Jump to content

འདྲེ་ཡི་ཚུལ་

ཡོང་ཁུངས་Wikipedia

འདྲེ་ཡི་ཚུལ་ཞེས་པ་ནི་སྤྱོད་འཇུག་གི་ནང་དུ་བཤད་པའི་བདག་གཅེས་འཛིན་གྱི་ཉེས་དམིགས་སྟོན་པའི་ཐ་སྙད་ཅིག་ཡིན། དེ་ནི་རང་དོན་འབའ་ཞིག་ལ་གཙོ་བོར་དམིགས་ཏེ་གཞན་དོན་གྱི་ཕྱོགས་སུ་རྒྱབ་ཀྱིས་ཕྱོགས་པའི་བསམ་ཚུལ་ངན་པ་ལ་ཟེར། འདི་ནི་ལྷ་ཡི་ཆོས་དང་འགལ་བའི་སྤྱོད་ཚུལ་ཡིན་པར་བཤད།

ནང་དོན།

[རྩོམ་སྒྲིག]

རང་དོན་གཙོ་བོར་སེམས་པ། "གལ་ཏེ་སེར་སྣའི་དབང་གིས་ཡོ་བྱད་འདི་གཞན་ལ་བྱིན་པར་བྱས་ན་བདག་རང་གིས་ཅི་ཞིག་ལ་ལོངས་སྤྱོད་ཅེས་གཞན་ལྟོས་མེད་དུ་ཡལ་བར་བོར་ནས་བདག་བདེ་བའི་དོན་འབའ་ཞིག་གཙོ་བོར་སེམས་པ་ནི་འདྲེ་ཡི་ཚུལ་སྟེ་ཡི༌དྭགས་ཀྱི་སྤྱོད་ཚུལ་ཡིན་པས་དེས་འཇིགས་པ་སྐྱེད་པར་བྱེད་དེ་"[]ཞེས་སེར་སྣའི་དབང་གིས་རང་གི་དངོས་པོ་གཞན་ལ་སྦྱིན་པར་མི་དགའ་ཞིང་། ཕན་ཚུན་ལྟོས་གྲོགས་དང་བཅས་པའི་སྤྱི་ཚོགས་ཀྱི་བདེ་སྐྱིད་ལ་མི་བསམ་པར་རང་ཉིད་ཀྱི་བདེ་སྐྱིད་ཙམ་ལ་གཙོ་བོར་སེམས་པ་དེ་འདྲེ་ཡི་ཚུལ་ཡིན་ནོ། ། སེར་སྣ་དང་འབྲེལ་བ། "གལ་ཏེ་གཞན་ལ་བྱིན་ན་བདག་རང་གི་ཅི་ཞིག་ཟ་ཞིང་འཐུང་ཅི་ཞིག་གྱོན་ཅིང་ལོངས་སྤྱོད་ཅེས་བདག་རང་དོན་གཙོ་བོར་སེམས་ཤིང་བསམ་པ་ནི་སེར་སྣ་དང་འཇུར་གེགས་ཀྱིས་ཡི་དྭགས་དང་ཤ་ཟ་ལ་སོགས་པར་འབྱུང་པོར་སྐྱེ་བར་འགྱུར་བས་ན་འདྲེ་ཡི་ཚུལ་ལུགས་ངན་པ་ཡིན་"[]ཞེས་ཞལ་ཟས་གོས་གསར་ལ་སོགས་པ་གཞན་ལ་སྦྱིན་པ་དེས་ང་རང་གི་ལོངས་སྤྱོད་པ་ཅི་ཞིག་ལ་བྱ་ཞེས་རང་ལ་ཕན་པ་ཙམ་གཙོ་བོར་བསམ་པ་དེ་སེར་སྣའི་ཉེས་དམིགས་ཡིན་ཞིང་། དེ་ལྟ་བུའི་བསམ་ཚུལ་གྱིས་ཕྱི་མར་ངན་སོང་དུ་སྐྱེ་བར་འགྱུར་བའི་ཉེས་པ་ཆེན་པོ་ཡིན་ནོ། ། འབྲས་བུ་ངན་པ། "གལ་ཏེ་སེར་སྣའི་དབང་གིས་ནོར་ལ་སོགས་པ་གཞན་ལ་བྱིན་ན་རང་ཉིད་ཅི་ལོངས་སྤྱོད་ཅེས་བདག་དོན་འབའ་ཞིག་སེམས་པ་འདྲེའི་ཚུལ་ཏེ་འཇིགས་པ་བསྐྱེད་པའི་ཕྱིར་རོ། །"[]ཞེས་སེར་སྣ་དང་བདག་གཅེས་འཛིན་གྱི་ཉེས་དམིགས་སྟོན་པ་སྟེ། རང་གི་ནོར་རྫས་དངོས་པོ་རྣམས་གཞན་ལ་སྦྱིན་ན་ང་རང་གི་ལོངས་སྤྱོདཅི་ཞིག་བྱ་ཞེས་རང་དོན་ཙམ་ལ་འཆང་བ་དེ་འདྲེ་ཡི་ཚུལ་ཡིན་ཞིང་། དེ་ལྟ་བུའི་སེམས་པས་ཕྱི་མར་སྡུག་བསྔལ་གྱི་འབྲས་བུ་མྱོང་དགོས་པའི་འཇིགས་པ་ཡོད་པ་ཡིན་ནོ། །

