འཕགས་བོད་ཆོས་འབྱུང་། ཡབ་འདབ་གསུམ་པ། བོན་གྱི་སྐོར།

ཡོང་ཁུངས་Wikipedia

འཕགས་བོད་ཆོས་འབྱུང་། ཡབ་འདབ་གསུམ་པ། བོན་གྱི་སྐོར། བེ་རི་འཇིགས་མེད། ཡལ་འདབ་གསུམ་པ་བོད་དུ་བསྟན་པ་ཇི་ལྟར་བྱུང་ཚུལ།

(༡) བོན་གྱི་བསྟན་པ་བྱུང་ཚུལ། ༡ སྤྱིར་འཇིག་རྟེན་འདིར་ཆོས་ལུགས་ཇི་ལྟར་བྱུང་བ། དེ་ཡང་ཐོག་མར་མི་ཡུལ་གྱི་འཇིག་རྟེན་འདིར་ཆོས་ལུགས་དང་ལྟ་གྲུབ་ཅི་རིགས་སྣ་ཚོགས་པ་ཞིག་བྱུང་དང༌འབྱུང་བཞིན་པ་འདིའི་ཐོག་མའི་འབྱུང་ཁུངས་གང་ཞིག་ལ་ཐུག་པ་འཚོལ་ཞིབ་བྱེད་རྒྱུ་དེ་གལ་འགང་ཆེ་བར་མཐོང་བས། འདིར་ཐོག་མར་དེ་ཉིད་ཁོ་ན་ཅུང་ཟད་ཞིབ་མོའི་ལུགས་ཀྱིས་འཚོལ་ཞིབ་བྱེད་པར་འདོད་དེ། དེ་ཡང༌། དེང་སང་འཇིག་རྟེན་འདིར། བོན་དང་མུ་སྟེགས། ཁ་ཆེ་དང་ཡེ་ཤུས། ཤུཀྱའི་ཆོས་ལུགས་པ་སོགས། ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་ཤིན་ཏུ་མང་པོ་ཞིག་ཡོད་པ་དེ་དག་གི་ཐོག་མའི་འབྱུང་ཁུངས་ནི། རི་བོ་ཉིལ་བ། ཆུ་བོ་བརྡོལ་བ། ཤིང་སྡོང་འགྱེལ་བ། ཐོག་ལྕེ་འབབ་པ། གློག་འོད་འཁྱུག་པ་སོགས་འཇིགས་སུ་རུང་བའི་དོན་རྐྱེན་དུ་མ་མུ་འཐུད་ནས་བྱུང་བ་དེ་རིགས་ཀྱི་ངོ་བོ་དང་འབྱུང་རྐྱེན་ལ། སྐབས་དེའི་བསམ་བློའི་གནས་ཚད་དང་བསྟུན་ནས་དཔྱོད་པའི་འབྲས་བུར། ཁོར་ཡུག་དེ་དག་གི་ཁུལ་དུ་འཇིགས་སུ་རུང་བའི་གདོན་འདྲེ་རེ་ཡོད་པ་དེས་གནོད་པའི་སྦྱོར་བ་རྩོམ་པར་བསམས་ནས་ཞེད་སྣང་དང་། དེ་དག་ལ་གསོལ་ཁ་བྱེད། དེ་བཞིན་གནམ་གཤིས་དྭངས་བ་དང་། ཁོར་ཡུག་གཙང་བ། ཆར་ཆུ་དལ་གྱིས་འབབ་པ། འཇའ་ཚོན་དང་མེ་ཏོག་ཤར་བ། བག་ཕེབས་ཤིང་འཚེར་སྣང་མེད་པའི་ས་ཁུལ་དེ་དག་ཏུ་བསམ་བཟང་གི་ལྷ་རེ་ཡོད་པར་ཡིད་ཆེས་བྱས་ཏེ། དེ་དག་ལ་གསོལ་འདེབས་དང་གུས་ཕྱག་བྱེད་པའི་སྲོལ་རྒྱ་ཁྱབ་ཏུ་དར་བར་གྱུར། བྱེད་བབ་དང་ལམ་སྲོལ་དེས་ཀྱང་དུས་ཀྱི་འགྱུར་འགྲོས་དང་འགྲོགས་ནས་ལོ་ཟླའི་ཕྲེང་བ་དལ་གྱིས་བགྲངས་བ་ན་བསམ་བློའི་རྣམ་དཔྱོད་རིམ་གྱིས་མཐོ་རུ་ཕྱིན་པ་དང་། ལྷ་མཆོད་པ་དང་འདྲེ་རྡུང་བའི་ཆོ་ག་ཕྱག་ལས་འདྲ་མིན་སྣ་ཚོགས་འཕེལ་བར་མ་ཟད་མང་ཚོགས་མཉམ་འཛོམས་ཀྱིས་མཛད་སྒོ་སྤེལ་བའི་ལམ་སྲོལ་ཆགས། འོན་ཀྱང་རང་བྱུང་ཁོར་ཡུག་གི་གནས་བབ་ལ་ལྷ་མཆོད་འདྲེ་རྡུང་གི་ལམ་སྲོལ་དེས། དེ་ཙམ་ཕན་ཐོགས་མེད་པའི་བསམ་བློའི་འཆར་སྒོ་གསར་དུ་ཕྱེས་པ་ནས། དེ་དག་གི་སྒང་ལ་འཇིག་རྟེན་འདི་བཀོད་པ་པོ་ཞིག་ཡོད་པར་ངོས་འཛིན་གྱིས། དེ་ལ་ཡིད་ཆེས་དང་གུས་ཕྱག་མཆོད་འབུལ་སོགས་བྱས་ན། ད་བཟོད་རང་ཉིད་ལ་ལྷིང་འཇགས་ཀྱི་ཚོར་སྣང་བསིལ་སིང་ངེ་བ་ཞིག་སྤྲོད་པ་མ་གཏོགས། རང་བྱུང་ཁོར་ཡུག་གི་ལྷ་འདྲེ་དམིགས་བསལ་བ་ཞིག་མེད་པའམ་ཡོད་ཀྱང་དེས་མང་ཚོགས་ལ་བདེ་སྡུག་གི་ཚོར་སྣང་བརྟན་པོ་ཞིག་སྦྱིན་པ་མི་ནུས་པར་ཐག་གཅོད་དེ། འཇིག་རྟེན་བྱེད་པ་པོ་ལ་ཕྱག་མཆོད་བྱེད། དེ་ཡང་ཁོར་ཡུག་དང་འབྲེལ་བའི་བསམ་བློའི་འཆར་སྒོ་མི་འདྲ་བ་དུ་མའི་རྐྱེན་གྱིས་འཇིག་རྟེན་བཀོད་པ་པོ་ཡང་མི་འདྲ་བ་ཅི་རིགས་སྣ་ཚོགས་ཤིག་ཁས་ལེན་བྱས་ནས། དེ་དང་དེའི་རྒྱུ་མཚན་ཡང་སྐབས་དེའི་མང་ཚོགས་ཀྱི་བསམ་བློའི་ལྕོགས་ཚད་དང་འབྲེལ་ནས་འགྲེལ་བཤད་གང་རྒྱས་རེ་བྱས་པའི་གཞུང་ལུགས་བརྩམས། དེ་ལ་བརྟེན་ནས་ཆོས་ལུགས་སམ་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་དུ་མ་བྱུང་སྣང་སྟེ་ཟླ་བ་གྲགས་པས་ཀྱང༌། ། དེའི་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། ། མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་གྱུར། ། ཞེས་གསུངས་པའང་ལེགས་པར་བཤད་པར་སེམས་སོ། །ད་དུང་མིའི་རྣམ་དཔྱོད་ཀྱི་གོམ་ཁ་རིམ་བཞིན་སྤོས་ནས་སྤྱི་ཚོགས་ཁོར་ཡུག་ཁྲོད་ཀྱི་རང་བྱུང་འབྱུང་བའི་གཉན་འཕྲང་ཙམ་དུ་མ་ཟད་མི་ཚོགས་ཇེ་མང་དུ་སོང་བ་ནས། མི་དང་མི་ཕན་ཚུན་ཁ་མ་འདུམ་ནས། བསད་གཅོད་རྡུང་རྡེག་དང༌། དམག་འཁྲུག་རྒྱག་པ། ཁ་མཆུ་རྩོད་པ་སོགས་ཀྱི་རྩོད་རྙོག་རབ་དང་རིམ་པར་བྱུང་བ་དེ་རིགས་ཁྲིམས་ལུགས་ཀྱི་ཐོག་ནས་ཐག་གཅོད་ཇི་ཙམ་བྱས་ཀྱང་མང་ཚོགས་ལ་ལྷིང་འཇགས་ཀྱི་ཚོར་སྣང་སྤྲོད་པར་མི་ནུས་པས། ད་གཟོད་རང་བྱུང་འབྱུང་བའི་ལྷ་འདྲེ་ལས་ལོགས་སུ་གང་ཟག་སོ་སོའི་སེམས་ཁམས་ལ་གང་ཟག་རང་ཉིད་བདེ་སྡུག་གི་ལམ་སྣེ་གང་ཞིག་ལ་འཁྲིད་པའི་ལྷ་འདྲེ་རེ་ཡོད་པར་ངོས་འཛིན་བྱས་ཏེ། དེ་ཉིད་གསོལ་ཐབས་ཀྱི་ཆོ་ག་འདྲ་མིན་བརྩམས། འོན་ཀྱང་ངོས་འཛིན་བྱས་པའི་ལྷ་འདྲེ་དེ་དག་གི་ངོ་བོ་གསལ་པོ་ཞིག་གཞི་འཛིན་ས་མི་རྙེད་སྟབས། ད་གཟོད་གཞི་ནས་གང་ཟག་རང་ཉིད་ཇི་ལྟར་གྲུབ་པ་དང་། རྒྱུ་གང་ལས་བྱུང་བ། རྐྱེན་གང་ལ་བརྟེན་པ། ངོ་བོ་ཇི་ལྟར་གནས་པ། ལུས་སེམས་ཀྱི་འབྲེལ་བ་ཇི་ལྟར་གནས་པ། སེམས་ཀྱི་ཆགས་སྡང་གི་གནས་བབ་དང་འབྲེལ་ནས་ལུས་ཀྱི་གྲུབ་ཆ་དང་ཁོར་ཡུག་གི་འགྱུར་འགྲོས་ཇི་ལྟར་ཡོང་གི་ཡོད་པ་བཅས་ལ་སྔ་ཕྱི་རིམ་བརྒྱུད་ཀྱིས་དཔྱོད་པའི་འཆར་སྒོ་རྣམ་པ་སྣ་ཚོགས་པ་ཞིག་བྱུང་བ་ལ་བརྟེན་ནས་ཆོས་ལུགས་དང་ལྟ་གྲུབ་ཀྱི་རྣམ་གཞག་ཀྱང་མི་འདྲ་བ་དུ་མ་ཞིག་བྱུང་བ་ཡིན་ནོ་སྙམ་ཏེ། མདོར་ན་ཆོས་ལུགས་ཞེས་པ་ནི། རང་བྱུང་ཁོར་ཡུག་དང་མང་ཚོགས་ཀྱི་བརྒྱུད་རིམ་དང་འབྲེལ་བའི་བསམ་བློའི་འཆར་སྒོ་བྱེ་བྲག་པ་ཞིག་འཆར་སྒོ་དེ་དང་འབྲེལ་བའི་ལྟ་གྲུབ་ཀྱི་རྣམ་གཞག་གཅིག་ཏུ་བཅོས་པའི་ལུགས་སྲོལ་ཞིག་ཡིན་པར་བསྙོན་དུ་མེད་ཅིང་ལྟ་གྲུབ་ཀྱི་རྣམ་གཞག་དེ་དག་གིས་སྐབས་དེའི་ཚེ་དེའི་རིང་གི་མང་ཚོགས་ཀྱི་ལུས་སེམས་གཉིས་ཀར་ཕན་ཐོགས་ངེས་ཅན་རེ་བྱུང་ཡོད་ལ། ལྟ་གྲུབ་མི་འདྲ་བ་དུ་མ་ལས་ཕྱོགས་འཛིན་མི་འདྲ་བ་དུ་མ་སླེབས་པ་དང་ཡུལ་དུས་ཁོར་ཡུག་སོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་རྙོག་འཛིང་གི་གཞི་རྩའམ། ཡང་ན། དེའི་གྲུབ་ཆར་གྱུར་པའང་ཉུང་ཉུང་མིན། དེས་ན་དེ་སྔོན་བྱུང་ཟིན་པའི་ཆོས་ལུགས་དང་ད་ལྟ་འབྱུང་བཞིན་པ་དང་། ད་དུང་འབྱུང་འགྱུར་གྱི་ཆོས་ལུགས་ལྟ་གྲུབ་དུ་མས་མང་ཚོགས་ཁྲོད་ཕན་གནོད་ངེས་མེད་ཅི་རིགས་སྣ་ཚོགས་སུ་འགྱུར་བའང་འཕྲོས་གླེང་ཙམ་སྟེ། མདོར་ན་རང་ཉིད་ཆོས་ལུགས་གང་ཞིག་གི་ཁོངས་སུ་གཏོགས་པ་དེར་ཨ་འཐས་ཀྱི་ཞེན་པ་དོར་ནས་གཟུ་བོར་གནས་པའི་བློས་ཞིབ་ཅིང་བརྟགས་པར་བྱས་ན་ཆོས་ལུགས་ཀྱི་ལྟ་གྲུབ་རེ་རེ་ལའང་དགེ་མཚན་གྱི་དྭངས་ཆ་རེ་དང་ཉེས་སྐྱོན་གྱི་སྙོགས་མ་རེ་ཀུན་ལའང་ཡོད་པས་ཕྱོགས་འཛིན་གྱི་ལྟ་བས་བདག་བསྟོད་གཞན་སྨོད་བྱེད་པ་ནི་ནམ་ཡང་མི་རིགས་སོ་ཞེས་ཀྱང་བསྐུལ་ལོ། །

༢ གདོད་མའི་བོན། དེ་ལྟར་ཆོས་ལུགས་སྤྱིའི་བྱུང་རིམ་རགས་ཙམ་གླེང་ཟིན་ནས། ད་ནི་རང་རེ་གངས་ཅན་པའི་ལྗོངས་འདིར་མེས་དབོན་བཙན་པོ་རིམ་བྱོན་ནས་ཆོས་ལུགས་དང་གྲུབ་མཐའ་ཆེས་ཆེར་འཕེལ་བའི་རྒྱལ་ཁབ་ཅིག་ཡིན་ཞིང་དེ་ཡང་ཡུལ་དུས་ཀྱི་གདུལ་བྱའི་མོས་ཁམས་ལྟར་སྔ་ཕྱིར་བོན་དང་ནང་ཆོས་རིམ་པར་དར་བ་ལས་ཐོག་མར་གཤེན་རབ་བོན་གྱི་བསྟན་པ་ཇི་ལྟར་བྱུང་བའི་ཚུལ་མདོར་ཙམ་བརྗོད་པར་བྱ་སྟེ། དེ་ཡང་གཤེན་རབ་བོན་འབྱུང་ཚད་ལྡན་རྣམས་སུ་འཁོད་པ་ལྟར་ན། དེ་ལ་ཐོག་མར་བོན་ཞེས་པ་ནི་ཆོས་དང་གོ་བའི་གནད་གཅིག་པའི་འཇལ་བྱེད་བློ་ཡི་ཡུལ་དུ་ཡོད་པའི་སྤྱི་ལྡོག་ནས་ཤེས་བྱ་སྤྱིའི་མཚན་ཉིད་དང༌། རང་ལྡོག་ནས་ཤེས་བྱ་རང་རང་གི་མཚན་ཉིད་བྱེ་བྲག་པ་སྟེ་མདོར་ན་ཆོས་ཐམས་ཅད་ལ་བོན་གྱི་འཇུག་པས་ཁྱབ་པ་འདོད། དེས་ན་བོན་ལ། དགེ་སྡིག་སྤང་བླངས། འཁོར་འདས་བརྟན་གཡོ་སོགས་ཀྱི་དབྱེ་སྒོ་ཤུཀྱའི་རིང་ལུགས་པའི་ཆོས་ཀྱི་དབྱེ་སྒོ་དང་སྒོ་ཀུན་ནས་མཚུངས་པ་ཡིན་ནོ། བོན་གྱི་རིང་ལུགས་ལ། གདོད་མའི་བོན་དང་། གཤེན་རབ་བོན་གཉིས་སུ་ཕྱེས་ནས། དང་པོ་གདོད་མའི་བོན་པོ་ནི། སྟོན་པ་གཤེན་རབ་མི་བོ་ཆེ་གངས་ཅན་བོད་དུ་ཞབས་ཀྱིས་མ་བཅགས་པའི་སྔོན། བདུད་བོན་དང་བཙན་བོན། གདོན་བོན་སོགས་ཀྱིས་ལྷ་མཆོད་འདྲེ་རྡུང་བྱེད་པའི་ལུགས་སྲོལ་སྤེལ་བ་དེའི་རིང་ལུགས་འཆང་མཁན་ཚོ་ལ་ཟེར་བར་བཤད་དེ། བསྐལ་པ་ཡ་ཐོག་གི་སྐབས། ས་གཡོ་བ་དང་མཚོ་འཕྱུར་བ། མེ་འབར་བ་སོགས་རང་བྱུང་འབྱུང་བ་འཁྲུགས་པ་དང་། མི་ལ་ན་ཚ། ཕྱུགས་ལ་གོད་ཁ་སོགས་མདོར་ན་མི་འདོད་པའི་ཉེར་འཚེ་ཅི་རིགས་སྣ་ཚོགས་བྱུང་བ་ན། དེ་དང་དེ་བཟློག་པ་ལ་དེ་དང་དེ་ལ་གནས་པའི་རིའི་ལྷ་འདྲེ་དང༌། ཤིང་གི་ལྷ་འདྲེ། ཆུའི་ལྷ་འདྲེ་སོགས་མདོར་ན་སེམས་ལྡན་སེམས་མེད་སོ་སོར་རྒྱབ་ཏུ་མི་མངོན་པའི་ལྷ་འདྲེ་རེ་ཡོད་པར་ཐག་ཆོད་དེ། དེ་དག་ལ་གསོལ་ཀ་དང༌། གཏོར་བཅོས། ད་དུང་སྲོག་ཆགས་གང་མང་བསྲེགས་ནས་དམར་མཆོད་བྱེད་པའི་སྲོལ་བྱུང་བ་དེ་རིགས་ལ་གདོད་མའི་བོན་ཞེས་འདོད་དེ། གཏེར་ཡིག་འགའ་ཞིག་ཏུ། བོན་པོ་ཚོས་དམར་མཆོད་ཀྱི་ཆེད་དུ་ཤྭ་བ་སྟོང་ཕྲག་མང་པོ་བསད་པར་བཤད་པ་ཡང་མང་ཉུང་གི་གྲངས་ཀའི་ཐོག་སྒོ་ཟོག་ཀྱང་སྟོང་ཕྲག་མང་པོ་གསད་རྒྱུ་ལས་སླ་བོ་མིན་པས་རི་ཁའི་ཤྭ་བ་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བསད་ཚུལ་བཤད་པ་ནི་ཆོས་ལུགས་ཕྱོགས་འཐེན་གྱི་ཞྭ་མོ་གཡོགས་པ་སྨྲོས་མེད་ཡིན་པ་ཕུད། སྤྱིར་བཏང་རི་དྭགས་གང་རག་བསད་ནས་དམར་མཆོད་བྱེད་སྲོལ་དར་བའི་དཔང་རྟགས་སུ་རུང་ངོ་སྙམ། སྐབས་དེར་ཕྱི་ནང་གི་ཉེར་འཚེ་སེལ་བའི་ཆེད་དུ་ལྷ་མཆོད་འདྲེ་རྡུང་གི་ཆོ་གའི་རྣམ་གཞག་དང་ཉི་ཟླ་སོགས་ལ་གསོལ་བ་བཏབ་པའི་རྨོངས་དད་ཙམ་ལས་གཞི་འཛིན་སའི་ལྟ་གྲུབ་ཀྱི་རྣམ་གཞག་བརྟན་པོ་ཞིག་མེད་པ་འདྲ།

༣ གཡུང་དྲུང་བོན། གཉིས་པ་གཡུང་དྲུང་བོན་པོ་ནི། བོན་གྱི་རྣམ་འདྲེན་བརྒྱད་པ་སྟོན་པ་གཤེན་རབ་མི་བོ་ཆེ་ཐུགས་བསྐྱེད་བདེན་པས་ཉེ་བར་བསྐུལ་ཏེ་གངས་ཅན་ལྗོངས་འདིར་ཞབས་ཀྱིས་བཅགས་ནས་ཕན་བདེའི་འབྱུང་གནས་བོན་གྱི་བསྟན་པ་རིན་པོ་ཆེའི་སྲོལ་ལེགས་པར་ཕྱེས་ཏེ། ཇི་སྐད་དུ། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར། གཅིག་གསོ་གཅིག་གསད་བྱ་བའི་བོན་དེ་བདག་གིས་མི་ཤེས་སོ། །དེ་ནི་ལོག་པ་ཡིན་པས་བྱ་རུ་མི་རུང་ངོ༌། །ཞེས་འབྱུང་བ་ལྟར། དེ་སྔོན་དམར་མཆོད་ཀྱི་ཚུལ་མིན་ལམ་སྲོལ་དར་བ་རྣམས་བཀག་པ་ནས་རིམ་པ་བཞིན་དར་བའི་བོན་གྱི་རིང་ལུགས་ལ་ཟེར་ཞིང༌། སྤྱོད་པའི་བོན་ནམ། གཡུང་དྲུང་བོན། གཤེན་རབ་བོན། བོན་ཞྭ་དཀར་ཅན་འབོད་པ་རྣམས་མིང་གི་རྣམ་གྲངས་སོ། །དེ་ལ་གཡུང་དྲུང་བོན་ཞེས་པ་ནི། ཉོན་མོངས་པའི་རྒོད་པའི་བློ་དང་སྤྱོད་པ་གཉེན་པོའི་སྟོབས་ཀྱིས་གཡུང་དུ་ཕྱིན་ནས་ཐར་པ་མི་གནས་པའི་མྱང་འདས་ཀྱི་དྲུང་ན་འགོད་པའི་དམ་པའི་བོན་ལ་ཟེར། གཤེན་རབ་བོན་ཞེས་པའང་དོན་ལ་བབ་པ་གཅིག་ཅིང༌། ཚིག་གི་དོན་ནི་གཤེན་རབ་མི་བོ་ཆེས་ལམ་སྲོལ་ཐོག་མར་ཕྱེས་པའི་བོན་ནམ་བསྟན་པ་ཡིན་པས་དེ་སྐད་བརྗོད། བོན་ཞྭ་དཀར་ཅན་ཞེས་པ་ནི། སྔར་ཞང་ཞུང་གི་དུས་ནས། ཞྭ་དཀར་དང་གོས་སྔོན་གྱོན་པའི་སྲོལ་ཡོད་པ་བོན་གཞུང་ཁག་ཏུ་གསལ་ཞིང༌། བོད་ཀྱི་རྒྱལ་ཐོག་རིམ་བྱོན་གྱི་བོན་བླ་ཚོས་ཀྱང་མདོ་སྔགས་ཀྱི་བོན་འཆད་པའི་སྐབས་ཞྭ་དཀར་བསྣམས་པ། ཞྭ་དེར་རིག་འཛིན་གོང་མའི་བཀའ་རྟགས་དང་གཤེན་རབ་བླ་མའི་བླ་རྟགས། གཡུང་དྲུང་བོན་གྱི་བརྡ་རྟགས་བཅས་ཚང་བས་ཞྭ་དཀར་གྱོན་པའི་སྲོལ་ཡོད་པ་ལྟར་བོན་ཞྭ་དཀར་ཅན་ཞེས་གྲགས་པར་བཤད། བོན་གྱི་སྟོན་པ་འཇིག་རྟེན་དུ་བྱོན་ཚུལ་ལ། བོན་གཞུང་རྣམས་སུ་སྤྱིར་སྒྲོན་མེའི་བསྐལ་བ་བཟང་པོ་འདིར་སངས་རྒྱས་སྟོང་རྩ་གཉིས་འཇིག་རྟེན་དུ་བྱོན་པའི་ནང་ནས། གཤེན་རབ་འདི་ཉིད་བརྒྱད་པ་ཡིན་ཏེ། དེ་ཡང་སྔོན་བྱོན་རྣམ་འདྲེན་རབས་བདུན་གྱི་བསྟན་པ་རིམ་བཞིན་གུད་ནས། རྩོད་དུས་ཚེ་ལོ་བརྒྱ་པ། སྙིགས་མ་ལྔ་བདོ་བའི་གདུལ་བྱ་འདུལ་དཀའ་བ་རྣམས་འདུལ་བའི་ཐུགས་བསྐྱེད་དུས་ལ་བབས་པ་ལྟར་གཤེན་རབ་མི་བོ་ཆེ་འདི་ཉིད་བསམ་བཞིན་སྐྱེ་བ་བཞེས་ཏེ་གསང་བ་གསུམ་གྱི་མཛད་པ་མཐའ་ཡས་པ་བསྟན་པ་རྣམས་ཀྱི་སྙིང་པོ་དྲིལ་ན་མཛད་པ་བཅུ་གཉིས་སུ་འདུ་བས། འདིའི་སྒོ་ནས་གཤེན་རབ་མི་བོ་ཆེའི་རྣམ་པར་ཐར་པ་ཅུང་ཟད་གླེང་ན། དེ་ཡང་མཛད་པ་དང་པོ་སྐུ་སྐྱེ་བཞེས་ཚུལ་ནི། སྟོན་པ་འདི་ཉིད་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས། འོག་མིན་ཞིང་ནས་མས་རིམ་བཞིན་གཟིགས་པ་ལྔ་ཐུགས་ལ་བཀྲམ་སྟེ། སྟག་གཟིག་འོལ་མོ་ལུང་རིང་རྒྱལ་མཁར་བར་སོ་བཅོ་བརྒྱད་དུ། ཡབ་རྒྱལ་བོན་ཐོད་དཀར་དང༌། ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་ཤིང་བྱི་(སྤྱི་ལོའི་སྔོན་༡༦༠༡༢)དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ་ནམ་ལངས་གཟའ་སྐར་རྒྱལ་ཕུར་སྒྲུབ་སྦྱོར་ཉིན་སྐུ་འཁྲུངས། མཚན་མཁན་བྲམ་ཟེ་གསལ་བྱེད་འོད་ལྡན་གྱིས། གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་ཞེས་པའི་མཚན་གསོལ། དེ་རྗེས་མི་ལོ་གཅིག་རིང་གཞོན་ནུ་རོལ་རྩེད་ཀྱི་མཛད་པ་མཛད། དེ་ནས་འཇིག་རྟེན་ཁམས་ཀྱི་མངའ་བོ་ཆེ་རྣམས་ཀྱིས་ཞབས་ནས་བཏེགས་ཏེ་རྒྱལ་བུ་དམུ་རིགས་འཕྲུལ་གྱི་རྒྱལ་པོའི་རྒྱལ་སར་ཕྱུང་སྟེ་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་སྐོར་བཀའ་བསྩལ། དེ་རྗེས་རིག་པའི་གནས་ཆེན་ལྔ་ལས་སངས་རྒྱས་བསྟན་པ་ཆགས་པའི་གཞི་མ་བཟོ་རིག་པའི་སྐོར་རྣམས། བཟོ་རྒྱ་གར་མ་ལི་ཤོ་དང༌། དེ་ལ་བསྟེན་པའི་བཟོ་ལ་མཁས་པ་བཟོ་རྗེ་ལྷ་དབང་དང༌། ཕུབ་ལ་མཁས་པ་སྒྱུ་འཕྲུལ་དབང་ཕྱུག །བླུག་ལ་མཁས་པ་བླུག་ཐོག་པ་སངས། མགར་ལ་མཁས་པ་མགར་ལྷ་ཡུག་པ། ལྷ་ལ་མཁས་པ་ལྷ་སྲས་པད་མ། བྲིས་ལ་མཁས་པ་ཡི་གེ་འཕྲུལ་ཆུང་བཅས་འཛམ་གླིང་བསྟན་པའི་རྒྱན་དྲུག་ལ་བཟོ་རིག་གཏན་ལ་ཕབ་སྟེ་བཟོ་ལས་མགར་དང་བཞུ་བླུག ལྷ་འབྲི་རྒྱུ། ཡི་གེ་འབྲི་རྒྱུ་བཅས་ཀྱི་རིག་པའི་སྲོལ་ཐོག་མར་གཏོད་པའོ། ། མཛད་པ་གཉིས་པ་བསྟན་པ་སྤེལ་བའི་ཚུལ་ནི། །དགུང་ལོ་གཅིག་ནས་བཅོ་ལྔ་བར་ཐོག་མར་གདུལ་བྱའི་བློ་དང་འཚམས་པའི་ཡན་ལག་བོན་ཐེག་པ་རིམ་དགུའི་དང་པོ་ཕྱྭ་གཤེན་ཐེག་པའི་སྒོར་གཏོགས་པ། མོ་རྩིས་གཏོ་གསུམ་སྨན་དཔྱད་བཅས་བསྟན་པར་མཛད། དེ་ནས་རིམ་པར་བཞིན་རྒྱུའི་ཐེག་པ་བཞི་དང་འབྲས་བུའི་ཐེག་པ་ལྔ་སྟེ་གཤེན་རབ་བོན་གྱི་ཐེག་པ་རིམ་དགུ་གསུངས། དགུང་ལོ་བཅུ་པར་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་ཕེབས་ཏེ་སྣོད་ལྡན་གདུལ་བྱ་དུ་མར་སྒྲ་དང་ཚད་མའི་སྐོར་གསུངས། བཅུ་གཅིག་པར་བྱམས་ལྡན་གྱི་ཆོ་ག་གསུངས། བཅུ་གཉིས་པར་དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གསང་གསུམ་གྱི་རྒྱུད་ལེའུ་སྟོང་ཕྲག་བརྒྱ་གསུངས་ཏེ་སྐར་རྩིས་རིག་པའི་སྲོལ་ཡང་བཏོད་དེ་རིག་པའི་གནས་ལྔ་གཏན་ལ་ཕབ། འདི་ཡན་ལ་ལོ་མཛད་བཅུ་གཉིས་ཀྱི་མཛད་པའང་ཟེར། གསུམ་པ་འགྲོ་བ་འདུལ་བའི་ཚུལ་ནི། གཤེན་རབ་དགུང་ལོ་བཅུ་བཞི་པར་རིགས་དྲུག་དང་གླིང་བཞི་གཡེན་ཁམས་སོ་གསུམ་སོགས་འདུལ་བའི་ཆེད་སྤྲུལ་བའི་རོལ་གར་སྣ་ཚོགས་རྩེན་ཏེ་མདོར་ན་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་ཡི་བཀོད་པ་བྱེ་བ་ཕྲག་བརྒྱ་སྤྲུལ་ཏེ། མུ་དང་མཐའ་མེད་པའི་འགྲོ་བ་རྣམས་འདུལ་བར་མཛད། བཞི་པ་འགྲོ་བ་འདྲེན་པའི་ཚུལ་ནི། སྟོན་པ་དགུང་ལོ་བཅོ་ལྔའི་དུས་འཇིག་རྟེན་ཁམས་ན་ཤིན་ཏུ་སྡིག་ཆེ་བའི་གཏི་མུག་དབང་གྱུར་སྡིག་ཆེན་གཏོ་བུ་དོད་དེའི་སྒྲིབ་སྦྱོང་དུ་ལྷ་གཤེན་བརྒྱའི་མཚན་ཕྱག་དང་རིགས་དྲུག་བར་དོ་བདུན་གྱི་གནས་འདྲེན་དང་འབྲེལ་དགུང་ཞག་ཞེ་དགུའི་ལམ་སྲོལ་ཆ་ཚང་མཛད་པ་དང༌། ཞེ་སྡང་དབང་གྱུར་ཁྲི་ཤིང་དབང་རྒྱལ་གྱི་སྒྲིབ་སྦྱོང་ཆེད་ཀུན་རིག་སྒྲོན་མའི་ཆོ་ག་དང་། ཕྲག་དོག་དབང་གྱུར་དྲག་བྱེད་ཧ་ལ་ར་ཙའི་སྒྲིབ་སྦྱོང་ཆེད་རྒྱལ་བ་རྒྱ་མཚོའི་ཆོ་ག་དང༌། ང་རྒྱལ་དབང་གྱུར་གུ་ཝེར་ར་ཙའི་འདྲེན་ཆོག་ལ་སྒྲིབ་སྦྱོང་མདོ་དང་། འདོད་ཆགས་དབང་གྱུར་འགུ་ལིང་མ་ཏིའི་སྒྲིབ་སྦྱོང་དུ་མུན་སེལ་སྒྲོན་མའི་ཆོ་ག་དང༌