ་ཆུང་ཡོན་ཏན་རྒྱལ་མཚན། ཉག་རེ་རྡོར་རྒྱལ་བ། ལྕོགས་པ་བྱང་དཔལ་བ། བང་རིམ་ཆོས་མཛད་འཇམ་དབྱངས། དཔལ་འབྱོར་རིན་ཆེན། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཆོས་རྗེ་ནམ་མཁའ་བློ་གྲོས། གཙང་པ་དཀོན་རྒྱལ་བ། བླ་མ་བརྩོན་འགྲུས་གྲགས་པ། བླ་མ་སྦྱིན་མཆོག་པ། སློབ་དཔོན་རྒྱལ་མཚན། སློབ་དཔོན་ཀུན་བཟོད་པ། གནས་བརྟན་དགེ་ལེགས་དཔའ་བ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྡེ་སྣོད་འཛིན་པ་གནམ་གྱིས་ས་བཀབ་པ་ལྟ་བུ་ཆེས་ཤིན་ཏུ་མང་བར་བྱོན་ནོ། ། ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་དོན་དུ་རྗེའི་དགོངས་པ་གསལ་བར་མཛད་པའི་གསུང་རྩོམ་ཀྱང་། རྗེ་ཐམས་ཅད་མཁྱེན་པའི་གསང་བའི་གསོལ་འདེབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་ཚང་ལ་མ་ནོར་བ་ལས་དང་པོའི་ཉམས་སུ་བླངས་བདེ་བ་རྗེ་རིན་པོ་ཆེས་རང་སྟེང་དུ་བསླབ་བཏུས་གསུང་པའི་ཟིན་བྲིས། ཟབ་ལམ་གཏུམ་མོའི་གཞུང་ཁྲིད། ཉིད་ཀྱི་རྒྱུན་གྱི་ཞལ་འདོན་མཛད་རྒྱུར་འཇམ་དབྱངས་ལ་བསྟོད་པ་དུས་འཁོར་རྒྱུད་འགྲེལ་གྱི་བདག་བསྐྱེད། བདེ་མཆོག་ཉུང་ངུའི་རྒྱུད་ལ་ལེའུ་ང་གཅིག་ཡོད་པའི་ལེའུ་དང་པོའི་རྒྱུད་དོན་མདོར་བསྟན། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད། མིག་ལ་མི་གསལ་བ་རྣམས་བརྗེད་བྱང་དུ་བྲིས་པ་གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག གསང་འདུས་རིམ་ལྔ་གསལ་སྒྲོན་གྱི་སྐབས་སུ་ཉེ་བར་མཁོ་བ་འགའ་ཞིག་བརྗོད་པ་ལ་སོགས་པ་སྔགས་ཀྱི་སྐོར་མང་པོ་དང༌། མདོ་ཕྱོགས་ལ་ཡང་གཞུང་ཆེན་མོའི་མཚན་ཉིད་ཀྱི་སྐོར་ཤིན་ཏུ་མང་བར་བཞུགས། ། སྐབས་འདིར་ཆོས་སྡེ་ཆེན་པོར་མཐུན་རྐྱེན་སྒྲུབ་པའི་སྦྱིན་བདག་གི་གཙོ་བོ་ནི། སྣེའུ་རྫོང་དཔོན་ནམ་མཁའ་བཟང་པོ་དགོན་སྡེ་འདི་ཉིད་གསར་བཞེངས་ཀྱིས་མཚོན་པའི་དབྱར་དགུན་སྟོན་དཔྱིད་ཀྱི་ཆོས་ཐོག་ཁག་ལ་ཆོས་རྒྱུན་གསར་འཛུགས་གཟིམས་ཁང་དང་འཆད་ཉན་མཛད་མཁན་བླ་སློབ་ཡོངས་རྫོགས་ལ་ན་བཟའ་གསོལ་ཆས་སོགས་ནར་མར་ཕུལ་བས་མཚོན་ཆོས་སྡེ་ཆེན་པོའི་སྔ་ཕྱིའི་སྦྱིན་བདག་གི་མཐིལ་མཛད། དེ་རྗེས་སྐྱིད་ཤོད་པ་སྡེ་པ་ཨ་ཁུ་བཀྲིས་སོགས་ཀྱིས་རིམ་པས་སྦྱིན་བདག་ཞུས་རྗེས་འདི་ཉིད་ཀྱང་ཆོས་སྡེ་ཆེན་པོ་ཕྱག་བཏབ་པའི་ལོ་ནས་བཟུང་དགུང་ལོ་བདུན་ཅུ་དོན་གཅིག་པར་ཕལ་ཆེར་ཆོས་སྡེ་འདི་ཉིད་དུ་བཞུགས་ཏེ་གཞུང་ཆེན་མོས་མཚོན་མདོ་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་བར་མཛད་པ་ལ་བརྟེན་ནས་གྲྭ་ཚོགས་སློབ་གཉེར་བཅའ་ཁྲིམས་འདོད་རྒུ་ལོངས་སྤྱོད་སོགས་ཕུན་ཚོགས་མཐའ་དག་དབྱར་ཟླའི་མ་དྲོས་ལ་འགྲན་པ་བཞིན་དུ་གོང་ནས་གོང་དུ་འཕེལ་བ་གྱུར་ཏེ། སྔོན་རྗེ་བླ་མས་དགོན་མ་ལས་བུ་དར་རྒྱས་ཆེ་བར་འོང་ཞེས་ལུང་བསྟན་པ་ལྟར་དོན་ལའང་དེ་ལྟར་བྱུང་ངོ༌། ། དེ་ལྟར་རྗེ་འཇམ་དབྱངས་ཆོས་རྗེ་འདི་ཉིད་ནི་རྗེ་བླ་མ་ཙོང་ཁ་པ་ཆེན་པོའི་མདོ་སྔགས་ཀྱི་བསྟན་པ་ཕྱོགས་མཐར་སྤེལ་བ་ལ་བསམ་བཞིན་དུ་བྱོན་པའི་བསྟན་འཛིན་མཁས་གྲུབ་རྩོད་མེད་ཀྱི་སྐྱེས་བུ་དམ་པར་བརྟེན་རྗེ་བླ་མའི་བཀའ་བཞིན་དུ་ཆོས་སྡེ་ཆེན་པོ་ཕྱག་འདེབས་པ་དང་། མདོ་སྔགས་ཀྱི་ཆོས་འཁོར་བསྐོར་བ་སོགས་སྐུ་གསུང་ཐུགས་ཀྱི་མཛད་པ་རྣམས་རྗེ་བླ་མ་མཉེས་པ་གསུམ་གྱིས་མཉེས་པར་མཛད། མེ་སྤྲེལ་ནས་ས་འབྲུག་ལོའི་བར་དཔལ་ལྡན་འབྲས་སྤུངས་སུ་མདོ་སྔགས་ཀྱི་ཆོས་འཁོར་མཐའ་ཡས་པ་བསྐོར་ནས་གདུལ་བྱ་མཐའ་ཡས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པ་མཛད། ས་འབྲུག་ལོའི་འཇུག་ཏུ་རྩེ་ཁ་བས་གདན་དྲངས་པ་ལྟར་དེར་ཕེབས་ནས་ཞག་ཤས་བཞུགས། སླར་འབྲས་སྤུངས་སུ་ཕེབས་ནས་བཀའ་གདམས་གཞུང་དྲུག་ནང་ཚན་བསླབ་བཏུས་ཀྱི་བརྩོན་འགྲུས་མཐར་ཕྱིན་ཞེས་པའི་དོན་གྱིས་གོ་བ་ཡིན་པར། གསུང་འདི་ནི་འབྲས་སྤུངས་སུ་སྐུ་ཚེ་འདི་ལ་ཆོས་འཁོར་བསྐོར་བའི་ཐ་མར་མཛད་དོ། ། དུས་དེ་ནས་བཟུང་སྐུ་ཅུང་ཟད་བསྙུང་བའི་ཚུལ་བསྟན། དེ་ནས་གཞི་ཁར་ལོ་གསར་དང་ལྷ་སར་སྨོན་ལམ་ཆེན་མོའི་གྲལ་དབུར་ཕེབས། ཇོ་ཤུཀ་རྣམ་གཉིས་དང་བཅུ་གཅིག་ཞལ་སོགས་མཇལ། ད་ལན་མིན་པར་ཨེ་མཇལ་གསུང་ནས་ཐུགས་འདུན་དྲག་པོས་སྨོན་ལམ་དཔག་མེད་མཛད། དེ་ནས་འབྲས་སྤུངས་སུ་ཕེབས་ཞོར་པོ་ཏུ་ལར་ཞག་གསུམ་བཞུགས། བླ་སློབ་ཚང་མ་བཞུགས་གྲལ་ལ་འཁོད་དུས་ཤིག་རྗེ་ཉིད་ཀྱི་ཞལ་ནས། རྗེ་བཙུན་གྲགས་པའི་མངོན་རྟོགས་ལྗོན་ཤིང་དུ། དྲན་པའི་ཚེ་ན་དད་པའི་མཆི་མ་ལྷུང༌། །ཞེས་གསུངས་ཏེ་རྗེ་རྣམ་གཉིས་ཀྱི་ཐུགས་རྒྱུད་ནི་མི་ཤེས་གསུང་རབ་རིམ་ལྔ་གསལ་སྒྲོན་ནི་འགྲན་ཟླ་དང་བྲལ་བས་མཆི་མ་ལྷུང་ན་དེ་ལ་ལྷུང་རྒྱུ་ཡིན་ཏེ། དེ་ལེགས་པར་འཆད་པ་དཀོན། བསྟན་པའི་འཇུག་པ་རྣམ་དག་གཅིག་འདུག་སྟེ། འཇུག་མཁན་ནི་མི་འདུག ང་རང་གི་ཁ་སྟབས་ནི་འདི་ལྟར་སོང་གསུངས་ནས་ཐུགས་སྐྱོ་བའི་ཚུལ་གྱིས་གསུང་འདར་སྤྱན་ཆབ་མང་པོ་བསིལ་བ་སྣང་། འབྲས་སྤུངས་སུ་ཕེབས་ནས་ནང་སོ་དཔོན་བློན་དང་གྲྭ་བུ་སློབ་རྣམས་ཀྱིས་ཟླ་བ་སྦྲེལ་ནས་སྐུ་རིམ་རྒྱ་ཆེན་པོ་བསྒྲུབས་ཤིང༌། བརྟན་བཞུགས་དགོས་པའི་ཞུ་བ་ནན་གྱིས་ཕུལ་བ་ན། རྗེ་ཉིད་ཀྱི་ཞལ་ནས་མདང་རྗེ་རིན་པོ་ཆེ་ཕེབས་ནས་ངེད་རང་གཉིས་རྒྱ་ནག་ཏུ་འགྲོ། རི་བོ་རྩེ་ལྔར་སྒྲུབ་པ་བྱེད་གསུངས་པས་ད་རྗེ་རིན་པོ་ཆེ་ལ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་གསུང་གིན་བཞུགས་ཞུས་དང་གསུང་ནས་ཕྱག་ཐལ་མོ་སྦྱར། སྤྱན་ཆབ་མང་དུ་བསིལ་ཏེ་རྗེ་བླ་མའི་བཀའ་དྲིན་དྲན་པ་མཛད། དེ་ནས་རབ་བྱུང་བརྒྱད་པའི་ས་སྦྲུལ་ལོ་བོད་ཟླ་གཉིས་པའི་མཇུག་ཏུ་ནུབ་ཅིག་མནལ་ལམ་ན་རྗེ་རིན་པོ་ཆེ་ཕེབས་ནས་རྗེ་བཙུན་འཇམ་དབྱངས་ཀྱི་ཕྱག་དྲིལ་ཡིན་གསུང་པ་གཅིག་གནང་། ད་ཁྱེད་ངོ་གཉིས་སྡོད་གསུང་པ་ཞིག་རྨིས་པས་དེ་རྣམས་ཉིད་ཀྱི་དྲུང་དུ་འཁོད་པ་རྣམས་ལ་བཀའ་སྩལ་བས་ཁོང་རྣམས་ཟླ་བ་དང་། ལོ་གང་ཡིན་མ་ངེས་ཀྱང་དོན་ལ་ཟླ་བ་གཉིས་ཡིན་པར་ངེས། ། དེ་ནས་མྱ་ངན་ལས་འདས་པའི་མཚན་མ་བྱུང་བ་ན་གཟིམས་ཆུང་དུ་ཕེབས། ཞབས་གཉིས་སྐྱིལ་སྐྲུང་དང་བཅས་མཉམ་གཞག་མཛད་ནས་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལས་ཇི་ལྟར་གསུངས་པ་བཞིན་ཐམས་ཅད་སྟོང་པ་འོད་གསལ་གྱི་རིམ་པ་ལ་ཐུགས་རིམ་བཞིན་གཏད་པས་སྐུ་སྨད་ནས་དྲོད་ཡར་རིམ་གྱིས་ཚུལ་དུ་བསྡུས་པའི་ཚེ། རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་རྗེ་བཙུན་འཇམ་དབྱངས་ཀྱི་བྲིས་སྐུ་དེ་སྐུ་མདུན་དུ་སྤྱན་དྲངས། རྗེ་བཙུན་ཕེབས་ཡོད་ལགས་ཞུས་པས་སྤྱན་གྱིས་ནི་མ་གཟིགས། དབུ་དུད་པ་ཞིག་མཛད། ཅུང་ཟད་ཅིག་ལོན་པ་ན་ཞབས་འབྲིང་པ་རྣམས་ཀྱིས་ད་མི་དགོས་འདུག་སྙམ་ནས་བྲིས་སྐུ་དེ་སྐུ་རྒྱབ་ཏུ་གཡོན་ཕྱོགས་སུ་གདན་དྲངས་པས་བྲིས་སྐུ་ཇི་ལྟར་སྤྱན་དྲངས་པ་ལྟར་བྲིས་སྐུ་ལ་སྤྱན་གྱིས་གཟིགས་ཏེ་ཨོག་སྐོ་དཔུང་གཡོན་པའི་སྟེང་དུ་བཞག་ནས་ཞག་འགའ་བཞུགས་པ་ཕལ་ཆེར་གྱིས་སྐུའི་གཟི་གདངས་ལ་དཔག་ནས་འཁྲུལ་པའང་སྐྱེ། རབ་བྱུང་བརྒྱད་པ་དཀར་པོ་ཞེས་པའི་ས་སྦྲུལ་(༡༤༤༡)ལོ་ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཉིན་ངོ་མཚར་བའི་མཚན་ལྟས་དུ་མ་དང་བཅས་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཕོ་བྲང་རྒྱལ་མཚན་མཐོན་པོར་རྒྱལ་བ་མ་ཕམ་པའི་དྲུང་དུ་ཐེགས་སོ། དེའི་ཚེ་ན་འབྲས་སྤུངས་ནས་དགའ་ལྡན་བར་ནམ་མཁའ་ཤིན་ཏུ་དྭངས་པ་ལ་འོད་དཀར་པོ་དང་འཇའ་ཁ་དོག་སྣ་ལྔའི་གུར་ལྔ་རྩེགས་བསྒྲེངས་པ་ལྟར་སྦྲེལ་བ་དུ་མར་ཤར་བ་དང༌། ལྷའི་མེ་ཏོག་གི་ཆར་བབས་པ་སོགས་སྐྱེ་བོ་ཚང་མས་མཐོང་ཆོས་སུ་གྲུབ་པ་ངོ་མཚར་རྨད་བྱུང་གི་མཛད་པ་བསམ་གྱིས་མི་ཁྱབ་པ་བྱུང་ངོ༌། སྐུ་གདུང་རིན་པོ་ཆེ་ནི་དགོན་སྡེ་འདིར་བཤད་སྒྲུབ་འཁོར་ལོ་གསུམ་གྱི་མཛད་བཟང་མི་ཉམས་ཡུན་རིང་དུ་གནས་པའི་ཆེད་དངུལ་གྱི་མཆོད་རྟེན་གྱི་ནང་དུ་བཞུགས་སུ་གསོལ། འདྲ་སྐུ་རིན་པོ་ཆེ་ནི་རྒྱུན་དུ་ཚོགས་ཆེན་གྱི་གདོང་གྲལ་གྱི་དབུར་བསོད་ནམས་ཀྱི་ཞིང་དུ་བཞུགས་པ་ལགས་སོ།། རྗེ་འདི་ཉིད་ཀྱི་སྐུའི་ཕྲེང་བ་རིམ་པ་བྱོན་པའི་འཁྲུངས་རབས་ནི། སྟོན་པའི་སྤྱན་སྔར་གྱད་སྟོབས་ཆེན་དུ་འཁྲུངས་པ་དང་པོ། ཡང་སྟོན་པའི་སྤྱན་སྔར་བྱང་སེམས་བློ་གྲོས་ཤིན་དུ་རྣམ་དག་དྲུང་སྤྱན་སྔར་འབར་བའི་གཙོ་བོ། ཇོ་ནང་པའི་གྲུབ་མཐའི་ཤིང་རྟའི་སྲོལ་འབྱེད་ཡུ་མོ་མི་བསྐྱོད་རྡོ་རྗེ། དགེ་བ་དཔལ་གྱི་རིགས་སུ་འཁྲུངས་པ་ར་ཏན་ཆེན་པོ། ཇོ་བོ་རྗེ་ནག་པོ་སྤྱོད་པར་ལུང་བསྟན་པ་རོང་ཟོམ་ཆོས་བཟང༌། མཉམ་མེད་དྭགས་པོའི་སློབ་མ་གཉོས་རྒྱལ་བ་ལྷ་ནང་པ། དབུ་མ་འོད་ཟེར་དཔལ། དྲག་སྔགས་འགྲུབ་པ་འབྲུག་སྒྲ་རྒྱན། སང་གྷ་བྷདྲ། འཇམ་དབྱངས་ཆོས་ཀྱི་རྗེ་བཀྲིས་དཔལ་ལྡན་པ་ཆེན་པོ། བློན་པོ་ཉིན་བྱེད་བཟང་པོ། རྗེ་བཙུན་ཀུན་དགའ་སྒྲོལ་མཆོག