ལྷ་ཡི་ཆོས་དང་འགལ་བ།

[རྩོམ་སྒྲིག]

"གལ་ཏེ་གཞན་ལ་བྱིན་ན་བདག་རང་ཅི་སྤྱད་ཅེས་རང་དོན་འབའ་ཞིག་སེམས་པ་ནི་འདྲེ་སྟེ་ཡི་དྭགས་ཀྱི་སྤྱོད་ཚུལ་ཡིན་ལ། གལ་ཏེ། སྤྱད་ན་ཅི་སྦྱིན་ཞེས་གཞན་དོན་སེམས་པ་ནི་ལྷ་ཡི་ཆོས་ཏེ་ཆོས་ལུགས་བཟང་པོ་ཡིན་ནོ། །"[]ཞེས་འདྲེ་ཡི་ཚུལ་དང་ལྷ་ཡི་ཆོས་གཉིས་ཀྱི་ཁྱད་པར་གསལ་པོར་སྟོན་པ་སྟེ། དངོས་པོ་གང་ཞིག་གཞན་ལ་སྦྱིན་ན་རང་གིས་ཅི་ལོངས་སྤྱོད་ཅེས་རང་དོན་ཙམ་ལ་བསམ་པ་དེ་འདྲེ་ཡི་ཚུལ་དང། ང་རང་གིས་ལོངས་སྤྱད་ན་གཞན་ལ་ཅི་སྦྱིན་ཞེས་གཞན་གྱི་དོན་གཙོ་བོར་བསམ་པ་དེ་ལྷ་ཡི་ཆོས་ཡིན་པར་བསྟན་ཏོ། ། ལྷ་ཡི་ཆོས་ཀྱི་ཁྱད་པར། "གལ་ཏེ་ནོར་རྫས་འདི་བདག་རང་གིས་ལོངས་སྤྱོད་པར་བྱས་ན་གཞན་ལ་ཅི་ཞིག་སྦྱིན་པར་བྱ་ཞེས་རང་ལྟོས་མེད་དུ་བོར་ནས་གཞན་བདེ་བའི་དོན་ཁོ་ན་གཙོ་བོར་སེམས་པ་ནི་ལྷ་ཡི་ཆོས་ཚུལ་ཡིན་པས་དེས་ཕུན་སུམ་ཚོགས་པའི་བདེ་བ་སྐྱེད་པར་བྱེད་དེ་གཏོང་སེམས་དེས་ཕྱི་མར་ལྷའི་རྒྱལ་པོ་ཚངས་དབང་སོགས་ཀྱི་དབང་ཕྱུག་ཐོབ་པའི་རྒྱུ་བྱེད་པས་སོ། །"[]ཞེས་ལྷ་ཡི་ཆོས་ཀྱི་ཁྱད་ཆོས་ནི་རང་གི་ནོར་རྫས་ལོངས་སྤྱོད་ཅིས་ཀྱང་གཞན་གྱི་བདེ་སྐྱིད་ལ་ཕན་ཐོགས་པ་བྱེད་དགོས་སམ་ཞེས་རང་གི་དོན་ལ་ལྟ་སྤྱོད་མེད་པར་གཞན་གྱི་དོན་ཁོ་ན་གཙོ་བོར་བསམ་པ་དེ་ལྷ་ཡི་ཆོས་ཡིན་པ་དང་། དེ་ལྟ་བུའི་སྦྱིན་པའི་སེམས་ཀྱིས་ཕྱི་མར་ལྷའི་གནས་མཐོ་རིས་སུ་སྐྱེ་བར་འགྱུར་རོ། །

བདག་གཞན་བརྗེ་བའི་ནང་དུ་བཤད་པ།

[རྩོམ་སྒྲིག]

རྣམ་པར་རྟོག་པའི་ཚུལ། "དངོས་པོ་འདི་ལ་རྙེད་ནས་དོན་དུ་གཉེར་བ་ཡང་འོངས་པར་གྱུར་པ་ན་དེ་ལ་ཅི་འདི་སྦྱིན་པའམ་འོན་ཏེ་སྤྱད་པར་བྱ་ཞེས་རྣམ་པར་རྟོག་པས་ངེས་པར་བྱེད་དོ། །"[]ཞེས་སེམས་ཅན་གཅིག་ལ་དངོས་པོ་གང་ཞིག་ཐོབ་སྐབས་དེ་གཞན་ལ་སྦྱིན་པ་དང་རང་གིས་སྤྱད་པ་གཉིས་ལས་གང་བྱས་ན་ལེགས་པའི་ཐག་གཅོད་བྱ་དགོས་པ་ལ་གོ་ལ། རང་དོན་གཙོ་བོར་བྱས་ན་འདྲེ་ཡི་ཚུལ་དང་གཞན་དོན་གཙོ་བོར་བྱས་ན་ལྷ་ཡི་ཆོས་སུ་འགྱུར་བར་བཤད་པ་ཡིན། སེར་སྣའི་འགྲོ་ལམ། "དེ་ལྟར་ན་བདག་གི་དོན་དུ་སྟེ་རང་གི་བདེ་བ་བསྒྲུབ་པའི་ཕྱིར་གཞན་ལ་རྒྱབ་ཀྱིས་ཕྱོགས་པས་འཇུག་པར་འདོད་པ་རྣམས་ཀྱི་འགྲོ་བར་གསུངས་པ་ཡིན་ཏེ། སེར་སྣ་གཙོ་བོར་གྱུར་པའི་ཕྱིར་རོ། །"[]ཞེས་སེར་སྣ་གཙོ་བོར་གྱུར་ནས་རང་གི་དོན་ཙམ་ལ་ཞེན་ནས་གཞན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན་རྣམས་ཀྱི་འགྲོ་ལམ་ངན་པ་སྟོན་པ་སྟེ། བདག་གཅེས་འཛིན་གྱི་དབང་གིས་གཞན་ལ་གནོད་པ་ཞིང་རང་ཉིད་ཀྱི་བདེ་སྐྱིད་ཙམ་འཚོལ་བའི་སྤྱོད་པ་དེ་ངན་སོང་གི་རྒྱུ་ཡིན་པར་བཤད་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

འདྲེ་ཡི་ཚུལ་ཞེས་པ་ནི་སྤྱོད་འཇུག་གི་ནང་དུ་བདག་གཅེས་འཛིན་གྱི་ཉེས་དམིགས་སྟོན་པའི་ཚུལ་དུ་བཤད་པའི་གལ་ཆེའི་ཐ་སྙད་ཅིག་ཡིན། དེ་ནི་སེར་སྣའི་དབང་གིས་རང་གི་དོན་འབའ་ཞིག་ལ་གཙོ་བོར་དམིགས་ཏེ་གཞན་གྱི་དོན་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཚུལ་ངན་པ་ལ་བརྗོད། འདི་ལྟ་བུའི་སེམས་ཚུལ་ནི་ལྷ་ཡི་ཆོས་ཞེས་པའི་གཞན་དོན་གཙོ་བོར་སེམས་པ་དང་འགལ་ཟླར་འདུག་ཅིང་། ཕྱི་མར་ཡི་དྭགས་དང་ཤ་ཟ་ལྟ་བུའི་ངན་སོང་དུ་སྐྱེ་བའི་རྒྱུ་བྱེད་ཅིང་། དེས་ན་འདྲེ་ཡི་ཚུལ་སྤང་ཞིང་ལྷ་ཡི་ཆོས་ཀྱི་ལམ་ལ་འཇུག་དགོས་པའི་གལ་ཆེའི་གདམས་ངག་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  7. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།