། ལྷ་མོ་སུམ་བརྒྱའི་མཚན་ཕྱག་བཅས་གསུངས་ཏེ་དུག་ལྔའི་དབང་གྱུར་གདུལ་དཀའི་སེམས་ཅན་དེ་དག་འཁོར་བའི་གནས་ནས་ཐར་པར་དྲངས་ཏེ་སངས་རྒྱས་ཀྱི་ས་ལ་བཀོད་པར་མཛད་དོ། ། ལྔ་པ་བཙུན་མོ་ཁབ་ཏུ་བཞེས་པའི་ཚུལ་ནི། རྒྱལ་པོའི་གདུང་བརྒྱུད་མི་ཆད་པའི་ཆེད་འབངས་ཀྱིས་གསོལ་བ་བཏབ་པ་བཞིན་དགུང་ལོ་བཅུ་དྲུག་པར་ཧོས་རྒྱལ་དྭངས་པ་ཡིད་རིང་གི་སྲས་མོ་ཧོས་བཟའ་རྒྱལ་མེད་མ་སོགས་བཙུན་མོ་སུམ་བརྒྱ་དྲུག་ཅུ་ཁབ་ཏུ་བཞེས། གཞན་ཡང་དཔོ་རྒྱལ་འབར་བའི་སྒྲོན་མེའི་ཡུལ་དུ་འགྲོ་དོན་མཛད་དེ། སྡིག་ཅན་མི་དགུ་ཕམ་པར་བྱས། དེའི་སྡིག་སྦྱོང་དུ་རྣམ་དཀར་རྒྱ་ཆེར་བསྒྲུབས་པས་དཔོ་རྒྱལ་སྲས་མོ་དཔོ་བཟའ་ཐང་མོ་ཁབ་ཏུ་ཕུལ་བ་བཞེས། དགུངལོ་བཅུ་བདུན་པར་བྲམ་ཟེ་རྒྱལ་པོའི་སྲས་མོ་ཚངས་སྤྱོད་ཚུལ་ལྡན་མ་ཁབ་ཏུ་བསུས། ། དྲུག་པ་སྲས་སྤྲུལ་པའི་མཛད་པ་ནི། གོང་གསལ་བཙུན་མོ་དེ་དག་བཞེས་པ་ལས་ཧོས་བཟའ་རྒྱལ་མེད་མ་ལ་སྲས་གཏོ་བུ་འབུམ་སངས་དང༌། དཔྱད་བུ་ཁྲི་ཤེས། གཤེན་བཟའ་ནེའུ་ཆེན་མ་དང་གསུམ་འཁྲུངས། དཔོ་རྒྱས་སྲས་མོ་དཔོ་བཟའ་ཐང་མོ་ལ་སྲས་ལུང་འདྲེནགསལ་བ་དང༌། རྒྱུད་འདྲེན་སྒྲོན་མ། གཤེན་བཟའ་ནེའུ་ཆུང་དང་གསུམ་འཁྲུངས་སོ། ། བདུན་པ་བདུད་བཏུལ་བའི་མཛད་པ་ནི། དགུང་ལོ་བཅོ་བརྒྱད་པར་གཤེན་རབ་ལ་བདུད་ཀྱིས་ཆོ་འཕྲུལ་སྣ་དགུ་བསྟན་ཏེ་ལྷ་དང་གཅིག སློབ་དཔོན་དང་གཉིས། ཕ་དང་གསུམ། མ་དང་བཞི། སྐྱེས་ཕྲན་དང་ལྔ༌། ན་ཆུང་དང་དྲུག སྤུན་དང་བདུན། བུ་དང་བརྒྱད་བཅས་ཞི་བའི་ཆོ་འཕྲུལ་སྣ་བརྒྱད་ཞི་བའི་ཚུལ་གྱིས་བསྟན་ཀྱང་བསླུ་མ་ཐུབ། སྣ་དགུའི་ཐ་མ་དྲག་པོའི་བདུད་དམག་དུང་ཕྱུར་དྲངས་ཀྱང་གཤེན་རབ་ལ་སྐྱོན་གཅིག་མ་གོས། བདུད་འཁོར་མང་པོ་དད་པ་སྐྱེས་ཏེ་གཤེན་གྱི་འཁོར་དུ་གྱུར། ཡང་བདུད་ཀྱིས་གཤེན་རབ་འཁོར་ལ་ཆོ་འཕྲུལ་བསྟན་ཏེ་བུ་མོ་གཤེན་བཟའ་ནེའུ་ཆུང་བདུད་ཁྱབ་པས་ཁྲིད། དེ་ལ་སྟག་བུ་ཐུང་དང་གཟིག་བུ་ཐུང་གཉིས་སྐྱེས། གཤེན་རབ་སྐུ་འཁོར་བདུད་ཡུལ་བྱོན་ཏེ་གཤེན་བཟའ་ནེའུ་ཆུང་བདུད་ལས་བཀུག ནུ་མ་བཅད་ནས་བུ་གཉིས་བྱིན་ཏེ་སྨོན་ལམ་བཏབ། ནེའུ་ཆུང་མས་འགྱོད་བཤགས་མཆོད་པ་རྣམ་ལྔ་ཕུལ། དེ་རྗེས་སྟོན་པ་སྟེང་ཕྱོགས་ཕྱྭ་ཡུལ་དུ་བྱོན་ཏེ་བོན་འཁོར་བསྐོར། ཕྱྭ་བཟའ་གུང་དྲུག་ཁབ་དུ་བཞེས། དེ་ལ་སྲས་གདུང་འཚོབ་མུ་ཆོ་ལྡེམ་དྲུག་བལྟམས། དེ་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དབང་ལུང་གནང་སྟེ་སྟོན་པའི་རྒྱལ་ཚབ་བསྐོས་ཏེ་བཞག དགུང་ལོ་བཅུ་དགུར་གར་ཆེན་གསས་ཡུལ་བྱོན་ཏེ་ལྷ་རྒྱུད་ཡེ་ཤེས་མཉམ་སྦྱོར་གྱི་བོན་འཁོར་བསྐོར་ཏེ་གསས་བཟའ་ངང་དྲུག་ཁབ་བཞེས། དེ་ལ་འོལ་དྲུག་ཐང་པོ་བལྟམས་སོ། །དགུང་ལོ་ཉི་ཤུ་པར་རྒྱ་ནག་ཏུ་བྱོན་ནས་འབྱུང་རྩིས་གསུངས། རྒྱ་གར་དུ་ཕེབས་ནས་བོན་བསྟན། བལ་ཡུལ་དུ་བྱོན་ནས་མཆོད་རྟེན་འཕགས་པ་ཤིང་ཀུན་བཞེངས། ཨོ་རྒྱན་ཡུལ་དུ་བྱོན་ནས་རྒྱུད་སྡེ་སྐོར་གསུངས། ཟ་ཧོར་ཡུལ་དུ་རྫུ་འཕྲུལ་སྣ་ཚོགས་བསྟན། ཁ་ཆེ་ཡུལ་དུ་ལས་འབྲས་ཀྱི་བོན་བསྟན། གེ་སར་ཡུལ་དུ་དགྲ་སྲི་མནན་པའི་ཆོ་ག་གནང༌། དེ་བཞིན་ཐོ་གར་དང་ཡུ་གུར། འབྲུ་ཤ། ཡས་སྟགས། ཁྱི་ཐན། ལི་ཡུལ། མི་ཉག་སོགས་མདོར་ན་འཛམ་གླིང་ཡུལ་གྲུ་དུ་མར་ཕེབས་ཏེ་ཞི་རྒྱས་དབང་དྲག་བཞིས་འགྲོ་དོན་རྒྱ་ཆེར་མཛད། བོན་གྱི་བསྟན་པ་ཕྱོགས་མཐར་སྤེལ། བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ཏེ་སྟག་གཟིག་འོལ་མོ་ལུང་རིང་དུ་བྲོས་པར་ཡུལ་དེར་བོན་གྱི་བསྟན་པ་འགྲོ་དོན་འཕེལ་བ་དགོངས་ནས་ཡུལ་དེར་ཕེབས་ནས་བོན་གྱི་འཁོར་ལོ་རྒྱ་ཆེར་བསྐོར། བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་མགོ་གངས་དཀར་ཏི་སེའི་རྩེར་བྱོན་ནས་བོད་ཀྱི་ལྷ་འདྲེ་མཐུ་རྩལ་ཅན་ཐམས་ཅད་བྲན་དུ་བཀོལ་ནས་བོན་གྱི་བསྟན་པ་སྲུང་བའི་གནའ་ཆུ་བླུད། ལྷ་གསོལ་དང་འདྲེ་རྡུང་གི་ཆོ་ག སྐོང་མདོས་སོགས་རྒྱ་ཆེར་མཛད། དེ་ནས་ཀོང་པོ་རོང་དུ་གཤེགས། བདུད་ཀྱི་བར་ཆད་ཀུན་ཞི་བར་མཛད། བདུད་རི་བསྒྱེལ་ནས་བོན་གྱི་གནས་སྒོ་ཕྱེས་པ་ད་ལྟའི་བར་དུ་ཀོང་པོ་བོན་རི་ཞེས་གནས་རྩ་ཆེར་རྩི། བོད་དུ་རྒྱུ་འབྲས་བོན་བསྟན་པའི་དུས་ལ་མ་བབ་སྟབས་སླར་འོལ་ལུང་དུ་ཕྱིར་ཕེབས། བདུད་ཁྱབ་པའི་འཕྲུལ་ནས་བོན་གྱི་ཕུག་རྩ་སངས་པོ་ཡིག་འབྲུ་ཁྲི་དང་འབུམ་ཡོད་པ་མེ་ལ་བསྲེགས་པ། ཡིད་ཀྱི་ཁྱེའུ་ཆུང་གིས་ལག་པ་བསྙབས་ཏེ་ཡིག་འབྲུ་ལྔ་ཙམ་ཐོབ་པ་ལ་སྨོན་པས་མཚམས་སྦྱར་བས། འཕྲུལ་ཡིག་སུམ་ཅུ་རྩ་བརྒྱད་འཕེལ་བས་བོན་བསྟན་རྒྱས་པར་མཛད། ། བརྒྱད་པ་བསྟན་པ་རྗེས་བཞག་གི་མཛད་པའི་ཚུལ་ནི། གཤེན་རབ་དགུང་ལོ་ཉེར་གཅིག་པར་གསས་མཁར་སྒྲོན་མ་དགུ་ཐོག་བཞེངས། མཆོད་རྟེན་བརྒྱ་དང་ཉི་ཤུ་བཞེངས། དགུང་ལོ་ཉེར་གཉིས་པར་འོད་ཀྱི་ལྷ་རི་སྤོ་མཐོན་རྩེར་བོན་འབུམ་རྒྱས་འབྲིང་བསྡུས་གསུམ་གསུང༌། དགུང་ལོ་ཉེར་གསུམ་པར། བོན་འབུམ་རྒྱས་འབྲིང་བསྡུས་གསུམ་གླེགས་བམ་དུ་བཀོད་ནས་རབ་གནས་མཛད། ཉེར་བཞི་པར་བྱམས་ཆོག་དང་སངས་རྒྱས་མཚན་མདོ་སོགས་གསུངས། ཉེར་ལྔ་པར་རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་གྲོགས་མཛད་ནས་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་ཞེས་བྱ་བ་བཞེངས་ནས་རབ་གནས་མཛད་པར་བཤད་དེ། རྒྱ་ནག་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ནི་འཇིག་རྟེན་འདིར་བྱུང་ནས་མི་ལོ་ཉིས་སྟོང་ལྔ་བརྒྱ་ཡན་མན་ལས་ཕྱིན་མེད་པ་རྒྱ་ནག་གི་ལོ་རྒྱུས་ཐོག་གསལ་བས་དུས་ཧ་ཅང་མི་མཚུངས་མོད། ཆོས་ལུགས་ལྟ་གྲུབ་དང་འབྲེལ་བའི་ལོ་རྒྱུས་ནང་འདི་དང་འདི་འདྲ་བའི་ལྷ་སྒྲུང་ཉུང་ཉུང་མིན་པས་ཆོས་ལུགས་པའི་ལོ་རྒྱུས་བཤད་པའི་སྐབས་འདི་དང་འདི་རིགས་ལ་སྤོམ་བཤད་བྱས་ནས་མི་བཞག་ཀ་མེད་ཡིན། དགུང་ལོ་ཉེར་དྲུག་པར་ཀུན་རྫོབ་བརྗོད་བྱའི་གཙོ་བོར་བྱས་པའི་ཐེག་པ་རིམ་དགུ་དང༌། རིག་པའི་གནས་ལྔ་བསྡུ་ཞིང་གསུངས། ཉེར་བདུན་པ་ལ་འཁོར་ལོ་བར་བ་སྒོ་བཞི་མཛོད་ལྔའི་བོན་གསུངས། ཉེར་བརྒྱད་པར་འཁོར་ལོ་ཐ་མ་ཕྱི་ནང་གསང་གསུམ་གྱི་བོན་གསུངས། འཁོར་ལོ་གསུམ་གྱིས་བསྡུས་པའི་བོན་གྱི་གླེགས་བམ་བྱེ་བ་ཕྲག་བརྒྱ་བྲིས་པའི་གསུང་རབ་སོགས་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་པོ་གསས་ཁང་དཀར་ནག་བཀྲ་གསལ་ན་བཞུགས་སུ་གསོལ། ཉེར་དགུ་པར་བོན་གྱི་རྟེན་གསུམ་དེ་དག་ལ་རབ་གནས་རྒྱས་པར་མཛད་ནས་རྒྱ་རྗེ་ཀོང་ཙེའི་འགྲོ་དོན་མཐར་ཕྱིན་པས། ཀོང་ཙེའི་སྲས་མོ་འཕྲུལ་སྒྱུ་མ་བཙུན་མོར་ཕུལ། སུམ་ཅུ་པར་འཕྲུལ་སྒྱུ་མ་ལ་སྲས་ཀོང་ཚ་འཕྲུལ་བུ་ཆུང་འཁྲུངས། དེ་ལ་གཙུག་ལག་རྩིས་ཀྱི་རྒྱུད་རྣམས་བསྟན། དགུ་པ་ཁྱིམ་སྤངས་ཏེ་རབ་ཏུ་བྱུང་བའི་མཛད་པ་ནི། དགུང་ལོ་སོ་གཅིག་པར་འཁོར་བ་ལ་ངེས་པར་འབྱུང་སྟེ་བཙུན་མོའི་ཚོགས་ཀྱིས་བཀག་ཀྱང་མ་ཉན་པར་མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རབ་ཏུ་བྱུང༌། ཕྱི་ཡི་རྒྱན་དང་ན་བཟའ་དབུ་སྐྲ་ལ་སོགས་བཞར་ནས་ཕྱོགས་བཅུར་གཏོར་ཏེ་སྦྱིན་པར་བཏང༌། དེ་ནས་སྐུ་ལ་ན་བཟའ་པད་ལོ་རིགས་དྲུག་གསོལ་ཏེ་པད་ཞུ་སུལ་བུ་རྩ་ལྔ་དང༌། རྨད་གོས་གླིང་སྣམ་རྩ་ལྔ། རྨད་འོག་གླིང་སྣམ་བདུན་པ། སྨད་ཤམ་སུལ་བུ་རྩ་ལྔ། སྟོད་གོས་སུལ་བུ་རྩ་ལྔ། པད་ལྷམ་པད་རྩེགས་གཉིས་སྦྱོར་དང་དྲུག་སྐུ་ལ་གསོལ། ཕྱག་ཏུ་ཧོས་རུ་སིལ་བ་སྒྲ་སྙན་དང༌། སྤུ་གྲི་ངར་ལྡན་རྣོན་པོ། ཚེམ་ཁབ་དབལ་མོ་སོ་ལེབ། ཁྲུས་བུམ་གཙང་མའི་པད་གདན། གཞི་སྐུར་བཅུད་ལྡན་པད་གྱེས། དཔེ་ཆ་པད་ཁུག་སྔོན་པོ། རིན་ཆེན་རྫས་ཀྱི་ཕྲེང་བ། གདིང་བ་གཡུ་མདངས་སྔོན་པོ་བཅས་རབ་བྱུང་གི་ཆས་རྣམས་འབྲལ་མེད་དུ་མཛད། དེ་ནས་འཁོར་དང་རྒྱལ་སྲིད་ལོངས་སྤྱོད་ཀུན་དོར་ནས་མེ་ཏོག་གླིང་ལ་དཀའ་ཐུབ་གཤེགས་པ་ལ། གཤེན་བུ་ཀོང་ཚ་ལ་སོགས་མ་དད་པའི་འཁོར་རྣམས་ཀྱིས་དད་པའི་འཁོར་རྣམས་ཁྱིམ་སྤང་བྱ་དབང་མེད་པར་ནན་གྱིས་མནན་ནས་ཁྲིམས་འོག་ཏུ་བཅུག