རྒྱ་གར་གྱི་རྒྱལ་པོ་དགའ་བྱེད་ས་སྐྱོང་། ཇོ་ནང་ཏ་ར་ན་ཐའམ་སྒྲོལ་བའི་མགོན་པོ། ཁལ་ཁ་རྗེ་བཙུན་དམ་པ་བསྟན་པའི་རྒྱལ་མཚན། ཁལ་ཁ་རྗེ་བཙུན་དམ་པ་བསྟན་པའི་སྒྲོན་མེ། ཁལ་ཁ་རྗེ་བཙུན་དམ་པ་ལི་ཐང་དུ་འཁྲུངས་པ་བསྟན་པའི་ཉི་མ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོ། ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་ཚུལ་ཁྲིམས་འཇིགས་མེད་བསྟན་པའི་རྒྱལ་མཚན་སོགས་བསྟན་པ་དང་འགྲོ་བའི་དོན་དུ་སྐྱེ་རབས་ཀྱི་ཕྲེང་བ་རྒྱུ་སྐར་གྱི་དོ་ཤལ་ས་ལ་འཕོས་པ་ལྟར་ཚར་དུ་དངར་བ་མཐའ་ཡས་པ་ཞིག་བྱུང་སྣང་ངོ༌། གངས་ཅན་མཁས་མང་སྐར་ཚོགས་འཁྲིགས་པའི་དབུས། ། གཞུང་བརྒྱ་མཁྱེན་པའི་བློ་གྲོས་དཀྱིལ་འཁོར་རྒྱས། ། ལུང་རིགས་ག་བུར་ཟེགས་མའི་འོད་སྣང་རླབས། ། འཇོ་མཛད་སྨྲ་བའི་ཟླ་བ་ཁྱེད་ཉིད་ཙམ། ། ཡབ་རྗེ་ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། ། ཕ་ལས་ཚ་བོ་རྫིག་པའི་ལུང་གི་དུང༌། ། དབྱངས་སྙན་ཕྱོགས་མཐར་འཕུར་བའི་འཕྲིན་ལས་ཅན། ། གང་གི་བཀའ་དྲིན་སུ་ཡིས་གཞལ་བར་ནུས། ། ཞེས་པ་ནི་ཚངས་སྲས་མགྲིན་པའི་ཀློང་དང་བསྡེབས་ཏེ་བཀའ་དྲིན་རྗེས་དྲན་གྱི་བསྔགས་པའི་དབྱངས་ཀྱི་རོལ་རྩེད་དོ། ། (༣) གང་དུ་ཕྱག་འདེབས་ཡུལ་གྱི་གནས་དང་བཀོད་ པའི་ཁྱད་ཆོས་བཤད་པ། ། དེ་ཡང་ཐམས་ཅད་མཁྱེན་པ་དབྱངས་ཅན་བཞད་པ་རྗེ་དགེ་འདུན་རྒྱ་མཚོས། སྤྱན་རས་གཟིགས་དབང་སྤྲུལ་པའི་གཙུག་ལག་ཁང༌། ། ཤཱཀྱའི་རྒྱལ་པོའི་ཕོ་བྲང་ལྷ་ས་ཞེས། ། ཕྱོགས་བཅུའི་སྐྱེ་བོ་འཇིག་རྟེན་ཕུན་ཚོགས་ཀུན། ། མ་ཚང་མེད་པར་འདུ་བའི་རླུང་ལྷའི་ཕྱོགས། ། དན་འབག་ཞེས་བྱའི་ས་ཡི་ཐེག་ལེར་ནི། ། བགྲང་ཡས་མཁས་པའི་སྐྱེ་བོ་རབ་བརྟན་པ། ། བློ་གསལ་འདུས་པ་རྒྱ་མཚོའི་བསྟི་གནས་མཆོག ། བཤད་སྒྲུབ་བསྟན་པའི་འབྱུང་གནས་འབྲས་སྤུངས་ཞེས། ། གྲགས་པའི་བ་དན་དཀར་པོ་ཕྱོགས་བཅུར་གཡོ། ། ཆོས་གྲྭ་ཆེན་པོ་བྱང་རིའི་ལྷུན་པོ་ནི། ། རྩ་བ་རབ་བརྟན་གསེར་གྱི་གཞི་ལ་གནས། ། རྩེ་མོ་མཐོ་བ་མཁའ་ལ་བསྙེགས་པ་བཞིན། ། མཛེས་ཤིང་ལྷུན་ཆགས་རྨ་རི་རབ་འབྱམས་ཞེས། ། མིང་དུ་ཆགས་པའི་སྤོ་ལ་རབ་བརྟན་པའི།། རིན་ཆེན་ལྔ་ལས་གྲུབ་པའི་གཞལ་མེད་ཁང་། ། ཞེས་སོགས་གསུངས་པ་ལྟར་ཀུན་གྱིས་མཐུན་སྣང་དུ་གྲུབ་ཅིང་བསྔགས་པར་འོས་པའི་སྣོད་བཅུད་ཀྱི་ཡོན་ཏན་དུ་མ་དང་ལྡན་པ་བོད་གངས་ལྗོངས་དབུས་ཀྱི་ས་ཡི་ཐེག་ལེར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་དངོས་དང་ཁྱད་པར་མ་མཆིས་པའི་ཇོ་ཤུཀ་རྣམ་གཉིས་གང་དུ་བཞུགས་པའི་བསྟི་གནས་ཆོས་འཁོར་དཔལ་གྱི་ལྷ་སའི་གཙུག་ལག་ཁང་ཆེན་མོ་དང༌། གྲུ་འཛིན་གཉིས་པའི་གཞལ་མེད་ཕོ་བྲང་ཆེན་པོ་པོ་ཏ་ལ་སོགས་དང་ཉེ་བར་འབྲེལ་བའི་ནུབ་བྱང་འཚམས་དན་འབག་ཅེས་བྱ་བའི་སའི་ཆར་སྔོན་ཆོས་སྐྱོངས་བའི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ལྷ་ཆོས་དགེ་བ་བཅུ་དང༌། མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་བཟང་པོ་བོད་ལྗོངས་ཆོལ་ཁ་གསུམ་གྱི་འཛིན་མའི་ཁྱོན་ལ་དར་རྒྱས་ཡུན་བརྟན་གྱི་ཆེད་སོགས་དགོས་པ་དུ་མར་གཟིགས་ཏེ། ཐབས་མཁས་ཀྱི་མཛད་པ་བླ་ན་མ་མཆིས་པའི་སྒོ་ནས་སྤྲུལ་པའི་མིར་འདིར་སྤྲུལ་པའི་ཆད་པ་དྲག་པོ་གཅོད་པར་མཛད་པའི་ས་གནས་ཀྱང་ཡིན་ལ། དུས་ཕྱིས་སེང་ཆེན་བརྒྱད་ཀྱི་ནང་ཚན་དན་འབག་སྨྲ་བའི་སེང་གེའི་གདན་ས་ཡང་གནས་དེར་ཡིན་ཞིང་། དེང་དུས་ཁྱིམ་པའི་གྲོང་སྡེར་ཆགས་ཡོད་པ་གྲོང་ཚོ་དེའི་བྱང་ངོས་སུ་ཆོས་སྡེ་ཆེན་པོ་འདི་ཉིད་ཡིན་ལ། དེ་ཡང་ལྷུན་ཞིང་བརྗིད་ཆགས་པ་སོགས་འཕགས་ཡུལ་བྱ་རྒོད་ཕུང་པོའི་རི་དང་གཉིས་སུ་མེད་པ། ཀུན་གྱིས་མཐུན་སྣང་དུ་གྲུབ་པའི་ཕྱིའི་དབྱིབས་ནི་གླང་པོ་ཐལ་ཀར་ཉལ་བར་འདྲ་བ་ལ་སྟེང་དུ་རིན་པོ་ཆེའི་ཕུང་པོའི་ཁུར་གྱིས་བརྗིད་པ་ལྟ་བུ་རྩ་བ་གསེར་གྱི་ས་གཞི་ལ་བརྟེན་ཅིང་། རི་བརྒྱུད་སྟོད་གངས་དཀར་ཏི་སེ་ནས་སྨད་ཤར་རྨ་ཆེན་སྤོམ་རའི་བར་ལུ་གུ་བརྒྱུད་དུ་འབྲེལ་བའི་རྩེ་མོ་ཤིན་ཏུ་མཐོ་བ་མཁའ་ལ་བསྙེགས་པ་དང་འདྲ་བ་ནི་བརྟེན་པ་སྣོད་ཀྱི་ཁམས་དང༌། ནང་ལྟར་ན་གངས་ཅན་རིའི་རྒྱལ་པོ་ཞེས་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་ཕྲག་དང་བཅས་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཕྱག་གཉིས་ཀྱིས་བཟུང་ཏེ་ཐུབ་པའི་བསྟན་པ་འཛིན་ཅིང་སྤེལ་བའི་ཚུལ་གྱིས་བཞུགས་པ། གསང་བ་ལྟར་ན་བདེ་སྟོང་གཉིས་སུ་མེད་པའི་གནས་གསུམ་ཌཱ་ཀིའི་གཙོ་མོ་བསྟན་སྐྱོང་རྡོ་རྗེ་དྲག་མོ་རྒྱལ་གྱི་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་དུ་བསྟན་སྲུང་རྡོ་རྗེ་དྲག་མོ་རྒྱལ་གཙོ་འཁོར་གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་གཞི་བདག་ཚུལ་དུ་བཞུགས་ཏེ་བསྟན་འཛིན་དགེ་འདུན་སྦྱིན་བདག་དང་བཅས་པར་ལས་བཞིའི་འཕྲིན་ལས་གཡེལ་མེད་དུ་སྒྲུབ་པ་དང་། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་མཐུ་བོ་ཆེ་དུ་མའི་བཞུགས་གནས་ཀྱང་ཇི་སྙེད་ཅིག་མཆིས་པ་སོགས་ནི་གཡོ་བ་བཅུད་ཀྱི་ཁམས་དང༌། གཞན་ཡང་རི་དེའི་ནང་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱུར་བུར་བལྟམས་པའི་གཏེར་གྱི་བུམ་པ་བཟང་པོ་ལོངས་སྤྱོད་འཛད་མེད་དུ་འཕེལ་བའི་རྟེན་དུ་ཡོད་པ། སྐྱེས་བུ་གསུམ་གྱི་མཚོན་དོན་རི་གསུམ་འདུས་པའི་མདུན་ངོས་ནས་རིམ་བཞིན་རི་དམག་དཔོན་རལ་གྲི་ཐོགས་ནས་ཕ་རོལ་གྱི་དཔུང་གཞོམས་པ་དང་འདྲ་བ། རྣམ་སྲས་རྟ་བདག་བརྒྱད་ཀྱི་བཞོན་པའི་མཚོན་དོན་བྲག་རྟའི་དབྱིབས་ཅན་ཁ་དོག་སྔོ་ནག་བཟོ་དབྱིབས་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ་དང༌། དེའི་ཉེ་འགྲམ་གླང་ཆེན་རི་འམ་ཕོ་བ་གླང་མགོ་ཞེས་གྲགས་པ་གླང་ཆེན་ཉལ་སྟངས་ཀྱི་གཟུགས་དབྱིབས་ལྟ་བུས་མཚོན་རིམ་བཞིན་རྒྱལ་སྲིད་སྣ་བདུན་གྱི་མཚོན་དོན་རང་བྱུང་གི་བཀོད་པ་མཛེས་པ། དགོན་པའི་རྒྱབ་ཕྱོགས་སུ་གནོད་སྦྱིན་ཛམ་བྷལྷའི་སྐུ་བརྙན་རང་བྱོན་བཟོ་བོ་མཁས་པས་སྨན་འཇིམ་ལས་བཞེངས་པ་ལྟ་བུའི་ཞབས་འོག་ནས་དྭངས་ཤིང་བསིལ་བའི་ཆུ་རྒྱུན་