འཕགས་པ་
འཕགས་པ་ཞེས་པའི་ཐ་སྙད་འདི་ནང་པ་སངས་རྒྱས་པའི་གཞུང་ལུགས་ཁག་ཏུ་ཡོན་ཏན་ཁྱད་པར་ཅན་དང་ལྡན་པའི་གང་ཟག་མཚོན་པར་བྱེད་པའི་ཆེད་དུ་བེད་སྤྱོད་གཏོང་བཞིན་ཡོད། སྤྱིར་འཕགས་པ་ཞེས་པ་ནི་བདེན་པ་མཐོང་བའི་གང་ཟག་སྟེ་འཇིག་རྟེན་པའི་གནས་སྐབས་ལས་འདས་ཤིང་མྱང་འདས་ཀྱི་ལམ་དུ་ཞུགས་པའི་སྐྱེས་བུ་དམ་པ་རྣམས་ལ་འཇུག་པར་བྱེད།
མཚན་ཉིད།
[རྩོམ་སྒྲིག]"དུག་རྣམ་པ་ལྔ་ལ་སོགས་པའི་སྐྱོན་རྣམས་སྤངས་ཏེ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པས་ན་འཕགས་པའོ། །"[༡]ཞེས་གསུངས་པ་ལྟར་རོ། །
སྒྲ་བཤད།
[རྩོམ་སྒྲིག]"ཨཱཪྱ་ནི་འཕགས་པ།"[༢] ཞེས་གསུངས་པ་ལྟར་སཾསྐྲྀ་ཏའི་སྐད་དུ་ཨཱཪྱ་ཞེས་པ་བོད་སྐད་དུ་འཕགས་པ་ཞེས་བསྒྱུར། "སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་བསྲིངས་ཏེ་སོང་བས་ན་འཕགས་པའོ། །"[༣]ཞེས་གསུངས་པ་ལྟར་རོ། །"སོ་སྐྱེའི་ས་ལས་རིང་དུ་འཕགས་པ་"[༤]ཅེས་གསུངས་པ་ལྟར་སོ་སོ་སྐྱེ་བོའི་གནས་སྐབས་ལས་ཁྱད་པར་དུ་འཕགས་པའི་དོན་ཡིན་ནོ། །
དབྱེ་བ།
[རྩོམ་སྒྲིག]"རྒྱལ་བའི་སྲས་པོ་བདེན་དོན་ཟབ་མོ་ལ་མཁས་པ་སྟེ་བདེན་པ་མཐོང་བའམ་ཤེས་རབ་སྦྱང་བ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཆེན་པོ་རྣམས་དང་། འཕགས་པ་དགྲ་བཅོམ་པ་"[༥]ཞེས་གསུངས་པ་དང་།"ཡང་དག་པའི་ལམ་དུ་ཞུགས་པ་ཉིད་ཀྱིས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་མིར་གྱུར་པ་"[༦]ཞེས་གསུངས་པ་ལྟར་འཕགས་པ་ནི་འཕགས་པའི་ལམ་ལ་ཞུགས་པའི་གང་ཟག་སྟེ་བདེན་པ་མངོན་སུམ་དུ་མཐོང་བའི་སྐྱེས་བུ་དམ་པ་རྣམས་སོ། །
རྩོད་སྤོང་།
[རྩོམ་སྒྲིག]"ཆོས་རྣམས་ཀྱི་རང་བཞིན་སྟོང་པ་ཉིད་འདི་ཡེ་ནས་གནས་ཏེ། མདོ་ཆེན་མོ་ལས་སངས་རྒྱས་འཇིག་རྟེན་དུ་བྱོན་ཡང་རུང་མ་བྱོན་ཡང་རུང་སྟེ། ཆོས་རྣམས་ཀྱི་མཚན་ཉིད་ནི་དེ་བཞིན་དུ་གནས་སོ་ཞེས་གསུངས་པའི་ཕྱིར་རོ། །"[༧]ཞེས་གསུངས་པ་ལྟར་འཕགས་པའི་གང་ཟག་བྱུང་མ་བྱུང་ལ་མ་ལྟོས་པར་ཆོས་ཉིད་རང་བཞིན་གྱིས་གནས་པ་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༩།
- ↑ ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་༢b
- ↑ དྲི་མེད་བཤེས་གཉེན། ཤེས་རབ་སྙིང་པོའི་རྒྱ་ཆེར་བཤད་པ། ཤིང་དཔར།
- ↑ ཨ་ལག་ཤ་ངག་དབང་བསྟན་དར། ཤེས་རབ་སྙིང་པོའི་འགྲེལ་པ་དོན་གསལ་ནོར་བུའི་འོད། ཤིང་དཔར།
- ↑ འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་༡༧b།
- ↑ སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་༡༦།
- ↑ ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག་ངོས་༦༥།