བཙུན་མ་ོདཔོ་བཟའ་དང་ཀོང་བཟའ་ལ་སོགས་སྟོན་པ་ལ་འདི་ལྟར་མི་མཛད་པ་ཞུས་ཀྱང༌། སྟོན་པས་དུག་འདམ་ཁྱིམ་ལ་མི་ཆགས་སྤོངས། །ཡུན་གྱི་བདེ་བ་འདོད་ན་འཕྲལ་གྱི་སྐྱིད་ཁེ་སྤོངས། །ཁྱིམ་པ་རྣམས་ནི་དུག་གི་མཚོ་སྐྱིལ་ཡིན། །རབ་ཏུ་བྱུང་བ་སྨན་གྱི་རྒྱུན་སྦྲེང་ཡིན། ཞེས་གསུངས་ནས་ཡུལ་མཁར་ཡོ་བྱད་བཙུན་མོ་སྲས་དང་སློབ་འབངས་ཐམས་ཅད་སྤངས་ནས་གཅིག་པུར་པད་ཤུན་གདིང་བ་གཏིང་ནས་བཀད་སའི་ཐང་ལ་གཟིམས། དེ་ནས་ཉིན་མཚན་དུས་དྲུག་དགེ་སྦྱོར་ཆུ་བོའི་རྒྱུན་བཞིན་བརྩོན། གསོལ་ཟས་སྤང་བླང་མཛད་ནས་དཀར་ཟས་རྣམ་གསུམ་བླངས་ནས་ཤ་ཆང་སྒོག་བཙོང་ལ་སོགས་གཏན་དུ་མ་གནང་ངོ༌། །དགུང་ལོ་སོ་གཉིས་ལ་འདུལ་བ་ཁྲིམས་ཆེན་བཞེས་ཆེད་མི་ལ་གཤོག་སྐྱེས་མཁའ་ལྡིང་ཤང་ཤང་དུ་སྤྲུལ་ནས་མཁའ་ལ་འཕུར་ཏེ་འོག་མིན་ཞིང་དུ་དྲང་སྲོང་ལེགས་ལྡན་རྒྱལ་བའི་མདུན་ནས་དྲང་སྲོང་ཁྲིམས་རྣམས་རྫོགས་པར་ལེན་པའི་ཚུལ་མཛད་ནས་སླར་སུམ་ཅུ་རྩ་གསུམ་དུ་ཕེབས་ཏེ་ངང་པའི་རྒྱལ་པོ་ཆུ་འབྱེད་དང་ཐབས་གཅིག་ཏུ་བཞུགས་པས་ཆུ་དང་འོ་མ་འབྱེད་པའི་ཐིགས་རེ་དང་འབྲས་ས་ལེ་ཉག་མ་རེ་གསོལ་ནས་བྱ་ཡི་དཀའ་ཐུབ་ལོ་གཅིག་མཛད་ནས་རྩ་གསུམ་ལྷ་ལ་བོན་གྱི་འཁོར་ལོ་བསྐོར། དགུང་ལོ་སོ་གསུམ་ལ་རྒྱལ་ཆེན་རིགས་བཞིའི་གནས་སུ་སྤྲེའུའི་རྒྱལ་པོ་ཧ་ནུ་མ་འདའ་དང་ལྷན་དུ་ཤིང་ཐོག་འབྲུ་རེ་དང་ཤིང་ལོའི་ཆར་པ། ཁ་བ་ཆགས་པའི་ཆུ་ཐིགས་པ་རེ་གསོལ་ནས་སྤྲེའུའི་དཀའ་ཐུབ་ལོ་གཅིག་མཛད། །དགུང་ལོ་སོ་བཞི་ནས་ལོ་བདུན་པར་ལོ་གསུམ་དཀའ་ཐུབ་སྤྱོད་པས་ལུས་ཀྱི་བཀྲག་མདངས་ཉམས། བདུད་ཁྱབ་པ་ལག་རིང་སོགས་མ་དད་པའི་སྐྱེ་བོ་དེ་དག་ཀྱང་དད་ནས་གུས་པ་ལྷུར་བླངས། འཁོར་རྣམས་ལ་བསྙེན་གནས་དང༌། དགེ་བསྙེན། གཙང་གཙུག དྲང་སྲོང་བཅས་ཀྱི་བསླབ་སྡོམ་གནང༌། དེ་ནས་དགུང་ལོ་ཞེ་ལྔ་བར་འདུལ་བའི་སྡེ་སྣོད་རྣམས་ཡོངས་སུ་གྲུབ་པར་མཛད། བཅུ་པ་འཁོར་སྤངས་པའི་མཛད་པ་ནི། དགུང་ལོ་ཞེ་དྲུག་ནས་དྲུག་ཅུ་བར་གཡུང་དྲུང་དགུ་བརྩེགས་ནགས་ཚལ་དབེན་པར་གཅིག་པུར་བཞུགས། རྒྱུད་སྡེ་བཅུ་གཉིས་དང༌། ལྟ་བ་སྤྱི་གཅོད་སྡེ་དྲུག མན་ངག་ཅོག་བཞག་ལུང་དྲུག བྱང་སེམས་ག་བ་དགུ་སྐོར། མང་ངག་ལུང་གནོན་སྐོར་བཞི། ཡེ་ཁྲི་མཐའ་སེལ། མུ་མེད་བདལ་པ། ཉམས་ཁྲིད་དཀར་པོ། བསྒྲགས་པ་སྐོར་གསུམ། སེང་གེ་སྒྲ་སྒྲོགས་སོགས་གཏན་ལ་ཕབ། བཅུ་གཅིག་པ་མཐར་ཕྱིན་དགེ་ལྡན་གྱི་མཛད་པ་ནི། དགུང་ལོ་རེ་གཅིག་ནས་དོན་ལྔ་བར་(༦༡)སྟོན་པས་འཁོར་སྡེ་གྲངས་མེད་ལ་ལྟ་བ་མཐོ་ནས་ཡས་ཕུབ། སྤྱོད་པ་མས་ནས་ཡར་ལ་འཛེགས་པར་བསྟན་ཞིང༌། གཞི་སྙིང་རྗེ་ཆེན་པོ་ལེན་ཞིང་ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ནས་ཐེག་པ་གོང་སྤར་འཇུག་པའི་རིམ་པ་བསྟན། བླ་མེད་ཐེག་ཆེན་དོན་བསྒོམ་སྤང་གྲུབ་མཐར་ཕྱིན་སེམས་ཉིད་ཀློང་དུ་བདེ། དེ་ནས་བསྐལ་སྲིད་འབྱུང་བའི་ཆགས་གནས་བྱུང་ཚུལ་དང༌། མ་འོངས་བསྟན་པ་བོན་གྱི་གནས་ཚུལ་མཚན་དཔེ་ཡོན་ཏན་རྟགས་ཀྱི་བྱུང་ཚུལ་དང་སྦྱངས་ཐོབ་མཐར་ཕྱིན་བོན་རྣམས་བྱུང་ཚུལ་བསྟན་ཞིང་དེ་ལྟར་མཐར་ཕྱིན་དགའ་པ་དགེ་ལྡན་མཛད་པ་མཛད་དོ། །དེ་ནསདགུང་ལོ་དོན་དྲུག་ནས་བརྒྱད་ཅུ་བར་བསྐལ་བཟང་སངས་རྒྱས་ཀྱི་མདོ་སྡེ་དང་འདས་མ་འོངས་བྱུང་ཚུལ་དང་བྱང་ཆུབ་ལུང་བསྟན། སྐྱེས་རབས་ཕྲེང་བ་ཞིབ་གསལ་དང་མ་འོངས་འགྲོ་བ་འདུལ་ལུགས། ཁྱབ་བདལ་ནམ་མཁའ་ལྟ་བུའི་རྩོད་སྤངས་དང་སྐྱེ་འཆི་མེད་པ་ཚེ་ཡི་ངོ་སྤྲོད་བཅས་ཕྱི་འཁོར་ནང་འཁོར་བར་འཁོར་སྐུ་མཁོར་རྣམས་ལ་གསུངས་ཏེ་གཉེར་གཏད་མཛད་པའོ། ། བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། གཤེན་རབ་དགུང་ལོ་གྱ་གཅིག་པ་བླ་མེད་བྱང་ཆུབ་ཏུ་སྨོན་ལམ་གྱིས་རྒྱས་བཏབ། གྱ་གཉིས་པར་གདུལ་བྱ་རྟག་འཛིན་ཅན་རྣམས་བོན་ལ་བསྐུལ་བའི་ཕྱིར་དགོངས་པ་བོན་གྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད་པར་ཡིད་ཀྱི་ཁྱེའུ་ཆུང་སོགས་ཀྱིས་མྱ་ངན་ལས་མི་འདའ་བའི་གསོལ་བ་བཏབ་ཀྱང་། འདའ་ཁའི་ཞལ་ཆེམས་སུ། ང་ཡང་མྱ་ངན་འདས་མ་ཡིན། །བོན་ཀྱང་ནུབ་པར་མི་འགྱུར་ཏེ། །རྟག་ཏུ་རེ་བ་སུན་ཕྱུངས་ཕྱིར། ལན་གཅིག་མྱ་ངན་འདའ་ཚུལ་བསྟན། །ཞེས་གསུངས་ནས་དགུན་ཟླ་ར་བའི་གནམ་སྟོང་ལ། ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སྐུ་གདུང་གསེར་གྱི་སྒྲོམ་བུར་བཅུག་སྟེ་ཞུགས་འབུལ་ཞུས། གདུང་རྟགས་འཕེལ་གདུང་ལྷ་ཀླུ་མི་གསུམ་གྱིས་བགོས་ཏེ་སོ་སོའི་མཆོད་པའི་རྟེན་དུ་དྲངས་པར་གསུངས།

༤ བོན་གྱི་ཐེག་པ་རིམ་དགུ། དེ་ལྟར་གཤེན་རབ་མི་བོ་ཆེའི་མཛད་པ་བཅུ་གཉིས་ཇི་ལྟར་བསྟན་པའི་ཚུལ་བཤད་ཟིན་ནས། ད་ནི་དེའི་བསྟན་པ་ཇི་ལྟར་བྱུང་བར་བཤད་པར་བྱ་སྟེ། དེ་ཡང་རྟོགས་པའི་བསྟན་པའི་དབང་དུ་བྱས་ན་སྤངས་རྟོགས་ཅི་རིགས་ཀྱིས་བསྡུས་པའི་ས་ལམ་གྱི་རྣམ་གཞག་དང་། སྒྲིབ་གཉིས་ཅི་རིགས་དང་བྲལ་བའི་དབྱིངས་ཏེ་རྟོགས་བོན་གྱི་རྣམ་གཞག་ཤིན་ཏུའང་འགངས་ཆེ། དེ་དག་བསྟན་པའི་ལུང་བོན་གྱི་དབང་དུ་བྱས་ན། བསྟན་པས་ཐེག་པ་རིམ་དགུ་གསུངས་པར་བཤད་དེ། དེ་ཡང་དབུས་གཏེར། ལྷོ་གཏེར། བྱང་གཏེར་ཏེ་གཏེར་གནས་མི་འདྲ་བ་གསུམ་བྱུང་བ་ལས་ཐེག་དགུའི་རྣམ་གཞག་བཤད་ཚུལ་ཡང་གསུམ་དུ་བྱུང་སྟེ། དང་པོ་ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ནི་ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན། དགེ་བསྙེན་དྲང་སྲོང་། ཨ་དཀར། ཡེ་གཤེན། བླ་མེད་དེ་དགུའོ། ། གཉིས་པ་བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ནི། སྣང་ལྡན། རང་ལྡན། བཞེད་ལྡན། ཐོ་ཐོ། སྤྱི་ཐོ། ཡ་ཐོ། ལྷ་རྩེ། སྣང་རྩེ། ཡང་རྩེ་བཅས་སོ། ། གསུམ་པ་དབུས་གཏེར་གྱི་ཐེག་པ་རིམ་དགུ་ནི། ལྷ་མིན་གཞན་བརྟེན་གྱི་ཐེག་པ། རབ་རྟོགས་གཤེན་རབ། ཐུགས་རྗེ་སེམས་དཔའ། གཡུང་དྲུང་སེམས་པའི་ཐེག་པ། བྱ་བ་གཙང་སྤྱོད་ཡེ་བོན་གྱི་ཐེག་པ། རྣམ་པ་ཀུན་ལྡན་མངོན་ཤེས་ཀྱི་ཐེག་པ། དངོས་བསྐྱེད་ཐུགས་རྗེ་རོལ་བའི་ཐེག་པ། ཤིན་ཏུ་དོན་ལྡན་ཀུན་རྫོགས་ཀྱི་ཐེག་པ། ཡེ་ནས་རྫོགས་ཆེ་ཡང་རྩེ་བླ་ན་མེད་པའི་ཐེག་པ་སྟེ་དགུའོ། ། དེ་དག་གི་རྣམ་གཞག་རེ་རེ་ལའང་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བའི་གཞུང་ལུགས་དུ་མར་སྣང་ཞིང་ཞིབ་ཏུ་མཁྱེན་པར་འདོད་ན་བོན་གཞུང་རྣམས་སུ་གཟིགས་པར་མཛད་དགོས། མདོར་ན་བོན་གྱི་སྟོན་པས། བཟོ་རིག་འབུམ་སྡེ་གསུམ། སྒྲ་རིག་འབུམ་སྡེ་གསུམ། ཚད་མ་རིག་པའི་མཚན་ཉིད་སྡེ་བདུན། གསོ་རིག་འབུམ་སྡེ་གསུམ། ནང་རིག་འབུམ་སྡེ་གསུམ་བཅས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟར་ཟབ་ཅིང་ཡངས་པ་དུ་མ་གཏན་ལ་ཕབ། བོན་གྱི་མཛད་པ་བཅུ་གཉིས་བསྟན། ཐེག་པ་རིམ་དགུ་གསུངས། གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེས། ཤི་བོ་རྣམས་ཀྱི་དུར་སྒོ་བཅད། སྐལ་བ་མཉམ་པའི་གདུལ་བྱ་རྣམས་གཡུང་དྲུང་བོན་གྱི་ལམ་ལ་བཀོད། མ་འོངས་བོན་བསྟན་བོད་དུ་དར་བའི་ཆེད་ཀོང་ཡུལ་དུ་ཕེབས་ཏེ་གཡུང་དྲུང་བོན། བོན་སྒོ་བཞི་མཛོད་ལྔ་སོགས་གསུངས། བོན་གྱི་རིང་ལུགས་འཛིན་པའི་སློབ་ཚོགས་ནམ་མཁའི་སྐར་ཚོགས་ལྟར་འདུལ་བར་མཛད་པའི་ནང་ནས་གདུང་འཚོབ་མུ་ཚོ་ལྡེམ་དྲུག ཏ་ཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། འགུ་ཧུ་ལི་སྤར་ཡ། རྒྱ་གར་གྱི་མཁས་པོ་ལྷ་བདག་སྔགས་དྲོ། རྒྱ་ནག་གི་མཁས་པ་ལགས་ཏང་རྨངས་པོ། ཁྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས། བོད་ཀྱི་མཁས་པ་ལྡེམ་བོན་གྱིམ་ཚ་རྨ་ཆུང་། མི་ཉག་གི་མཁས་པ་ལྕེ་ཚ་ཁར་གུ། སུམ་བའི་མཁས་པ་མུ་སྤུངས་གསལ་ཏང༌། ཞང་ཞུང་གི་མཁས་པ་ཤ་རི་དབུ་ཆེན་སོགས་ཀྱིས་རིམ་པར་བཞིན་གཡུང་དྲུང་བོན་གྱི་རིང་ལུགས་འདི་ཉིད་དར་བར་བཤད། ཕྱོགས་མཐའི་རྒྱལ་ཁམས་རྣམས་སུ་དར་ཞིང་རྒྱས་པར་མཛད་པས། དུས་ད་ལྟའི་བར་དུ་བོད་དང་། རྒྱ་ནག