འདོད་ལྡན་
འདོད་ལྡན་ཞེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཆགས་ཤིང་སྲེད་པར་བྱེད་པའི་སེམས་ཅན་རྣམས་ལ་ཟེར། ནང་པ་སངས་རྒྱས་པའི་ཆོས་ལུགས་ནང་དུ་འདོད་ལྡན་ནི་འདོད་པ་དང་འདོད་ཡོན་ལ་ཆགས་ཞེན་ཆེན་པོ་ཡོད་པའི་སེམས་ཅན་ཞིག་ལ་གོ་ཞིང་། འདོད་པའི་དབང་གིས་མི་རིགས་པའི་སྒྲིབ་པ་དང་འཁྲུལ་པ་ལ་གཏིང་ནས་ཞུགས་པའི་མི་རིགས་པ་བསྟེན་མཁན་ཞིག་ལ་བརྗོད།
སྒྲ་བཤད།
[རྩོམ་སྒྲིག]འདོད་པ་ཞེས་པ་ནི་འདོད་ཡོན་ལྔ་པོ་སྟེ་གཟུགས། སྒྲ། དྲི། རོ། རེག་བྱ་བཅས་པ་དང་འདོད་ཁམས་སམ་འདོད་པའི་བདེ་བ་སོགས་ལ་བརྗོད། ལྡན་པ་ཞེས་པ་ནི་དེ་དག་ལ་ཆགས་པ་དང་སྲེད་པ། ལོངས་སྤྱོད་པ་བཅས་པའི་དོན། དེའི་ཕྱིར་འདོད་ལྡན་ཞེས་པ་ནི་འདོད་པའི་ཡོན་ཏན་དང་ལྡན་ཞིང་དེ་ལ་ཆགས་པར་བྱེད་པའི་སེམས་ཅན་གྱི་རིགས་ལ་བརྗོད་པ་ཡིན།
མཚན་ཉིད།
[རྩོམ་སྒྲིག]"འདོད་པའི་དུག་ཆུས་མྱོས་པའི་འདོད་ལྡན་ངན་པ་ཤེས་རབ་ཀྱི་མིག་གཏི་མུག་གིས་བསྒྲིབས་པའི་རྨོངས་པ་"[༡]ཞེས་གསུངས་ཏེ། "འདོད་ལྡན་ཏེ་འདོད་པའི་བདེ་བ་འདོད་པས་གང་ལས་མི་གཙང་བ་ལ་རྨོངས་ཏེ།"[༢] ཞེས་པ་ལྟར། འདོད་པ་དང་འདོད་ཡོན་ལ་ཆགས་ཞེན་གྱིས་གཙང་མི་གཙང་མ་ཤེས་པར་འཁྲུལ་བའི་སེམས་ཅན་ཞིག་ལ་གོ་དགོས།
དབྱེ་བ།
[རྩོམ་སྒྲིག]དམན་པའི་འདོད་ལྡན། འདོད་ལྡན་གྱི་སྐྱེ་བོ་དམན་པ་ཁ་ཅིག་ནི་ལས་ངན་དང་བྲན་གཡོག་སོགས་དམན་པའི་ལས་ཀྱིས་ཉིན་རངས་ངལ་དུབ་དང་མཚན་མོ་ཉལ་རོ་བྱེད་པའི་སེམས་ཅན་རྣམས་ཡིན། "འདོད་ལྡན་གྱི་སྐྱེ་བོ་མ་རབས་ངན་པ་བྲན་གཡོག་སོགས་ཁ་ཅིག་ནི་ཉིན་རངས་ཏེ་ཉི་མ་རིལ་བོ་ལ་རྩ་ཤིང་འཐུ་ཞིང་འཁུར་བ་དང་ཞིང་ལས་ལ་སོགས་པ་དམན་པའི་ལས་སྣ་ཚོགས་ཀྱིས་ལུས་སེམས་ཡོངས་སུ་ངལ་ཞིང་དུབ་སྟེ་ནུབ་མོ་ཁྱིམ་དུ་འོངས་ནས་ཤ་ཐང་ཆད་པའི་ལུས་མཚན་ཐོག་ཐག་ལ་རོ་དང་འདྲ་བར་གཉིད་ལོག་ནས་ཉལ་བར་བྱེད་པ་ལས་འདོད་པ་བསྟེན་པའི་ནུས་པ་མེད་ཅིང་།"[༣] ཞེས་གསུངས།
འདོད་ཆེན་གྱི་འདོད་ལྡན། "འདོད་ཆེན་གཞན་ཁ་ཅིག་ནི་ཚོང་དང་ཁེ་སྤོགས་སོགས་ཀྱི་ཕྱིར་དང་ཁ་ཅིག་གཞན་གྱི་ནོར་འཕྲོག་པ་དང་རྐུ་བ་ལ་སོགས་པའི་ཆེད་དུ་བྱེས་སུ་བགྲོད་པའམ་ཡུལ་ཐག་རིང་གཞན་དུ་བགྲོད་པས་ངལ་ཞིང་ཉོན་མོངས་པར་གྱུར་པ་"[༤]རྣམས་ནི་འདོད་ལོབ་ཆེན་པོ་ཡིད་པའི་འདོད་ལྡན་རྣམས་ཡིན།
ཆད་པ་ཕོག་པའི་འདོད་ལྡན། "འདོད་ལྡན་ལ་ལ་ཞིག་འདོད་པ་ལ་ཆགས་པའི་རྒྱུས་གཞན་གྱི་ཆུང་མ་ཕྲོག་པ་དང་ཕ་རོལ་གྱི་ནོར་རྫས་སོགས་རྐུ་འཕྲོག་བྱས་པས་དེ་དག་གི་བདག་པོ་འམ་རྒྱལ་པོ་སོགས་ཀྱི་ཆད་པ་ཕོག་ནས་རང་གི་ལུས་ཀྱང་མཚོན་ཆས་བཅད་པ་དང་གཞན་ཁ་ཅིག་ནི་རྒྱལ་པོའི་ཆད་པས་གསལ་ཤིང་རྣོན་པོའི་རྩེ་མོ་ལ་བཙུགས་པ་འམ་བཀལ་བ་"[༥]རྣམས་ལ་བརྗོད།
འདོད་ལྡན་གྱི་རང་བཞིན་དང་ཉེས་དམིགས།
[རྩོམ་སྒྲིག]རྨོངས་པའི་རང་བཞིན། "འདོད་ལྡན་ངན་པ་རྨོངས་པ་རྣམས་ཤིང་བལ་རེག་ན་འཇམ་པ་ལའང་འདིས་ཉལ་པོ་བྱ་བར་མི་ནུས་སོ་ཞེས་ཤིང་བལ་དེ་ལ་ཁྲོ་བ་དག་ཏུ་བྱེད་པས་ན་རེག་བྱ་ལ་མི་ཆགས་པར་མི་གཙང་བ་ལ་ཆགས་པར་ངེས་པས་དེ་མི་རིགས་སོ། །"[༦]ཞེས་གསུངས་པ་ལྟར། འདོད་ལྡན་རྣམས་ནི་གཙང་མི་གཙང་ཤེས་པའི་ཤེས་རབ་མེད་པར་འཁྲུལ་བ་འབའ་ཞིག་ཡིན།
ཉེས་དམིགས་མང་བ། "འདོད་ཡོན་ལ་ཞེན་ཅིང་ཆགས་པ་དང་ལྡན་པ་རྣམས་ལ་སྔར་བཤད་པ་དེ་ལ་སོགས་པའི་སྡུག་བསྔལ་གྱི་ཉེས་དམིགས་ཤིན་ཏུ་མང་ལ་འབྲས་བུ་བདེ་བའི་མནོག་ཆུང་བ་སྟེ་ཕལ་ཆེར་ཡུལ་ཤེས་འཕྲད་པའི་བདེ་བ་སྐད་ཅིག་མ་ཙམ་སྟེ་དཔེར་ན་ཤིང་རྟ་ཆེན་པོ་འདྲེན་པའི་ཕྱུག་མང་པོ་དག་ལས་གང་གིས་མནོག་ཆུང་ངུ་རྩ་ནི་ཁམས་འགའ་ཞིག་ཟོས་བར་གྱུར་པ་ན་ཉེས་དམིགས་ཆེན་པོ་ལུས་ཤིང་རྟའི་འཁོར་ལོས་བཅོམ་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་བ་བཞིན་ནོ། །"[༧]ཞེས་པ་ལྟར་ཉེས་དམིགས་མང་ལ་བདེ་བ་ཆུང་བ་ཡིན།
དོན་མེད་པའི་སྡུག་བསྔལ། "འདོད་ལྡན་ངན་པ་རྣམས་ཐོག་མེད་ནས་འདོད་ཡོན་ལ་ཆགས་པའི་དབང་གིས་ངན་སོང་སོགས་སྲིད་པའི་གནས་འདིར་དཀའ་ཚེགས་ངལ་དུབ་དཔེ་དཔག་མེད་མྱོང་བ་དེ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སློབ་པའི་དུས་སུ་དཀའ་སྤྱད་ཀྱི་སྡུག་བསྔལ་མྱོང་དགོས་པ་དེ་བས་ཀྱང་རྒྱུ་སྡུག་བསྔལ་ཆེ་ལ་འབྲས་བུ་བྱང་ཆུབ་ཀྱང་ཐོབ་པ་མེད་པས་ན་སྔར་སྡུག་བསྔལ་མྱོང་བ་རེ་ཐམས་ཅད་ནི་དོན་ཅི་ཡང་མེད་པའོ། །"[༨]ཞེས་སྡུག་བསྔལ་ཆེ་ལ་དོན་མེད་པ་ཡིན།
འདོད་ལྡན་དང་བྱང་སེམས་ཀྱི་འདུ་ཤེས་ཐ་དད། "བྱང་སེམས་ཀྱིས་དུས་ངེས་པ་ཅན་གྱི་ཡུན་ཐུང་ངུར་རང་དབང་ཡོད་ཅིང་འདོད་བཞིན་དུ་གཞན་དོན་དུ་དཀའ་སྤྱད་ཙམ་གྱི་སྡུག་བསྔལ་ཆུང་ངུ་མྱོང་བ་ལས་ནི་འབྲས་བུ་བྱང་ཆུབ་ཐོབ་པ་ཡོད་ལ། འདོད་ཆེན་ལྡན་པ་དག་དུས་ཚད་མེད་པའི་ཡུན་རིང་པོར་རང་དབང་མེད་ཅིང་མི་འདོད་བཞིན་དུ་དོན་ཅི་ཡང་མེད་པར་མནར་མེད་སོགས་ཀྱི་སྡུག་བསྔལ་ཆེན་པོ་མྱོང་བར་བྱས་པ་ལའང་འབྲས་བུ་བྱང་ཆུབ་ཐོབ་པ་མེད་"[༩]ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་རང་དབང་དང་ལྡན་ཞིང་དུས་ཐུང་ངུར་གཞན་དོན་གྱི་དཀའ་སྤྱད་ལས་འབྲས་བུ་ཆེན་པོ་ཐོབ་ལ། འདོད་ལྡན་རྣམས་རང་དབང་མེད་ཅིང་དུས་རིང་པོར་དོན་མེད་པའི་སྡུག་བསྔལ་མྱོང་ལ་འབྲས་བུ་བྱང་ཆུབ་མི་ཐོབ་པ་ཡིན།
བསྡུས་དོན།
[རྩོམ་སྒྲིག]འདོད་ལྡན་ཞེས་པ་ནི་འདོད་པའི་ཡོན་ཏན་ལ་ཆགས་ཞེན་ཆེན་པོ་ཡོད་པའི་སེམས་ཅན་ལ་བརྗོད། དེ་དག་གི་རང་བཞིན་ནི་ཤེས་རབ་ཀྱི་སྤྱན་གྱིས་གཙང་མི་གཙང་ཕྱེད་མི་ཐུབ་པར་འཁྲུལ་ཞེན་དང་རྨོངས་པ་ལ་ཞུགས་པ་ཡིན། དེ་དག་གིས་འདོད་པའི་དོན་དུ་སྡུག་བསྔལ་དཔེ་མེད་མྱོང་ལ་འབྲས་བུ་བདེ་བ་ཆུང་ངུ་ཡང་མི་ཐོབ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཉུང་ངུའི་དཀའ་སྤྱད་ལས་འབྲས་བུ་ཆེན་པོ་ཐོབ་པ་དང་འགལ་ཏེ། འདོད་ལྡན་རྣམས་དཀའ་སྤྱད་ཆེ་ལ་འབྲས་བུ་མེད་པའི་ཕྱིར་སྤང་དགོས་པའི་བརྙས་བཅོས་སུ་གཏོགས་པ་ཞིག་ཡིན་ནོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།