བར་མ་ཆད་དུ་འབབ་པ། དེང་སང་ཛམ་ཆུར་གྲགས་ཤིང་ཆུ་རྒྱུན་དེ་ནས་ཡོན་ཆབ་སོགས་ཕུལ་ཚེ་ཆུ་ཏིང་སྟེང་དུ་སོར་ཕྱེད་ཙམ་གྱི་ཆུའི་འབུར་དོད་སྤུངས་པ་ལྟར་གནས་པ་ཡོད་ཀྱང་ཕྱིར་མ་བོར་བར་གནས་པ་ཡ་མཚན་ཅན་གྱི་ཁྱད་ཆོས་སུ་གྲུབ་པ་དང་། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་བླ་རྡོར་གྲགས་པའི་རྣམ་སྲས་རི་ཞེས་པ་བྲག་ཤིན་ཏུ་ཆེ་བ་དཔའ་བོའི་སྙིང་གཟུགས་ལྟ་བུ་ཞིག་ཀྱང་ཡོད། ཤར་དུ་རྒྱ་སྟག་ཁྲ་བོ་ཞེས་པ་ཤར་རི་དང་། ལྷོར་གཡུ་འབྲུག་སྔོན་པོ་ཞེས་སྐྱིད་ཆུའམ་གཙང་པོ་ཆུ་ཀླུང་གཡུ་འབྲུག་སྔོན་པོའི་ཚུལ་དུ་འབབས་པ། ནུབ་ཏུ་བྱ་དཀར་པོ། བྱང་དུ་རུས་སྦལ་སེར་པོ་བཅས་བྲག་རི་རང་བྱོན་འབུར་དོད་ངོ་མཚར་ཙན་དུ་མ་དང་། སྔོན་སྟོན་པ་ཐུབ་པའི་དབང་པོའི་སྤྱན་སྔར་རྒྱལ་བའི་བསྟན་པ་དེ་འཛིན་བཤད་སྒྲུབ་དགེ་འདུན་གྱི་སྡེ་དང་བཅས་པ་ནམ་ཡང་གཡེལ་མེད་སྐྱོང་བར་ཞལ་གྱིས་བཞེས་པའི་རྒྱལ་པོ་ཆེན་པོ་བཞི་གནས་པར་གྲགས་པའི་ཕྱོགས་བཞིར་བྲག་ཆེན་མི་ལྟ་བུ་བཞི། རྒྱལ་བསྟན་གངས་ཀྱི་རི་བོ་སྐྱོང་བའི་མཁས་གྲུབ་གདོང་ལྔའི་དབང་པོ་ཕ་རོལ་གྱི་ལོག་པར་སྨྲ་བའི་གཉིས་འཐུང་འབུམ་ཕྲག་ཅིག་ཆར་དུ་འཇོམས་པ་ལ་ཆེས་དཔའ་བའི་མཚོན་དོན་ནམ་བླ་རིར་གྲགས་པ་བྲག་སེང་གེ་གནམ་མཆོངས་ཞེས་སེང་གེ་གནམ་དུ་མཆོངས་བ་ལྟ་བུ་ཕྱོགས་སུ་མཛེས་པ་དང༌། རི་སྣ་དབུས་མའི་རྩ་བར་རྨ་བྱའི་བྱད་དབྱིབས་ས་རིས་སུ་གསལ་བ་མཇུག་མ་ཤར། ཁ་ནུབ་ཕྱོགས་སུ་གྱེན་དུ་འགྲེང་སྟེ་བཏེགས་པའི་མགྲིན་པ་ནས་དབྱར་དགུན་ཀུན་ཏུ་ཡན་ལག་བརྒྱད་ལྡན་གྱི་ཆུ་རྒྱུན་བར་མ་ཆད་དུ་འབབས་པ། དགོན་ཁྲོད་དུ་བྲག་རི་ཞིག་གི་འོག་ཆོས་རྒྱལ་བླ་མཚོ་ཞེས་སྔོན་དུས་སུ་འཁྱིལ་ཆུ་རྒྱུན་མ་སྐམ་ཙམ་ཞིག་མཇལ་རྒྱུ་ཡོད། ཆོས་སྡེའི་ནུབ་བརྒྱུད་དུ་ཕ་བོང་དབུས་མ་ཤིན་ཏུ་མཐོ་ཞིང་ཕྱོགས་གཉིས་སུ་དེ་ལས་ཆུང་བ་རེ་བཅས་རྡོ་ལྷ་རྒྱལ་མཚན་ཞེས་པ་རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་རང་བྱོན་ངོ་མཚར་ཅན་ཡོད་པ། དབུ་མའི་རྩེ་མོར་གསེར་ཟངས་ཀྱི་གན་ཇི་རས་བརྒྱན་པ། རི་སྣ་ཤར་དང་དབུས་མའི་རྩ་བར་བསྟན་སྐྱོང་རྡོ་རྗེ་དྲག་མོ་རྒྱལ་གྱི་བླ་མཚོར་གྲགས་པ་རྣམ་ཀུན་རླན་གཤེར་ཆེ་ཆུང་ལ་མ་ལྟོས་པར་ཆུ་རྒྱུན་འཛད་མེད་དུ་འབབ་པ་དང༌། དགོན་པའི་གླིང་སྐོར་འགྲོ་ལམ་ཛམ་ཆུའི་ཉེ་འགྲམ་དུ་འབྲས་སྤུངས་མ་ཎི་ཆེན་པོ་ཞེས་ཡོངས་སུ་གྲགས་པ་བྲག་ངོས་འཇམ་ས་འོག་ནས་ཐོན་པ་ལྟ་བུའི་ངོས་སུ་མ་ཎི་རང་བྱོན་ངོ་མཚར་འབུར་ཐོན་དུ་ཡོད་པ་འཕགས་མ་སྒྲོལ་མའི་སྐུ་བརྙན་དང་ཤེས་རབ་ཀྱི་རལ་གྲི་སོགས་རང་བྱོན་ངོ་མཚར་ཅན་དུ་མས་མཛེས་པ་དང༌། དགོན་པའི་མདུན་ནས་ཐད་ཀར་མགོན་པོའི་བླ་མཚོ་ཅན་གྱི་རི་རིན་པོ་ཆེ་སྤུངས་པ་འདྲ་བ་ལ་མགོན་དཀར་ཡིད་བཞིན་ནོར་བུ་སྒྲུབ་པ་པོ་ལ་འཕྲིན་ལས་དངོས་སུ་སྒྲུབ་པའི་ཚུལ་གྱིས་བཞུགས་པ་སོགས་བཀྲིས་པའི་ས་དཔྱད་དུ་མ་གསར་དུ་བཅོས་ཤིང་སྒྲོ་བཏགས་ཙམ་མིན་པར་དང་པོ་ཉིད་ནས་རང་ཆས་སུ་འཁྲུངས་ཏེ་གནས་པ་བཅས་དང༌། རྒྱབ་རིའི་དབུ་རྩེར་དབྱར་དུས་བསངས་གསོལ་ལ་ཕེབས་ཡུལ་རྡོ་ཕུང་དུ་མའི་རྩེ་མོར་ཁ་དོག་སྣ་ཚོགས་པའི་དར་གྱི་ལྡ་ལྡིས་མངོན་པར་བཀྲ་བའི་ལྷ་སར་ཞིག་ཀྱང་ཡོད་པ། རྡོ་གཡམ་ལེབ་ཆེ་ཆུང་སྣ་ཚོགས་ཀྱི་གསེབ་ནས་ཆུ་རང་ཆས་སུ་ཐོན་པ་དོན་མེད་ཀྱི་ཀུ་ཅོར་འུར་སྒྲ་བྱས་ན་ཆུ་རང་ཡལ་འགྲོ་བ། དེའི་གཤམ་དུ་དགེ་འཕེལ་རི་ཁྲོད་ཞེས་པ་གྲྭ་ཚང་བཞིའི་ཁོངས་ནས་དགེ་འདུན་བསམ་གཏན་པ་ཞལ་གྲངས་སོ་གཉིས་ཙམ་བཞུགས་པ། འདི་ཉིད་པཎ་ཆེན་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཉིད་གཙང་ཕྱོགས་ནས་དབུས་སུ་ཕེབས་སྐབས་གམ་པ་ལ་རྩེ་ནས་ད་ལྟའི་དགེ་འཕེལ་རི་ཁྲོད་འདི་ཉིད་ཆགས་་པའི་གནས་འདིར་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་གིས་གསོ་སྦྱོང་མཛད་པའི་གཟིགས་སྣང་ཁྱད་པར་ཅན་བྱུང་བ་ལྟར་བྱིན་རླབས་ཀྱི་གཟི་འོད་འབར་བའི་གནས་དེར་སྤོང་པ་བསམ་གཏན་པའི་སྒྲུབ་གནས་ཁྱད་པར་ཅན་ཞིག་འབྱུང་བར་གཟིགས་ཏེ། རི་ཁྲོད་འདི་ཉིད་པཎ་ཆེན་རྡོ་རྗེ་འཆང་ཉིད་ཀྱིས་འཛུགས་པར་མཛད་པ་ཡིན། དེའི་ཉེ་འཁྲིས་སུ་ཐམས་ཅད་མཁྱེན་པ་༸གོང་ས་ལྔ་པ་ཆེན་པོའི་ཕོ་བྲང་ཡང་ཡོད་ཅིང་། དེར་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་མཆོག་ལྗགས་བསྙེན་མཛད་སྐབས་བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁྱོན་ལ་གནས་བཀོད་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ལུགས་གཉིས་ཟུང་དུ་འབྲེལ་བའི་ཆབ་སྲིད་གདུགས་དཀར་ཡུག་ཅིག་གིས་ཁྱབ་པའི་རྟགས་རྟེན་དུ་དབང་འདུས་མེ་ཏོག་ཞེས་སྔོན་མེད་པའི་མེ་ཏོག་ཡ་མཚན་ཅན་ཚར་དུ་དངར་བ་དུ་མ་ཤར། དེ་ནས་བཟུང་ཕྱིས་སུའང་ཀུན་གྱིས་མཐོང་ཆོས་སུ་ཡོད། གཞན་ཡང་རྒྱབ་རི་དེའི་ངོས་གང་སར་སྒྲུབ་ཁང་བརྒྱ་ཕྲག་ལྷག་ཙམ་ཡོད་ཅིང་སྒྲུབ་ཁང་འགའ་ཤས་མཚན་རྟགས་ཟིན་པའི་དགེ་བཤེས་རྣམས་ཀྱིས་སྒྲུབ་པ་སྙིང་པོར་མཛད་དེ་བཞུགས་ཡུལ་དང་། སྒྲུབ་ཁང་མང་ཆེ་བ་ཆོས་མཚམས་སྐབས་སློབ་གཉེར་བ་རྣམས་རྩ་འགྲེལ་གྱི་གཞུང་ཆེན་ཁག་བློ་འཛིན་བྱ་ཡུལ་དང་། དཔེ་ཀློག་དང་འབྲེལ་གཞུང་གི་བསྟན་དོན་ལ་ཤར་སྒོམ་གྱི་གནས་སུ་བྱེད། སྒྲུབ་ཁང་ཕལ་ཆེར་བའི་ཆེ་ཆུང་གི་ཚད་ནི་ཁང་སྦུག་ཏུ་མི་གཅིག་ཤོང་ཙམ་དང་། སྒོ་འགྲམ་དུ་མེ་གཏོང་ཡུལ་ཙམ་གྱི་ས་འཁོད་ཡོད་པའི་ཕུག་པ་ཤ་སྟག་ཡིན། རྒན་རབས་རྣམས་ཀྱི་ཞལ་རྒྱུན་དུ། དགའ་ལྡན་རང་བྱོན་གྱིས་སྐོར། སེ་ར་རི་ཁྲོད་ཀྱི་བསྐོར། འབྲས་སྤུངས་སྲུང་མས་བསྐོར་ཞེས་པ་ལྟར་སྲུང་མའི་རྟེན་གནས་མང་དུ་ཡོད་པ་འདི་ལྟར། དགོན་པའི་ཤར་ལྷོའི་ངོས་སུ་གདན་ས་ཆེན་པོ་འདིའི་སྲུང་མའི་གཙོ་བོ་པེ་ཧར་དགྲ་ལྷ་ཆེན་པོ་གནས་ཆུང་སྤྲུལ་པའི་ཆོས་རྒྱལ་གང་ལ་བརྟེན་པའི་གཞི་གནས་ཆུང་པེ་ཧར་ལྕོག་གམ་དབང་གྲགས་རོལ་པའི་དགའ་ཚལ། དགོན་པའི་མདུན་ངོས་སུ་དན་འབག་གཟིམས་ཁང་དུ་དན་འབག་ཞལ་འགོ་ཞེས་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཐུགས་སྤྲུལ་དུ་གྲགས་པའི་སྲུང་མའི་བསྟི་གནས་དུང་དཀར་རྫོང་སྡེའི་གྲོང་དབུས་སུ་དུང་དཀར་ཨ་རིག་ཅེས་པའི་སྲུང་མའི་བསྟི་གནས། ཁྲི་ཟམ་ཟམ་པའི་ཉེ་འདབས་སུ་བར་སྨད་བཙན་ཁང་ཞེས་བླ་མ་རིགས་སྤྱི་པའི་རྟེན་ཉར་བྱས་པའི་སྲུང་མའི་བསྟི་གནས། དགོན་པའི་ནུབ་བྱང་མཚམས་སུ་དགའ་གདོང་དགོན་དུ་དགའ་གདོང་ངམ་གནོད་སྦྱིན་ཤིང་བྱ་ཅན་གྱི་བསྟི་གནས། དགོན་པའི་རྒྱབ་རིའི་ངོས་བསྟན་སྲུང་རྡོ་རྗེ་དྲག་མོ་རྒྱལ་གཙོ་འཁོར་རྣམས་ཀྱི་བསྟི་གནས། བསྟན་མའི་གཟིམས་ཁང༌། དེ་དང་ཅུང་ཉེ་བའི་ཤར་ངོས་རི་ཕུག་ཏུ་གནས་ཆུང་ཆོས་རྒྱལ་ཆེན་པོའི་ཐུགས་ཀྱི་ཡང་སྤྲུལ་བྷལ་པའམ་ཕུ་ཤར་གྱི་བསྟི་གནས། དགོན་པའི་ཤར་ངོས་དཔལ་རིའི་གཟིམས་ཁང་དུ་དཔལ་རིའི་ཐོག་བཙན་ཞེས་གནས་ཆུང་གྲྭ་ཚང་སྒེར་གྱི་སྲུང་མའི་བསྟི་གནས། དེ་དང་ཉེ་བར་དཔལ་རིར་དམ་ཅན་རྡོ་རྗེ་ལེགས་པའི་བསྟི་གནས་སོགས་ཆོས་སྲུང་ཁག་གི་བསྟི་གནས་རྣམས་ཀྱིས་ཕྱོགས་དང་ཕྱོགས་མཚམས་ཀུན་ནས་རྒྱུ་སྐར་གྱི་འཕྲེང་བ་བཞིན་འཁྱུད་མོར་བསྐོར་ཏེ་བསླབ་གསུམ་འཕགས་པའི་རིགས་བཞི་ལ་གནས་པའི་དགེ་འདུན་གྱི་སྡེ་དང་བཅས་པར་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་གཡེལ་མེད་དུ་བསྒྲུབ་པའི་ཚུལ་དུ་ཡོད་པ། རི་དེའི་ཁ་ོར་ཁོར་ཡུག་ཀུན་ཏུ་རྩི་ཤིང་སྣ་ཚོགས་པ་རྒྱས་ཤིང་། འཇོལ་མོ་སོགས་གཉིས་སྐྱེས་དུ་མས་སྐད་སྙན་པར་སྒྲོགས་པ། ལྷག་པར་འཚོ་བྱེད་གསོ་བ་རིག་པའི་སྨན་གྱི་རྒྱུར་ཤིན་ཏུ་ཉེ་བར་མཁོ་བའི་སྨན་རྩྭའི་རིགས་རྣམ་གྲངས་ཤིན་ཏུ་མང་བས་ལོ་རེའི་བོད་བཞུང་དབུས་སྨན་རྩིས་ཁང་དང་། ལྕགས་པོ་རི་སོགས་ནས་སྨན་རྩྭ་སྒྲུབ་མཁན་ཆེས་མང་པོ་ཡོང་མུས། སྨན་རིགས་ཀྱི་རྩྭ་ཆུ་ནད་རིགས་སོས་པའི་ནུས་ལྡན་ཆེས་མང་བའི་སྟབས་ཀྱིས་དགེ་འཕེལ་རི་ཁྲོད་ཀྱི་འབྲོག་པའི་འོ་ཞོ་སོགས་ལ་ལྷ་ལྡན་ཁུལ་གྱི་སྡེ་དཔོན་མི་དྲག་ཚོང་རིགས་ཁག་སོགས་ནས་རྩ་ཆེར་བརྩིས་ཏེ་ཉོ་སྒྲུབ་བྱེད་པོ་མང་ཞིང་། འབྲོག་སྡེ་འདིའི་ཆབ་ཞོ་འཁྲུལ་མེད་ཡིན་མིན་དབྱེ་རྟགས་སུ་སྣོད་ཀྱི་འཆང་ཟུང་ལ་རི་ཁྲོད་སྤྱི་པའི་ཐེལ་རྟགས་འབྱར་མ་ཡོད། དེ་བཞིན་རྣམ་རྒྱལ་གྲྭ་ཚང་དང་རྒྱུད་གྲྭ་སྟོད་སྨད་སོགས་ནས་བ་བྱུང་བཟོ་རྒྱུའི་ཆེད་བ་ཕྱུགས་རི་འདིར་ཆེད་གཏོང་གིས་ལྕི་བ་བདག་གཅེས་བྱེད་མིའི་ཆེད་འཛུགས་བྱེད་འདུག་པ་འདི་དག་ནི་གནས་འདིར་སྨན་རིགས་ཀྱི་རྩྭ་ཆུ་ཁྱད་པར་ཅན་དེ་འདྲ་ཆེས་མང་བའི་གནད་ཀྱིས་ཡིན་པར་གྲགས་ཤིང་། རྩྭ་ཀུན་ཏུ་བཟང་པོ། ཆུ་འགྲོ་བ་འདྲེན་པ་ཞེས་གསུང་སྲོལ་མཆིས་སྐད། གཞན་ཡང་བཀྲིས་དགེ་མཚན་དུ་མ་དང་ལྡན་པའི་ས་དཔྱད་མཐའ་དག་ནི་བྲི་བར་མི་ལངས་པས་རགས་ཙམ་བཀོད་པ་ལགས་སོ། ། དགེ་ལེགས་རིན་ཆེན་བྱེ་བ་སྤུངས་འདྲ་བའི། ། དགེ་འཕེལ་རི་ཞེས་གྲགས་པའི་འདབས་ཡངས་ན། ། དགེ་ལྡན་བསྟན་པའི་རྒྱལ་མཚན་འཆང་བའི་སྡེ། ། དགེ་ལེགས་བྱེ་བའི་སྙིང་པོ་སྨིན་པ་བཞིན། །ཞེས་ཀྱང་སྨྲས་སོ། །