སོག་པོ། འཇའ་པན་སོགས་སུ་དར་བར་མ་ཟད། ཆེས་ཡ་མཚན་དགོས་པ་ཞིག་ལ་ནུབ་ཕྱོགས་ཨ་རིའི་ཡུལ་གྱི་མི་རིགས་དམར་པོ་ཚོའི་ཁྲོད་དུའང་བོན་གྱི་ཆོས་ལུགས་དང་ཆོ་ག་འདི་ཉིད་གནའ་ནས་རྒྱུན་འཇགས་སུ་དར་བར་སྣང་ཞིང་། མཁས་པ་ལ་ལའི་འགྲེལ་བཤད་ལྟར་ན་མི་རིགས་འདི་ཉིད་མི་ལོ་སྟོང་ཕྲག་དུ་མའི་སྔོན་དུ་བོད་ནས་ཆད་པ་ཡིན་ཏེ། སའི་གོ་ལའི་གས་སྲུབ་ཀྱི་བར་རྒྱང་ཇེ་རིང་སོང་ནས་ཤར་ནུབ་ཀྱིས་བསྐལ་བ་འདི་ལྟར་གྱུར་བར་བཤད་དེ་བདེན་པ་ཡིན་སྲིད་སྙམ། དེར་མ་ཟད་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་ལུགས་ཡོངས་ཀྱི་མ་ཕྱི་ཡིི་གེའི་སྲོལ་ཡང་ཐོག་མ་གཤེན་རབ་ཀྱིས་བཏོད་པར་བཤད་དེ། མདོ་གཟེར་མིག་ལས་སྟོན་པ་གཤེན་རབ་མི་བོ་ཡིས། །དཔའ་བོ་འབྲུ་ལྔའི་ས་བོན་ལས། །ཡིག་འབྲུ་སུམ་ཅུ་རྩ་བརྒྱད་སྤེལ། །རིན་ཆེན་སྣ་ལྔའི་གླེགས་བམ་ལ། །སྒོ་བཞི་མཛོད་ལྔའི་བོན་སྡེ་བྲིས། །ཞེས་དང༌། ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་པ་དབུབ། །འགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད། །ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེང་ན་རོ་ཞབས་འཁྱུད་ཡ་ར་ལྟ། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། །ཞེས་གསལ་བས་སོ། ། གཤེན་གྱི་བསྟན་པ་འདི་ཉིད་ལ་སྔ་དར། བར་དར། ཕྱི་དར་གསུམ་དུ་ཕྱེས་པའི། སྔར་དར་ནི། བོན་གྱི་མདོ་སྔགསགཉིས་ལས་མདོ་ཕྱོགས་རྣམས་བོད་རྒྱལ་དིང་ཁྲི་བཙན་པོ་ཡན་ཆད་དང༌། བར་དར་ནི། མུ་ཟི་གསལ་བཟང་འགོག་པ་ལ་བཞུགས་པའི་བར་ཡན་ཆད། ཕྱི་དར་ནི། སོག་སྟོན་ཁྲི་འབར་ཚུལ་ཁྲིམས་ནས་མགོ་ཚུགས་པར་བཤད། སྔགས་བསྟན་ཀྱི་སྔ་དར་ནི། གཉའ་ཁྲི་ནས་གྲི་གུམ་བཙན་པོའི་བར་དང༌། བར་དར་ནི། སྤུ་ལྡེ་གུང་རྒྱལ་ནས་ཁྲི་སྲོང་བར། ཕྱི་དར་ནི། གཏེར་སྟོན་གཤེན་གྱེར་རྨ་དབྱིལ་ནས་དར་བའི་མགོ་ཚུགས་པར་བཤད། བོན་གྱི་སྟོན་པ་ཚོའི་འཕྲིན་ལས་དང་སྤོབས་པ་དང་། བོད་རྒྱལ་རིམ་བྱོན་གྱི་དོགས་འདྲོགས་གཉིས་ཀྱི་བར་ནས་བོན་གྱི་བསྟན་པ་ལ་འཕེལ་བྲི་ཆུ་བོའི་གཉེར་མ་ལྟར་བྱུང་ནའང་གཉའ་ཁྲི་ནས་སྲོང་བཙན་བར་རྒྱལ་ཐོག་རེ་རེ་བཞིན་ཞང་ཞུང་ནས་བོན་གྱི་དབུ་བླ་རེ་གདན་དྲངས་ནས་ལྷ་མཆོད་འདྲེ་རྡུང་གི་གཏོ་བཅོས་སོགས་སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་སྐྱོང་བར་མཛད་སྣང་སྟེ། དེ་ཡང་གཉའ་ཁྲི་ནས་སྤུར་རྒྱལ་སོ་གཉིས་པའི་བར་རྒྱལ་ཐོག་རེས་བོན་གྱི་དབུ་བླ་རེ་བསྟེན་པར་མཛད་པའི་མཚན་གཞུང་རིམ་པ་བཞིན་འགོད་ན།དང་པོ། བོད་རྒྱལ་གཉའ་ཁྲི་བཙན་པོ།--སྐུ་བོན་མཚེ་མི་གཡུ་རྒྱལ་དང་ཅོའུ་ཕྱག་གར།གཉིས་པ། མུ་ཁྲི་བཙན་པོ། ---------------- སྐུ་བོན་ཅོའུ་ལན་ཚ། གསུམ་པ། དིང་ཁྲི་བཙན་པོ། --------------- སྐུ་བོན་ཅོའུ་སྨིན་དཀར། བཞི་པ། སོ་ཁྲི་བཙན་པོ། ----------------- སྐུ་བོན་ཅོའུ་འོད་དཀར། ལྔ་པ། མེར་ཁྲི་བཙན་པོ། ----------------- སྐུ་བོན་ཅོའུ་ཤངས་དཀར།དྲུག་པ། གདགས་ཁྲི་བཙན་པོ། ------------- སྐུ་བོན་ཅོའུ་ན་མི་ཆེན། བདུན་པ། སྲིབ་ཁྲི་བཙན་པོ། --------------- སྐུ་བོན་ཅོའུ་ཞལ་དཀར། བརྒྱད་པ། གྲི་གུམ་བཙན་པོ། ---------------སྐུ་བོན་ཅོའུ་ཚེམས་དཀར།དགུ་པ། སྤུ་དེ་གུང་རྒྱལ། -----------------སྐུ་བོན་ཅོའུགཉའ་བཞེད།བཅུ་པ། ཨེ་ཤོ་ལེགས། ------------------ སྐུ་བོན་ཅོ་ཉག་ཞེར། བཅུ་གཅིག་པ། དེ་ཤོ་ལེགས། -------------- སྐུ་བོན་མི་མོ་ཆུང༌། བཅུ་གཉིས་པ། ཐི་ཤོ་ལེགས། -------------- སྐུ་བོན་དབོན་སྲས་ཕུ་ལུ་གྲུ་འཛིན།བཅུ་གསུམ་པ། ཨེ་ཤོ་ལེགས་སམ་གུ་རུ་ལེགས། --- སྐུ་བོན་ཅོ་ཕན་གྲགས། བཅུ་བཞི་པ། འབྲོང་ཞི་ལེགས། ------------- སྐུ་བོན་ཅོ་སྙན་རིང༌། བཅོ་ལྔ་པ། ཨེ་ཤོ་ལེགས། ----------------- སྐུ་བོན་ཨ་ལ་དུག་ཅུག བཅུ་དྲུག་པ། ཟྭ་ནམ་ཟིན་ལྡེ། ----------སྐུ་བོན་ཞང་ཞུང་གཡུང་དྲུང་རྒྱལ་པོ། བཅུ་བདུན་པ། ལྡེ་འཕྲུལ་ནམ་གཞུང་བཙན།--- སྐུ་བོན་ཞང་ཞུང་མཚོ་མི་ཀུན་སྣང༌།བཅོ་བརྒྱད་པ། སེ་སྣོལ་ནམ་ལྡེ། ------------ སྐུ་བོན་ཞང་ཞུང་དར་མ་ཧ་རི།བཅུ་དགུ་པ། སེ་སྣོལ་པོ་ལྡེ། ------------- སྐུ་བོན་ཞང་ཞུང་ཨ་སོ་གཙུག་ཕུད། ཉི་ཤུ་པ། ལྡེ་སྣོལ་ནམ། ----------------- སྐུ་བོན་ཞང་ཞུང་ཨ་ལ་ནན་ཅིགཉེར་གཅིག་པ། ལྡེ་སྣོལ་པོ། --------------- སྐུ་བོན་ཞང་ཞུང་དར་མ་ཧ་རིང༌། ཉེར་གཉིས་པ། ལྡེ་རྒྱལ་པོ། ---------------- སྐུ་བོན་ཞང་ཞུང་ད་ས་ཧ་རི། ཉེར་གསུམ་པ། ལྡེ་སྤྲིན་བཙན། -------------- སྐུ་བོན་ཞང་ཞུང་མུ་ལ་མ་ཧོ།ཉེར་བཞི་པ། རྒྱལ་ཏོ་རེ་ལོང་བཙན། ---------- སྐུ་བོན་ཞང་ཞུང་ཏ་ར་ལ་ཧ་རི། ཉེར་ལྔ་པ། ཁྲི་བཙན་ནམ། ----------------- སྐུ་བོན་ཞང་ཞུང་མུ་ཧ་ལ་རྒྱལ།ཉེར་དྲུག་པ། ཁྲི་སྒྲ་དཔུང་བཙན། ------------- སྐུ་བོན་ཞང་ཞུང་མུ་ཧ་ལ་རྒྱལ།ཉེར་བདུན་པ། ཁྲི་ཐོག་རྗེ་བཙན། ------------ སྐུ་བོན་ཞང་ཞུང་མུ་ཧ་ལ་རྒྱལ།ཉེར་བརྒྱད་པ། ལྷ་ཐོ་ཐོ་རི་གཉན་བཙན། ----- སྐུ་བོན་འབྲིའི་བོན་པོ་ཤོད་དྲི་གསུམ། ཉེར་དགུ་པ། ཁྲི་གཉན་གཟུངས་བཙན། --------- སྐུ་བོན་ཞང་ཞུང་ཚ་ལ་རྒྱུང༌།སུམ་ཅུ་པ། འབྲོང་གཉན་ལྡེའུ་བཙན། -------- སྐུ་བོན་ཁུའི་བོན་པོ་མང་རྗེ་ལོད་པ། སོ་གཅིག་པ། སྟག་རི་གཉན་གཟིགས། ---------- སྐུ་བོན་ར་སངས་ཁྲི་ནེ་ཁོད། སོ་གཉིས་པ། གནམ་རི་སྲོང་བཙན།-- སྐུ་བོན་ཅོའུ་བོན་པོ་ཁྲི་ཁྱུང་གྲགས་པ་བཅས་ཡིན། ཆོས་འབྱུང་འགའ་ཞིག་ཏུ་། བོན་གྱི་གྲུབ་མཐའ་འདི་ཉིད་ལ་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན། ཞེས་གསུམ་དུ་ཕྱེས་སྣང་ཞིང་། དེ་དག་རིམ་པ་བཞིན་བོད་དུ་དར་ཚུལ་ནི། མེས་དབོན་གཉའ་ཁྲི་བཙན་པོས་ཡར་ཀླུང་གི་རྒྱལ་སྲིད་བཟུང་ནས་ལོ་བཅུའི་རྗེས་བོན་གྱི་གྲུབ་མཐའ་བོད་དུ་དར་བ་ཡིན་ཏེ། དེ་ཡང་བོན་གྱི་དབྱེ་བ་གསུམ་ལས་བརྡོལ་བོན་ཞེས་པ་འདི་ཉིད་ཡིན་ཞིང་། བཙན་པོ་འདིའི་རིང་མི་ལོ་བཅུ་གསུམ་ལོན་པའི་བྱིས་པ་ཞིག་འདྲེ་ཡིས་ཁྲིད་དེ་བོད་ཡུལ་སྟོད་སྨད་ཀུན་ཏུ་འཁྱམས། མི་ལོ་ཉེར་དྲུག་ཐོག་གཞི་ནས་འདྲེས་བཏང་སྟེ་མི་གྲས་སུ་ཚུད། དེས་བོད་ཡུལ་སྟོད་སྨད་བར་གསུམ་དུ་ལྷ། འདྲེ། ཐེ་རང་སོགས་འདི་དང་འདི་ཡོད་ཅིང་། དེ་དང་དེ་ལ་འདི་དང་འདི་འདྲ་བྱས་ན་ཕན་གནོད་འདི་དང་འདི་འགྱུར་ཞེས་བཤད་པ་ལྟར། ཞང་ཞུང་ནས་གཤེན་རབ་བོན་གྱི་བླ་མ་ཞིག་གདན་དྲངས་ཏེ། གཏོར་བཅོས་དང། ཀླུ་འདུལ། གསོལ་མཆོད་སོགས་ཀྱི་ཆོ་ག་བྱས། དེ་ནས་བཟུང་བོད་དུ་བོན་གྱི་བསྟན་པ་རིམ་གྱིས་དར་ཏེ་རྒྱལ་ཐོག་སོ་གསུམ་པ་གནམ་རུ་སྲོང་བཙན་བར་དུ་ཞང་ཞུང་ནས་བཙན་པོ་རིམ་བྱོན་གྱིས་ཞང་ཞུང་ནས་བོན་སྟོན་རེ་གདན་དྲངས་པའི་ལམ་ལུགས་རྒྱུན་འཇགས་སུ་གྱུར། བོན་སྟོན་དེ་དག་གི་མཚན་བྱང་རྣམས་བཙན་པོ་རིམ་བྱུང་གི་ལོ་རྒྱུས་ན་རེ་རེ་བཞིན་གསལ་བར་སྣང་། འཁྱར་བོན་ནི། བཙན་པོ་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་སུ་བཙན་པོའི་གྲི་བཤིད་དུ་གདན་དྲངས་པའི་བོན་པོ་དགའ་ཞིག་གིས་སེང་གེ་ལ་འཁྱུད་པ་དང་། མེ་ལྷ་བསྒྲུབས་ནས་ཁ་ནས་མེ་གཏོང་བ། རྔ་ལ་ཞོན་ནས་ནམ་མཁར་འགྲོ་བ། གཏར་བ་ལེན་པ། བྱ་སྒྲོས་ལྕགས་གཅོད་པ། ཇུ་ཐིག