འཕགས་པ་ཐོགས་མེད།

ཡོང་ཁུངས་Wikipedia

འཕགས་པ་ཐོགས་མེད་ནི། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ནང་ཚན་དང་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ་བས་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ཡ་གྱལ་དུ་བགྲངས།

   སློབ་དཔོན་འདི་བྱོན་པའི་སྐབས་སུ་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་པའི་རྗེས་ཏེ་མཐའ་མའི་ཚེ་ན་བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་[པྲ་ཀཱ་ས་ཤཱི་ལ་]ཞེས་བྱ་བས། རྒྱལ་བའི་བསྟན་པའི་རྩ་བ་མངོན་པ་ལ་དགྲ་ལན་གསུམ་གྱིས་བསྣུབས་པས། བདག་གིས་ནི་བསྟན་པ་གསོ་བར་མི་ནུས་མོད། ལུས་ལ་བུ་བསྐྱེད་ནས་དར་བར་གཞུག་གོ་སྙམ་ནས་རྒྱལ་རིགས་དང་འདུས་པས་འཕགས་པ་ཐོགས་མེད་དང་། བྲམ་ཟེ་དང་འདུས་པས་སློབ་དཔོན་དབྱིག་གཉེན་བྱུང་ནས། བཙས་མ་ཐག་ནས་ལྕེ་ལ་གི་ཝང་གིས་ཨ་ཡིག་འབྲི་བ་ལ་སོགས་པའི་བློ་རྣོ་བའི་ཆོ་ག་བྱས། ཡིག་རྩིས་དང་། བྲམ་ཟེའི་རིག་བྱེད་སོགས་རིག་གནས་ཐུན་མོང་བ་རྣམས་ནི་ཡུམ་རང་ཉིད་ཀྱིས་བསླབས།

   ཆེར་སྐྱེས་པའི་ཚེ་ཕའི་ལས་གང་ཡིན་ཞུས་པས། ཡུམ་གྱིས་ཁྱོད་ཕའི་རིགས་སྐྱོང་བའི་ཕྱིར་བསྐྱེད་པ་མིན་གྱི། རྒྱལ་བའི་བསྟན་པ་དར་བར་གྱིས་ཤིག་ཅེས་གསུངས་པ་ལྟར་རབ་ཏུ་བྱུང་སྟེ། སྡེ་སྣོད་གསུམ་ལ་སྦྱངས། ཤེར་ཕྱིན་གྱི་མདོ་སྡེའི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རྟོགས་དཀའ་བ་བྱུང་ནས། རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་ལ་བསྒྲུབས་པས་རྗེ་བཙུན་གྱི་ཞལ་གཟིགས་ཏེ་དགའ་ལྡན་དུ་བྱོན། ལྷའི་དྲོ་སྐད་གཅིག་གམ་མི་ལོ་ལྔ་བཅུར་བཞུགས་ཏེ་ཡུམ་གྱི་མདོ་རྣམས་དང་། རྣལ་འབྱོར་སྤྱོད་པའི་ས་དང་། ཐེག་པ་ཆེན་པོའི་ཆོས་མང་དུ་གསན། ཤེར་ཕྱིན་གྱི་མདོ་སྡེའི་སྦས་དོན་མངོན་པར་རྟོགས་པའི་ལམ་གྱི་རིམ་པ་ཆ་ཚང་བར་སྟོན་པའི་བསྟན་བཅོས་རྩོམ་པར་ཞུས་པས། རྗེ་བཙུན་བྱམས་པ་མགོན་པོས་དེ་དག་གི་དོན་སྟོན་པའི་བསྟན་བཅོས་མངོན་རྟོགས་རྒྱན། མདོ་སྡེ་རྒྱན། དབུས་མཐའ་རྣམ་འབྱེད། ཆོས་ཉིད་རྣམ་འབྱེད། རྒྱུད་བླ་མ་སྟེ་བྱམས་པའི་ཆོས་ལྔ་གསུངས་སོ། །

   སླར་མི་ཡུལ་དུ་ཕེབས་ནས་འགྲོ་དོན་མཛད། བྱམས་ཆོས་སྡེ་ལྔ་ཡི་གེར་བཀོད། དེ་དག་གི་དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་མང་དུ་མཛད་དེ་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེ།

   སྐུ་ཚེའི་དཀྱིལ་དུ་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་དུ་དམ་པའི་ཆོས་དར་སྤེལ་དང་། ལྷ་ཁང་དང་མཆོད་རྟེན་ཆོས་གཞིས་བརྒྱ་ལྷག་གསར་དུ་བཙུགས། སློབ་མ་ཁྲི་ཕྲག་མང་པོ་བསྐྱངས། སྐུ་ཚེའི་སྨད་དུ་ལོ་བཅུ་གཉིས་ཀྱི་རིང་རྒྱ་གར་ཡུལ་དབུས་ནཱ་ལེནྡྲའི་མཁན་པོ་མཛད་དེ་བཞུགས།

   སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། ས་སྡེ་ལྔ་དང་སྡོམ་རྣམ་གཉིས་སོགས་ཡོད། མཐར་དགུང་ལོ་བརྒྱ་དང་ལྔ་བཅུ་པར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་མྱ་ངན་ལས་འདས་པའི་ཚུལ་བསྟན། སློབ་དཔོན་འདི་ལ་སློབ་མ་བསྟན་པ་འཛིན་པ་མང་དུ་བྱུང་། སྲས་ཀྱི་ཐུ་བོ་བསྟན་པའི་བདག་པོར་གྱུར་པ་ནི་མཁས་མཆོག་དབྱིག་གཉེན་ཡིན་ཞིང་འདི་གཉིས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལས་ཐོགས་མེད་སྐུ་མཆེད་གཉིས་ཞེས་ཞུའོ། །

༢༠༡༦.༠༨.༡༦.ལ་སེར་བྱེས་རིག་མཛོད་ཆེན་མོའི་རྩོམ་སྒྲིག་པས་བཏུས་བསྒྲིགས་བྱས