གིས་ལྷ་བཀའ། སོག་དམར་བཅས་ལ་བརྟེན་ནས་མ་འོངས་བཟང་ངན་ཇི་ཡོང་གསལ་ལེར་འཆར་བ། གཤིན་པོ་འདུལ་བ། གྲི་འདུལ་བ་ལ་སོགས་པའི་བཤིད་ཀྱི་བྱེ་བྲག་རྣམས་ཤེས་པ་བྱུང་། འདི་ནས་བོན་གྱི་ལྟ་སྤྱོད་ཆ་ལག་ཆ་ཚང་ཞང་ཞུང་ནས་བོད་དུ་དར་བ་སྙམ་ལ། དུས་ཕྱིས་རང་རེའི་ཆོས་འབྱུང་འབྲི་མཁན་རྣམས་ཀྱིས་འདི་ཉིད་མུ་སྟེགས་དབང་ཕྱུག་གི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་ཞེས་ངན་སྨྲས་བྱེད་ནའང་དོན་དུ་གཤེན་རབ་བོན་གྱི་ལྟ་གྲུབ་ལ་བརྟེན་ནས་ལྷ་མཆོད་འདྲེ་རྡུང་སོགས་བཙན་པོ་རིམ་བྱུང་གི་རྒྱལ་སྲིད་ལ་ཕན་པའི་མཐུ་དང་རྫུ་འཕྲུལ་ཡ་མཚན་པ་དུ་མ་ཞིག་བྱུང་ཡོད་པ་ལོ་རྒྱུས་འདིས་བདེན་དཔང་བྱེད་ནུས་སོ། སྐབས་དེར་བོན་གྱི་མཐུ་དང་རྫུ་འཕྲུལ་ནུས་པ་སོགས་ཀྱི་མཛད་པ་ལ་བརྟེན་ནས་འཕྲིན་ལས་ཤིན་ཏུ་རྒྱས་ཏེ་བཙན་པོའི་རྒྱལ་སྲིད་ཀྱི་ཁྲི་བོན་ལ་ཤོར་བའི་དོགས་པ་བྱེད་དགོས་པ་བྱུང་། རེ་ཞིག་བོན་གྱི་སྟོན་པ་རྣམས་ཡུལ་གཞན་དུ་སྐྲོད་དགོས་པའང་བྱུང་སྣང་སྟེ་ལོ་རྒྱུས་ཀྱི་འཕྲོས་གླེང་ཙམ་མོ།། བསྒྱུར་བོན་ནི། རིམ་པ་བཞིན་པཎྜི་ཏ་ཤམ་ཐབས་སྔོན་པོ་ཅན་གྱི་ཆོས་ལོག་གཏེར་དུ་སྦས་པ་རྣམས་བོན་དང་འདྲེས་པ་དང་། ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བོན་བསྣུབས་པའི་སྐབས། བོན་གྱི་སྟོན་པ་འགའ་ཞིག་གིས་བན་ཆོས་མང་པོ་བོན་ལ་བསྒྱུར་ནས་གཏེར་དུ་སྦས་པ་དང་། ལྷ་སྲས་དར་མའི་སྐབས་བསྟན་པ་འཕེལ་གྲིབ་བྱུང་དུས་གཤེན་རྒུ་ཀླུ་དགའ་བྱ་བ་སོགས་ཀྱིས་བན་ཆོས་མང་པོ་བོན་དུ་བསྒྱུར་ནས་གཏེར་དུ་སྦས། ཕྱིས་དེ་རྣམས་ཕྱིར་བཏོན་པ་དེ་ལས་བྱུང་བའི་བོན་ལ་བསྒྱུར་བོན་ཟེར་བ་བཤད་ཅིང་། བཤད་ཚུལ་འདི་དག་ནི་བོན་བསྟན་ལ་ཁུངས་དང་ལུང་ཚད་ལྡན་མེད་པའི་ལྟ་ཚུལ་ཞིག་འབུར་དུ་བཏོན་པ་ཡིན་མོད། དོན་དུ་གཤེན་རབ་བོན་གྱི་རིང་ལུགས་འདི་ཉིད་རྣམ་པར་དག་མིན་ཇི་ལྟར་ཡང་། བན་ཆོས་བོན་དུ་བསྒྱུར་བ་སོགས་བྱུང་ཡོད་མེད་དང་། འཁྱར་བོན་དང་བསྒྱུར་བོན་ཞེས་པའི་མིང་འདི་དག་ཀྱང་རྒྱུ་མཚན་ཁུངས་ལྡན་དང་འབྲེལ་བའི་མིང་ཡིན་མིན་སོགས་ཤིན་ཏུའང་དཔྱད་པར་དཀའ་སྟེ་བན་བོན་གྱི་ཆོས་འབྱུང་སྨྲ་བ་ཕལ་ཆེ་བ་རང་ཕྱོགས་ལ་ཤིན་ཏུ་ཞེན་པ་ཆེས་པས་སོ། །དེས་ན་བོན་བན་གཉིས་ཀ་ལ་མཁས་ཤིང་གཟུ་བོར་གནས་པའི་ལེགས་བཤད་གཅིག་མིག་ལམ་དུ་མ་སོན་བར་དུ་ནམ་ཡང་དཔྱད་མི་བཟོད་པ་ཉིད་དོ།། བོན་གྱི་གསུང་རབ་རྣམས་སུ། གཤེན་རབ་བོན་གྱི་གསུང་རབ་ལ། རྩ་འགྲེལ་རླུང་གི་སྤུ་གྲི་སོགས་ལྟ་བ་བསྟན་པའི་གཞུང་དང་། ཡེ་གཤེན་བཀོད་པ་དོན་གྱི་འབུམ་སོགས་སྤྱོད་པ་བསྟན་པའི་གཞུང་། ཕུང་པོ་རང་འགྱུར་ཐིག་ལེ་དགུ་སྐོར་སོགས་སྒོམ་པ་བསྟན་པའི་གཞུང༌། གཞན་ཡང་སྨན་གྱི་གཞུང་གཏོ་ཐབས་སུམ་བརྒྱ་དྲུག་ཅུ། དཔྱད་ཐབས་བརྒྱད་ཁྲི་བཞི་སྟོང་སོགས། མོ་དང་གཏོ་བཅོས་ཀྱི་གཞུང་སོགས་མདོ་ཕྱོགས་ཐུན་མོང་བའི་སྐོར། ཕ་རྒྱུད་མ་རྒྱུད་ཁྲིད་རྒྱུད་སོགས་སྐྱེད་རྫོགས་ཀྱི་སྐོར། སྲོག་གི་སག་གདར་ཆེ་ཆུང་དང་། བདུད། རྒྱལ་པོ། དམུ། ཀླུ། བཙན་སོགས་སྲུང་མའི་སྒྲུབ་སྐོར། མདོར་ན་བོན་གྱི་བཀའ་འགྱུར་པོད་བརྒྱ་དང་དོན་བརྒྱད་དང་། བསྟན་འགྱུར་བཅས་བཞུགས་ཤིང་། དུས་ཡུན་རིང་མོ་ཞིག་ལ་མཛད་འཕྲིན་གྱི་སྣང་བ་འཆར་བའི་སྐབས་མ་བྱུང་བ་དེ་དག་ཉེ་ཆར་གཞིས་སུ་དཔེ་སྐྲུན་བྱས་ཟིན་པ་ནི་གངས་ཅན་པའི་སྔོན་གྱི་ལོ་རྒྱུས་ལའང་ཤིན་ཏུ་སྨན་པ་ཡིན་ནོ། ཚུལ་འདི་དག་ལ་འགའ་ཞིག་གིས་ཁྲི་སྲོང་སོགས་ཀྱི་སྐབས་སུ་བོན་གྱིས་ནང་ཆོས་བརྐུས་བསྒྱུར་བྱས་པ་དེ་དག་ཏུ་ངོས་འཛིན་བྱེད་ཅིང༌། འགའ་ཞིག་གིས་ནི་བན་ཆོས་བོན་གྱིས་བརྐུས་པ་མིན་ལ་བོན་ཆོས་བན་གྱིས་བརྐུས་པར་བཤད་དེ། གང་ལྟར་ན་རང་ཕྱོགས་ཞེན་པའི་ཐ་གུས་བཅིངས་པ་ནི་སུས་ཀྱང་བཀྲོལ་བ་དཀའ་ཡང་གླེགས་བམ་དེ་དག་གི་ནང་དུ་སྦྱིན་སོགས་ཕར་ཕྱིན་དང༌། བྱམས་སོགས་ཚད་མེད་བཞི། ཆོས་ལོངས་སྤྲུལ་པའི་སྐུ་སོགས་གཞི་ལམ་འབྲས་བུའི་རྣམ་གཞག་གལ་ཆེ་བ་རྣམས་ནི་ཐ་སྙད་ཙམ་མ་གཏོགས་གཅིག་མཚུངས་སུ་འདུག་པས་རང་ཉིད་གང་དུ་ཞུགས་པའི་ལྟ་གྲུབ་དེ་ཉིད་ལ་འཆད་ཉན་དང་ཉམས་ལེན་གནང་རྒྱུ་ལས་ཕན་ཚུན་དགག་གཞག་དང་ཕྱོགས་འཛིན་གྱི་འཆིང་བས་བཅིངས་པའི་དགོས་པ་གང་ཡང་མི་འདུག་སྙམ་སྟེ་ཐུགས་ཡིད་མ་ཆེས་ན་བོན་གཞུང་ལ་ཞིབ་ཏུ་གཟིགས་ན་གསལ་བར་ཤེས་ངེས་སོ།། དེ་ན་རང་རེ་བན་བོན་ཕན་ཚུན་གཞུང་ལུགས་རྐུན་འཛུགས་བྱེད་པ་ལས་ཕུགས་ཀྱི་ལྟ་གྲུབ་གཅིག་པའི་རྒྱུ་མཚན་དུ་བན་བོན་གཞུང་ལུགས་ཕན་ཚུན་ལེགས་ཆ་ལེན་རེས་བྱས་འདུག་པར་བརྗོད་ན་དོན་ལ་གནས་ཤིང་བརྗོད་པ་གཙང་བས། རྐུན་འཛུགས་ཀྱི་ཚབ་ཏུ་ལེགས་ཆ་ཞེས་པ་འདི་ཅིས་ཀྱང་འཇུག་པར་མཛོད་ཅིག་ཅེས་ཀྱང་སྐུལ་ལོ། །

༥ བོན་གྱི་སྲུང་མ་དང་གདན་རབས། བོན་གྱི་སྲུང་མའི་སྐོར་ལ། སྤྱིར་ལུགས་སོ་སོའི་སྲུང་མ་དང༌། ཡི་དམ་ཁག་གི་སྒེར་སྲུང་འདྲ་མིན་ཅི་རིགས་ཡོད་ཀྱང༌། གཙོ་བོར་བོན་སྐྱོང་ཕོ་རྒྱུད་དང༌། མོ་རྒྱུད་གཉིས་ཡོད་པའི་ཕོ་རྒྱུད་ནི། བསྟན་སྲུང་རྨ་གཉན་སྤོམ་ར་དང༌། མི་བདུད་འབྱམས་པ་ཁྲག་མགོ །བྲག་བཙན་ཨ་བསེ་རྒྱལ་བ། བཙན་རྒོད་ཧུར་པ་གསོད་རྐྱེན། རྒྱལ་པོ་ཉི་པད་སད། གཉེན་རྗེ་གོས་སྔོན། ནོར་བདག་ཀུ་བེ་ར། རྒྱལ་ཆེན་ཤེལ་ཁྲབ་འབར་བ། རྒྱལ་ཆེན་གྲགས་སེང༌། རྗེ་ཡི་འགུལ་ལྷ་བཅུ་གསུམ་ལ་སོགས་དམ་ཅན་ཕོ་རྒྱུད་ཀྱི་སྡེ་ཚོགས་དང༌། མོ་རྒྱུད་ལ། བསྟན་སྲུང་གཙོ་མོ་མ་མཆོག་སྲིད་པའི་རྒྱལ་མོ་དྲེའུ་དམར་ནག་གཉིས་དང༌། སྲིད་པའི་རྒྱལ་མོ་སྡེ་དྲུག སྲིད་རྒྱལ་གྱི་སྐུ་གསུང་ཐུགས་སྤྲུལ་དབལ་མོ་ཉེར་བདུན། བཀའི་བྱ་ར་མ་གསུམ། བཀའ་བློན་དུས་བཞིའི་རྒྱལ་མོ་བཞི། དམ་ཅན་ཡུམ་སྲས་སྡེ་ལྔ། དམག་དཔོན་མ་དགུ སྒྲ་བླའི་རྒྱལ་མོ། བྱང་སྨན་ཀུ་མ་ར། གསང་ཡུམ་ཀླུ་མོ་འོད་འབར། ཡང་སྤྲུལ་བརྟན་མ་བཅུ་གཉིས་སོགས་དམ་ཅན་མོ་རྒྱུད་ཀྱི་སྡེ་ཚོགས་བཅས་ཡོད་པར་བཤད། བོན་གྱི་གདན་སའི་སྐོར་ལ། སྤྱིར་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ལོ་རྒྱུས་འགངས་ཆེ་བའི་གདན་ས་ཤིན་ཏུ་མང་པོ་བྱུང་མྱོང་ནའང་ལོ་རྒྱུས་ཀྱི་གོད་ཆག་དང་འཕོ་འགྱུར་ངེས་མེད་ཅི་རིགས་བྱུང་བའི་ཁྲོད་ནས་ད་ལྟར་འཚོ་བཞིན་ཡོད་པའི་གཤེན་རབ་བསྟན་པའི་རྒྱུན་བཟང་འཛིན་པའི་གདན་ས་ཆེ་ཤོས་འགའ་ཞིག་གི་གདན་རབས་རིམ་པར་བཀོད་ན། གཡས་རུ་དབེན་སའི་གདན་རབས་བཅོ་བརྒྱད་བྱུང་སྟེ། ༡ བྲུ་ཆེན་ནམ་མཁའ་གཡུང་དྲུང༌། ༢ བྲུ་ཤ་ཁྱུང་གི་རྒྱལ་མཚན། ༣ བྲུ་རྗེ་གཡུང་དྲུང་བླ་མ། ༤ བྲུ་སྟོན་ཉི་མ་རྒྱལ་མཚན། ༥ མཚན་ལྡན་གཡོར་པོ་མེ་དཔལ། ༦ གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན། ༧ འ་ཞ་བདུད་རྩི་རྒྱལ་མཚན། ༨ འགྲོ་མགོན་བློ་གྲོས་རྒྱལ་མཚན། ༩ མཉམ་མེད་འདུལ་བ་རྒྱལ་མཚན། ༡༠ བྲུ་སྟོན་རྒྱལ་བ་གཡུང་དྲུང༌། ༡༡ རྟོགས་ལྡན་ནམ་མཁའ་འོད་ཟེར། ༡༢ མཐའ་བྲལ་བསོད་ནམས་རྒྱལ་མཚན། ༡༣ མཚུངས་མེད་བསོད་ནམས་བློ་གྲོས། ༡༤ མཁས་གྲུབ་ནམ་མཁའ་བསོད་ནམས། ༡༥ སྤྲུལ་སྐུ་ཚེ་དབང་རྒྱལ་མཚན། ༡༦ མཁས་བཙུན་ནམ་མཁའ་རིན་ཆེན། ༡༧ མཚན་ལྡན་རྣམ་རྒྱལ་ཀ་ར། ༡༨ མཁས་གྲུབ་རིན་ཆེན་བློ་གྲོས་བཅས་སོ། ། དཔལ་ལྡན་རྒྱལ་བ་སྨན་རིའི་མཁན་རབས། ༡ མཉམ་མེད་ཤེས་རབ་རྒྱལ་མཚན། ༢ རྒྱལ་ཚབ་རིན་ཆེན་རྒྱལ་མཚན། ༣ ནམ་མཁའ་ཡེ་ཤེས། ༤ ཀུན་བཟང་རྒྱལ་མཚན། ༥ རིན་ཆེན་རྒྱལ་མཚན། ༦ ཚུལ་ཁྲིམས་རྒྱལ་མཚན། ༧ བསོད་ནམས་ཡེ་ཤེས། ༨ བསོད་ནམས་གཡུང་དྲུང༌། ༩ ཤེ་ཙུ་དྲུང་མུ། ༡༠ ཤེས་རབ་འོད་ཟེར། ༡༡ གཡུང་དྲུང་རྒྱལ་མཚན། ༡༢ ཤེས་རབ་བློ་གྲོས། ༡༣ ཤེས་རབ་འོད་ཟེར། ༡༤ གཙུག་ཕུད་འོད་ཟེར། ༡༥ གཡུང་དྲུང་ཚུལ་ཁྲིམས། ༡༦ རིན་ཆེན་འོད་ཟེར། ༡༧ རིན་ཆེན་ལྷུན་གྲུབ། ༡༨ ཤེས་རབ་བསྟན་འཛིན། ༡༩ ཤེས་རབ་དབང་རྒྱལ། ༢༠ གཡུང་དྲུང་དབང་རྒྱལ། ༢༡ ཕུན་ཚོགས་རྣམ་རྒྱལ། ༢༢ བསོད་ནམས་བློ་གྲོས། ༢༣ ཉི་མ་བསྟན་འཛིན། ༢༤ བསོད་ནམས་ཕུན་ཚོགས། ༢༥ ཤེས་རབ་གཡུང་དྲུང༌། ༢༦ སངས་རྒྱས་བསྟན་འཛིན། ༢༧ བསྟན་འཛིན་ཚུལ་ཁྲིམས། ༢༨ ཕུན་ཚོགས་བློ་གྲོས། ༢༩ རྒྱལ་བ་བློ་གྲོས། ༣༠ བསྟན་པ་བློ་གྲོས། ༣༡ ཉི་མ་དབང་རྒྱལ། ༣༢ ཤེས་རབ་བློ་གྲོས། ༣༣ ལུང་རྟོགས་བསྟན་པའི་ཉི་མ་བཅས་སོ། ། མཁར་སྣ་བསམ་གཏན་གླིང་གི་བླ་རབས། ༡ འགྲོ་མགོན་ཤེས་རབ་གཡུང་དྲུང༌། ༢ རྒྱལ་ཚབ་བསོད་ནམས་སེང་གེ། ༣ རྒྱལ་ཚབ་རྒྱལ་བ་གཡུང་དྲུང༌། ༤ རྒྱལ་ཚབ་གཡུང་དྲུང་རྒྱལ་མཚན། ༥ རྒྱལ་ཚབ་ཡོན་ཏན་སེང་གེ་དང་ལྔའོ། །དེ་སྟེང་མཁར་སྣའི་དགེ་སློང་རྣམ་གཉིས་ནི་དགེ་སློང་ཉི་མ་གྲགས་པ་དང༌། དྲང་སྲོང་གཡུང་དྲུང་ཚུལ་ཁྲིམས་གཉིས་བསྣན་ན་བདུན་ཡིན་ལ། དེ་གཉིས་རྒྱལ་ཚབ་ནི་མ་ཡིན་ནོ། ། རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས། ༡ སྣང་སྟོན་ཟླ་བ་རྒྱལ་མཚན། ༢ གཡུང་དྲུང་བསྟན་འཛིན། ༣ སྐལ་བཟང་ཉི་མ། ༤ ཕུན་ཚོགས་དབང་རྒྱལ། ༥ ཚུལ་ཁྲིམས་དབང་རྒྱལ། ༦ ཤེས་རབ་བློ་ལྡན། ༧ ཤེས་རབ་ཉི་མ། ༨ བློ་གྲོས་རྒྱལ་མཚན། ༩ བློ་གྲོས་ཉི་མ། ༡༠ ཤེས་རབ་བསྟན་པའི་རྒྱལ་མཚན་བཅས་སོ། ། ༦ བོན་གྱི་ལྟ་སྤྱོད། རང་རེའི་ཁ་རྒྱུན་དུ་ཡོད་པའི་བོན་དཀར་དང་བོན་ནག་ཅེས་པའི་ཐ་སྙད་འདིའང་ཆབ་དཀར་དང་ཆབ་ནག་ལ་འཁྲུལ་བ་ཡིན་གྱི། ཕྱི་པ་དང་ནང་པ་ལྟ་བུའི་ལྟ་གྲུབ་མི་འདྲ་བའི་ཁྱད་པར་གང་ཡང་མ་ཡིན་ཏེ། དེ་ཡང་དྲི་མེད་འོད་ཟེར་གྱིས་བརྩམས་པའི་བོན་ལུགས་ཀྱི་གྲུབ་མཐའི་རྣམ་གཞག་ཉུང་བསྡུས་གློག་གི་སྒྲོན་མེ་ལས། ཆབ་དཀར་བོན་ནི། ཐེག་དགུ་ལྟར་ན་ཨ་དཀར་དང་ཡེ་གཤེན་གྱི་ཐེག་པ། སྒོ་མཛོད་ལྔ་ལྟར་ན་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་དང༌། ཕྱི་ནང་གསང་གསུམ་ལས་ནང་རྒྱུད་བསྒྱུར་ལམ་གསང་བ་སྔགས་ཀྱི་བོན་སྡེ་དེ་གསུམ་དོན་གཅིག་སྟེ། གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་མ་སྤང་ཡེ་ཤེས་སུ་སྒྱུར་བའི་ཐབས་ལམ་ཁྱད་པར་ཅན་ཏེ། བསྐྱེད་རྫོགས་དང་བསྙེན་སྒྲུབ་ཀྱི་སྒོ་ནས་ཉམས་སུ་ལེན་དགོས་ཤིང༌། དེ་ལ་སྔགས་ཕྱི་ནང་གཉིས་དང་རྒྱུད་སྡེ་བཞི་དང༌། གསང་སྔགས་བཀའ་དྲུག་སོགས་ཀྱི་དབྱེ་བ་ཡོད་དོ། །ཆབ་ནག་གི་བོན་ནི། ཐེག་དགུ་ལྟར་ན་ཕྱ་སྣང་འཕྲུལ་སྲིད་བཞིའི་ཐེག་པ་དང༌། སྒོ་མཛོད་ལྔ་ལྟར་ན་ཆབ་ནག་སྲིད་པ་བརྒྱད་ཀྱི་བོན་སྒོ་དང༌། ཕྱི་ནང་གསང་གསུམ་ལྟར་ན་ཕྱི་རྒྱུད་ཀྱི་ཁོངས་སུ་འདུ་ལ། ཡང་ན་ནང་རྒྱུད་ཀྱི་ཡན་ལག་ཏུ་གཏོགས་པར་གསུངས་སོ། །ཆབ་ནག་གི་ངེས་ཚིག་ནི། མདོ་གཟེར་མིག་ལས། །ཆབ་ནག་འགྲོ་བ་གསོལ་བ་ལ། ནག་ནི་མི་འགྱུར་ཆེན་པོའོ་ཞེས་གསུངས་པས་སོ། ། ཡང་རང་རེའི་ཁ་རྒྱུན་དུ་མཆོད་སྦྱིན་གྱི་ཆེད་སྲོག་གཅོད་པས། བོན་གྱི་ལྟ་གྲུབ་ནི་འཚེ་བ་དང་འབྲེལ་པའི་ཆོས་སུ་འདོད་པའང་མི་བདེན་ཏེ། མདོ་དྲི་མེད་གཟི་བརྗིད་ལས། ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་བཞག་པར་གཅིག་བསད་གཅིག་གསོ་བྱ་བའི་ཆོས་འདི་བདག་གིས་མ་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ༌། ཞེས་དང༌། སློབ་དཔོན་རིན་པོ་ཆེ་དྲི་མེད་འོད་ཟེར་གྱི་གསུང་རྒྱུན་ལས། ཐར་ལམ་དངོས་བསྟན་ཐེག་ཆེན་གྱི་མདོ་སྔགས་གང་ནས་ཀྱང་ཆེད་དུ་སྲོག་བཅད་ནས་ཤ་ཁྲག་གིས་མཆོད་པ་འབུལ་བའི་བོན་ཞིག་མེད་པ་ལྟ་ཅི་སྨོས། འཇིག་རྟེན་གྱི་ལྟ་བ་ལས་མ་འདས་པ་རྒྱུ་ཡི་ཐེག་ཆུང་བཞི་བོ་དག་ལས་ཀྱང་དེ་ལྟར་གསུངས། ཞེས་པ་དང༌། སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་དམར་གཏོར་གཅོད་པའི་གཏམ་གནམ་ལྕགས་འཁོར་ལོ་ལས། ཚེ་ལོ་བརྒྱ་པའི་འགྲོ་ཀུན་འདྲེན་པའི་དཔལ། །ཐམས་ཅད་མཁྱེན་པའི་གཤེན་རབ་མི་བོ་ཡིས། །འགྲོ་བ་བཀྲིད་དྲང་དོན་དུ་གསུངས་པའི་བོན། །རྒྱ་ཆེར་མཐའ་ཡས་བསམ་གྱིས་མི་ཁྱབ་པ། །ཞེས་དང་། དེ་དག་གི་སྒོ་རུ་འཇུག་ན་ཡང༌། ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌།། སྙིང་རྗེ་གཞི་བཟུང་དགེ་བཅུའི་ལམ་བགྲོད་ནས། །འབྲས་བུ་དོན་གཉིས་མཐར་ཕྱིན་ཁོ་ན་ལས། །གཅིག་བསད་གཅིག་གསོ་རང་གཞན་ཕན་གནོད་ལས། །ནང་བ་སངས་རྒྱས་ལུགས་ལ་མེད་ངེས་ཀྱི། །གལ་ཏེ་ཡོད་ན་དེ་ཉིད་མུ་སྟེགས་སོ། །ཞེས་དང་། གཞན་ཡང་མདོ་གཟེར་མིག་ལས། ཆབ་ནག་སྲིད་པ་བོན་ལ་གཏོགས་པ་ནི། །ཡས་སྟགས་མང་པོ་འདོད་ཡོན་རྣམ་པ་ལྔ། །སྤྱོད་པའི་སྤྱོད་ཐབས་སེམས་ཅན་སྲོག་མི་བཅད། །ཅེས་དང་། གསང་བ་བསེན་ཐུབ་ཀྱི་ཕྱ་གཤེན་ལེའུ་ལས། མི་དབང་ཡས་དང་རྫས་མི་ཁྱེར། །མ་མཐོང་ལྷ་དང་འདྲེར་མི་བཟུང༌། །སེམས་ཅན་སྲོག་ལ་ཉེན་མི་བསྐུར། །ཞེས་དང༌། མདོ་དྲི་མེད་གཟི་བརྗིད་ལས། ཤ་ཁྲག་དམར་མཆོད་རྒྱུད་ལ་འགལ། །སྦྱོར་སྒྲོལ་རོལ་བ་དོན་ལ་འབྲེལ།། ཞེས་དང༌། བརྣག་པའི་ཞེ་སྡང་སྤྱོད་ལ་འགལ། །རང་བཞིན་བྱམས་པ་དོན་ལ་འབྲེལ། ཞེས་དང༌། རྫས་ལྔ་རིན་ཆེན་སྒྲོན་མེ་ལས། རྒྱུ་ཡི་དམ་ཚིག་སྡིག་མ་འདྲེས། །སྡིག་འདྲེས་མཆོད་པས་ལྷ་མི་མཉེས། །ཞེས་སོགས་མང་དུ་འབྱུང་བས་གཡུང་དྲུང་གི་བོན་ནི་འགྲོ་བར་མ་ལྟར་བྱམས་ཞིང་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་དུ་བཀོད་པའི་ཐབས་དམ་པ་མ་གཏོགས། འགྲོ་བར་འཚེ་བའི་རྣམ་གཞག་བསྟན་པའི་ལུགས་ངན་ཞིག་རྩ་བ་ནས་མིན་པར་སེམས་སོ།། བོན་གྱི་སྐྱབས་འགྲོའི་སྐབས་འབེལ་གཏམ་ལུང་གི་སྙིང་པོ་ལས། ནང་བ་གཤེན་རབ་པའི་གྲུབ་མཐའི་སྒོར་འཇུག་པའི་ཚུལ་ནི། སངས་རྒྱས། བོན་དང༌། སེམས་དཔའ་གསུམ་ལ་དཀོན་མཆོག་གསུམ་དུ་བརྗོད་ཅིང༌། དེའི་སྟེང་དུ་བླ་མ་བསྣན་པས་སྐྱབས་གནས་ཡུལ་མཆོག་གནས་བཞི་ཅེས་བརྗོད། སྐྱབས་གནས་དེ་རྣམས་ལ་ཁྱོད་ཤེས་སྙམ་པའི་བློ་ངེས་པར་གཏད་པའི་རིག་པ་ནི་སྐྱབས་འགྲོ་ཡིན། ཞེས་དང༌། ཞྭ་དཀར་བསྟན་པའི་ལོ་རྒྱུས་ཀེ་ཏ་ཀའི་ཕྲེང་མཛེས་ལས། བོན་དང་ཆོས་ཞེས་བརྡ་ཡི་ཁྱད་ཙམ་སྟེ། །བརྗོད་བྱའི་དོན་ལ་ཁྱད་པར་ཡོད་མ་ཡིན། །ཞེས་དང་། བོན་གྱི་ལྟ་བ་འཆད་པའི་སྐབས། རིག་པའི་རྩེ་འབུམ་ལས། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ཀྱི་མདོ་སྡུག་བསྔལ་བའོ། །མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་མདོ་ཞི་བའོ། །བོན་ཐམས་ཅད་ཀྱི་མདོ་བདག་མེད་པའོ།། ཞེས་པ་དང༌། བོན་གཞུང་འདུས་པ་རིན་པོ་ཆེའི་རྒྱུད་ལས། ཀུན་རྫོབ་ཏུ་ནི་དངོས་རྣམས་ཞེན་པས་ཡོད། །དམ་པའི་དོན་དུ་ཆགས་པ་སྤངས་པས་མེད། །གཉིས་ཀ་སེམས་ཀྱི་ཆས་ཟིན་མ་ཆགས་མ་ཡེངས་པས། སྟོང་པ་ཉིད་ཀྱི་ཡེ་ཤེས་ཞེས། མི་རྟོགས་ཡོངས་ཁྱབ་གསལ་དྭངས་ན། །སྒོམ་པའི་དངོས་པོ་དེ་ཉིད་ཡིན། །དེ་ལྟར་ལྟ་སྒོམ་གཉིས་ཀ་འབྲེལ་བར་སྤྱད་ན། །སྐྱེ་བ་འདི་ལ་ཐར་པའི་འབྲས་བུ་ཐོབ་པར་ངེས། །ཞེས་འབྱུང་བ་དང་རང་རེའི་མདོ་རྒྱུད་ཀྱི་གཞུང་ནས་བཤད་པའི་ལྟ་སྒོམ་གཉིས་དང་ཁྱད་པ་ཅི་ཡང་མེད་པར་སྣང་ངོ༌།། བོན་གྱི་སློབ་དཔོན་ཆེན་པོ་དྲན་པ་ནམ་མཁས་མཛད་པའི་དྲན་པའི་བཀའ་ཐང་དུ། དེ་ནས་གསང་བདག་དྲན་པ་ནམ་མཁའ་ཉིདཿ བོན་ཆོས་འཇུག་སྒོམ་འགག་གཡུང་དྲུང་ཀློང་ཿ བོན་དང་ཆོས་སྡེ་ཕྱོགས་རིས་མེད་པར་སྐྱོང་ཿ གང་འདུལ་འཕྲིན་ལས་རྗེས་ཆགས་འགྲོ་ལ་དགོངསཿ བོན་ཞིག་གཡུང་དྲུང་གླིང་བ་ལ་ཨོ་རྒྱན་པདྨའབྱུང་གནས་ཀྱི་ཞལ་བསྟན་ཏེ། ང་ནི་ཚེ་དབང་རིག་འཛིན་ཡིན། །ང་ནི་ཤུཀྱ་ཐུབ་པ་སྟེ། །ང་ནི་པད་མ་འབྱུང་གནས་ཏེ། །ང་ནི་གཤེན་རབ་མི་བོ་ཡིན། ཞེས་དང༌། །བཻ་རོ་ཙ་ནའི་གསུང་ལས། །ཡབ་ནི་བ་གོར་དོད་དེ་རྒྱལ་བ་དང༌། །ཡུམ་ནི་བྲན་ཀ་བཟའ་སྒྲོན་མ་ཉིད་གཉིས། །སྲས་ནི་བ་གོར་རིན་ཆེན་བློ་གསལ་བཏགས། །དང་བོ་ཞང་ཞུང་གཡུང་དྲུང་བོན་ལ་སྤྱད། །བར་དུ་རྒྱ་གར་དམ་པའི་ཆོས་སྒོར་ཞུགས། །ཐ་མ་བོད་ཀྱི་རྒྱལ་པོའི་མཆོད་གནས་བཀུར། །བཻ་རོ་ཙ་ན་བོན་ཆོས་ཕུང་པོ་གྲགས། ཅེས་དང༌། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་ལེགས་བཤད་རིན་པོ་ཆེ་གཏེར་མཛོད་ལས། མི་མཇེད་པའི་འཇིག་རྟེན་འདིར་གདུལ་བྱའི་མོས་པ་དང་འཚམས་པར་བོན་ཆོས་ཀྱི་སྟོན་པ་རྣམ་གཉིས་ནུབ་ཏུ་གཟིགས་ཏེ་སྟག་གཟིག་དང་ཞང་ཞུང་བོན་གྱིས་འདུལ་བར་དགོངས་ནས་སྟོན་པ་གཤེན་རབ་ཏུ་སྤྲུལ་བར་བཤད་པ་དང༌། ཞེས་དང༌། མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རྩིས་གཞུང་བཻཌཱུ”་དཀར་པོ་ལས། འགྲོ་མགོན་ཤུཀྱའི་རྒྱལ་པོ་ཡིས། །མཐའ་ཀླས་མཛད་པའི་ནང་ཚན་གྱི། །ཉོན་མོངས་གཉེན་པོ་ཆོས་ཀྱི་ཕུང༌། །བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །སེམས་ཅན་དོན་ནི་རྒྱས་པར་མཛད། །ཞང་ཞུང་ཡུལ་ནི་བོན་འདུལ་བར། །དགོངས་ཏེ་གཤེན་རབ་མི་བོར་སྤྲུལ། །བོན་གྱི་མཛད་པ་བཅུ་གཉིས་བསྐྱངས། །ཐེག་པ་རིམ་པ་དགུ་རུ་གསུངས། །གསོན་པོ་རྣམས་ཀྱི་ལྷ་སྒོ་ཕྱེ། །གཤིན་པོ་རྣམས་ཀྱི་འདུར་སྒོ་བཅད། །འགྲོ་རྣམས་གཡུང་དྲུང་ས་ལ་བཀོད། །ཅེས་དང༌། འཇམ་མགོན་པཎྜིཏ་མི་ཕམ་པའི་ཞལ་ནས། རྒྱལ་བའི་ཐུགས་རྗེས་འགྲོ་ལ་གཟིགས། །གཤེན་ཡུལ་འོལ་མོ་གླིང་ཆེན་དུ། །སྟོན་པ་གཤེན་རབ་མི་བོར་བསྟན། །ཕྱྭ་གཤེན་དང་མི་སྣང་གཤེན་སོགས། །ཅེས་པ་དང༌། བོན་གྱི་ཐེག་པ་རིམ་དགུ་གསུངས། །སྐྱེ་འགྲོ་སེམས་ཅན་བདེ་ལ་བཀོད། །བསྡུས་ན་སྒོ་བཞི་མཛོད་ལྔར་འདུས། །བོན་གྱི་ཐེག་དགུ་བསྟན་པའི་ཕྱིར། །སྟོན་པ་ཤུཀྱ་ཐུབ་པ་བྱོན། །སྟོན་པའི་ཐུགས་རྗེ་ཕྱོགས་རིས་མེད། །གདུལ་བྱ་རང་རང་སྣང་ངོ་རུ། །ཕན་བདེ་མཛད་པའི་སྤྲུལ་སྐུ་ལ། །སོ་སོའི་སྟོན་པ་ཉིད་དུ་བསྟན། །བན་དང་བོན་ཞེས་སོ་སོར་དབྱེ། །ཀུན་རྫོབ་རྒྱུ་འབྲས་བསླུ་མེད་དང༌།། དོན་དམ་བདེན་མེད་གནད་ཀྱིས་ནི། །མི་འགལ་ཕྱིར་ན་དགོངས་པ་གཅིག །རྒྱལ་བའི་རྣམ་འཕྲུལ་བསམ་མི་ཁྱབ། །ཅེས་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཀྱང༌། སྟོན་པ་སངས་རྒྱས་ཀྱིས་བོན་གྱི་སྟོན་པ་གཤེན་རབ་སོགས་སུ་སྤྲུལ་ནས་བོན་གྱི་གཞུང་ཕལ་ཆེར་བསྟན་པ་ཡིན། ཞེས་དང་། འབྲུག་པ་འགྲོ་བའི་མགོན་པོ་ཀུན་ལེགས་ཀྱིས། གཤེན་ལྷ་འོད་དཀར་སྤྱན་རས་གཟིགས་དབང་ཡིན། །གཙང་མའི་བོན་དང་ཆོས་ལ་ཁྱད་པར་མེད།། ཅེས་དང༌། དྲན་པའི་བཀའ་ཐང་ལས། སྟག་གཟིག་འོལ་མོ་གླིང་ནས་བོན་ཞེས་བསྟན། །རྒྱ་གར་ཡུལ་ནས་དམ་པའི་ཆོས་ཅེས་བསྟན། །ཞེས་དང༌། སྤྱན་སྔ་བས། བོན་པོའང་ནང་པའི་ཁྱད་ཆོས་རྣམས་ཁས་ལེན་པར་འདུག་པས་ནང་བ་ལ་ཐལ་བར་མངོན་ནོ། །ཞེས་གསུངས། གཞན་ཡང་རྙིང་མའི་ཀུན་མཁྱེན་ཤེས་རབ་འོད་ཟེར། སྟག་ཚང་ལོ་ཙཱ་བ་ཆེན་པོ། ཀཿཐོག་པཎ་ཆེན། ཆེན་པོ་ཤཀ་མཆོག་པ། སྟག་ཕུ་པདྨབ༽། བྲག་དཀར་བློ་བཟང་དཔལ་ལྡན། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། ཀོང་སྤྲུལ་རིན་པོ་ཆེ་སོགས་ཚད་ལྡན་གྱི་མཁས་གྲུབ་དུ་མས་སྟོན་པ་རྣམ་གཉིས་ངོ་བོ་གཅིག་དང་བསྟན་པ་གཉིས་དགོངས་པ་གཅིག་ཏུ་བཞེད་པར་མཐུན། འོ་ན་སྔོན་གྱི་ཆོས་རྒྱལ་དང་ཚད་མའི་སྐྱེས་བུ་འགའ་ཞིག་གིས་བོན་ལུགས་ཆེད་དུ་དགག་པ་མང་དུ་མཐོང་བ། དེ་དག་གི་དགོངས་པ་ཇི་ལྟར་ཡིན་ཞེ་ན། དེ་ནི་ཆོས་རྒྱལ་རྣམ་པ་འགའ་ཞིག་གི་སྐབས་ཆབ་སྲིད་ཀྱི་འགོག་རྐྱེན་ལ་བརྟེན་ནས་ཚད་བཀག་བྱེད་དགོས་བྱུང་བ་དང་། སྐྱེས་ཆེན་འགའ་ཞིག་གིས་གདུལ་བྱའི་དབང་གིས་དགག་གཞག་གནང་དགོས་བྱུང་ཡོད་པ་ཡིན་གྱི། དེ་ཙམ་གྱིས་བསྟེན་མི་ཉན་པའི་ཚད་དུ་མི་རུང་སྟེ། གཞན་དུ་ན། སྟོན་པས་དགོངས་འགྲེལ་ལས། འཁོར་ལོ་བར་བ་བླ་ན་མཆིས་པ། སྐབས་མཆིས་པར་གསུངས་པ་དང་། ཐོགས་མེད་ཀྱིས་ངོ་བོ་ཉིད་མེད་པ་ཆད་ལྟར་གསུངས་པ་དང་། དབྱིག་གཉེན་གྱིས། ཀླུ་སྒྲུབ་བདུད་ཀྱི་ཆོ་འཕྲུལ་དང༌། ཇོ་ཇོ་དེའི་རྗེས་འབྲངས་སུ་གསུངས་པ་དང༌། ཟླ་བ་གྲགས་པས། ཁྱེད་དང་འཇིག་རྟེན་འདི་ནི་རྩོད་གྱིས་དང༌། །ཕྱིས་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཞེས་དང༌། འཇུག་འགྲེལ་དུ། དབྱིག་གཉེན་དང་ཕྱོགས་གླང༌། བཟང་སྐྱོང་སོགས་ཀྱིས། གནས་ལུགས་ཕྱོགས་ཙམ་ཡང་མ་མཐོང་བ་གསུང་པ་དང༌། བོད་དུའང་རྗེ་མར་པས་བོད་ཀྱི་སྒོམ་ཐམས་ཅད་གཅིག་ཏུ་བསྡུས་ཀྱང་ཁོ་བོའི་ལུགས་ཀྱི་སྡོད་སྟངས་ཙམ་ཡང་མི་དོ་གསུངས་པ་དང༌། རྗེ་ས་པཎ་ཀྱི་སྡོམ་གསུམ་རབ་དབྱེ་ལས། དེ་ནས་ཆོས་རྗེ་ས་སྐྱ་པ། །ཆེན་པོ་བཞུགས་པ་ཡན་ཆད་དུ། །ཆོས་ལོག་སྤྱོད་པ་ཉུང་ཞེས་ཐོས། །ཕྱི་ནས་ཕག་མོའི་བྱིན་རླབས་དང༌། །སེམས་བསྐྱེད་རྨི་ལམ་མ་ལ་སོགས། །ཡི་དམ་བསྒོམ་པ་དཀྲོང་བསྐྱེད་དང༌། །དཀར་པོ་ཆིག་ཐུབ་ལ་སོགས་པ། །སངས་རྒྱས་བསྟན་དང་འགལ་བ་ཡི།། ཆོས་ལོག་དུ་མ་དེང་སང་འཕེལ། །ཞེས་སོགས། ཚད་མའི་སྐྱེས་བུ་ཤིན་ཏུ་མང་པོའི་ཞལ་ནས། གདུལ་བྱའི་ཁམས་དང་བསྟུན་ནས་གསུངས་པ་དེ་ཀུན་དེ་དང་དེ་དངོས་སུ་ཐལ་ན། ཡང་དག་པའི་ལམ་ཞིག་འཚོལ་དུ་མེད་པར་མི་འགྱུར་རམ། དེས་ན་བན་བོན་ཕྱོགས་འཛིན་གྱིས་བསྐུར་བ་འདེབས་པ་ལས། གཉིས་ཀའི་གཞུང་ལ་འདྲིས་པར་བྱས་ན། ད་བཟོད་རང་ཉིད་ཀྱིས་ཉམས་སུ་ལེན་པ་ནུས་མིན་ཇི་ལྟར་ཡང༌། ཉམས་སུ་ལེན་དུ་ཡོད་པ་ཞིག་ཏུ་ངེས་པས། རྒྱུས་མེད་འུར་སྒྲོག་བྱེད་པ་ལས་མཐོང་རྒྱ་དང་ཐོས་རྒྱ་བསགས་ནས་བན་བོན་གཉིས་ཀར་ཐུགས་རྒྱུས་ཡོད་པ་ཞིག་གནང་ན་འཚེངས་སོ། ། སྲིད་པའི་རྒྱུད་ཀྱི་ཁ་བྱང་ལས། ཐེག་པའི་ཁ་འཛིན་གཤེ་བསྐུར་འདེབས་པ་དང༌།། བསྟན་པའི་བོན་ཆོས་ཁྱད་དུ་བསད་པ་ནི། །ཤན་པ་གྲི་ཐོགས་པས་ཀྱང་ཉེས་པ་ལྕི། །མཚམས་མེད་ལྔ་དང་མི་དགེ་བཅུའི། །སྡིག་པ་གཞན་ལ་བཤགས་སུ་ཡོད། །ལོག་ལྟ་ཅན་ལ་བཤགས་སུ་མེད། །ཁམས་གསུམ་སེམས་ཅན་དུས་གཅིག་བསད་པ་འདྲ། །ཞེས་དང་། །མདོར་ན་ནམ་མཁའི་ནོར་བུས། ཆོས་པས་བོན་ལ་བཀྱོན་ཞེས་མ་གསུངས་བོད་རིགས་བོན་གྱི་གྲོགས་པོ་དག །བོན་པོས་ཆོས་ལ་བཀྱོན་ཞེས་མ་གསུངས་བོད་རིགས་ཆོས་ཀྱི་གྲོགས་པོ་རྣམས། །རིས་སུ་ཆད་པའི་བཀྱོན་པ་མ་གནང་བོད་རིགས་རིས་བྲལ་གཞོན་གྲོགས་ཀུན། །དཔྱད་གསུམ་དག་པར་རང་རིགས་ལོ་རྒྱུས་འཚོལ་བ་འདི་ཀོ་ང་ཚོའི་འགན། ། ཞེས་གསུངས་པ་འདི་ཉིད་གསེར་སྲང་སྟོང་གིས་གཞལ་ཡང་མི་ཁུག་པའི་གདམས་ངག་ཉིད་དུ་སེམས་སོ། ། དེ་ལྟར་གཤེན་རབ་གཡུང་དྲུང་བོན་གྱི་རིང་ལུགས་འདི་ཉིད་བོད་ཀྱི་བཙན་པོ་རིམ་བྱོན་གྱི་སྐབས་སུ་འཕེལ་འགྲིབ་ཅི་རིགས་པ་བྱུང་བ་ནས་བོད་སིལ་བུའི་སྐབས་དང་། ས་སྐྱ། ཕག་རི་གཙང་གསུམ། དགའ་ལྡན་ཕོ་བྲང་པའི་བར་དམངས་ཁྲོད་དུ་བསྟོད་སྨོད་ཀྱི་རླུང་འཚུབ་ལྡང་བའི་གསེབ་ནས་རིམ་པར་བརྒྱུད་དེ་བོད་ཡུལ་སྟོད་སྨད་བར་དུ་བུམ་ནང་གི་མར་མེ་བཞིན་འབར་ཏེ་སྟོད་དུ་བྱ་དུར་དགོན། བར་ཁམས་ཁྱུང་པོ་རྩེ་དྲུག་དགོན། གཡུང་དྲུང་དཔའ་རི་དགོོན། སྨད་དུ་ཏྲེ་ཧོར་སྟེང་ཆེན་དགོན། གཡུང་དྲུང་གླིང་། ཚ་ཁོ་དང་རྒྱལ་མོ་རོང་། མདོ་སྨད་རྔ་བ་སོགས་སུ་གཡུང་དྲུང་བོན་གྱི་དགོན་སྡེ་དུ་མས་ཁྱབ་ཅིང་དེ་དག་གི་རྒྱུན་འཛིན་སྐྱེ་སྤྲུལ་རིམ་བྱོན་དང་གྲྭ་རྒྱུན་ཡང་རིམ་རྒྱུད་བྱུང་བར་མ་ཟད། ལྷག་པར་ཉེ་རབས་ཀྱི་གཟུགས་སྐུ་རགས་པ་འཇའ་ལུས་ལ་གྲུབ་པའི་སྐྱེས་ཆེན་དམ་པ་ཤར་རྫ་བཀྲིས་རྒྱལ་མཚན་སོགས་རྩོད་མེད་ཀྱི་སྐྱེས་ཆེན་ཡ་མཚན་པ་ཡང་ཇི་སྙེད་ཅིག་བྱུང་སྣང་ལ། རྒྱ་ནག་གི་བཙན་འཛུལ་བྱུང་བའི་རྗེས། བཙན་བྱོལ་དུ་ོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་རྗེའི་སྐྱབས་གུར་གྱི་འོག་འཕགས་ཡུལ་སིམ་ལར་བོན་གཞིས་དང། བལ་ཡུལ་སོགས་སུ་བོན་དགོན་གསར་འདེབས་ཀྱིས་བོན་གྱི་རྒྱུན་སྲོལ་བཟང་པོ་མི་ཉམས་རྒྱུན་འཛིན་གནང་བཞིན་པར་མ་ཟད། གཡུང་དྲུང་ཁྲི་འཛིན་སོགས་སྐྱེས་ཆེན་དུ་མའི་འཕྲིན་ལས་ལ་བརྟེན་ནས་ཕྱི་རྒྱལ་ཡུལ་གྲུ་རྣམས་སུ་བོན་གྱི་འཕྲིན་ལས་བཟང་པོ་ཁྱབ་བཞིན་པ་འདི་བཞིན་ལགས་སོ། ། དགྲ་བགེགས་འབྱུང་པོ་རྡུང་བའི་མཐུ་ཟོར་རྣོ། ། གཉེན་དང་ཉམ་ཆུང་སྐྱོབ་པའི་གཏོ་བཅོས་བཟང༌། ། ཟུང་འཇུག་བོན་སྐུ་སྒྲུབ་པའི་གདམས་ངག་ཟབ། ། གཤེན་རབ་བོན་གྱི་ཁྱད་ཆོས་བརྗོད་ལས་འགོངས། ། བྱང་རྒྱུད་གངས་ལྷ་སྒེག་མོའི་ཞིང་ཁམས་ན། ། རིག་པའི་སྣང་བ་ཐོག་མར་འཇོ་བའི་གཏེར། ། གཤེན་རབ་བོན་ཞེས་བྱ་བའི་གྲུབ་མཐའ་འདི། ། དྲིན་ཆུང་མ་ཡིན་དྲིན་ལན་བསབ་པར་རིགས། ། སྣང་སྲིད་སྤྲོས་བྲལ་བོན་གྱི་དབྱིངས་རུམ་ནས། ། གཤེན་རབ་སྤྲུལ་པའི་སྣ་ལྔའི་འཇའ་རིས་ཁམས། ། ཞང་ཞུང་སྲིད་པའི་རྒྱལ་ཁམས་ལ་ཟུག་པས། ། ཤིས་པའི་དགེ་མཚན་གླིང་ལྔའི་ཁྱོན་ཀུན་བརྡལ། །ཞེས་ཀྱང་སྨྲས་སོ།