Jump to content

འདོད་ཁམས་

ཡོང་ཁུངས་Wikipedia

འདོད་ཁམས་ནི་ནང་པ་སངས་རྒྱས་པའི་གཞུང་ལས་བཤད་པའི་ཁམས་གསུམ་གྱི་ནང་གསེས་ཤིག་ཡིན་ཞིང་། འདོད་པའི་ཡོན་ཏན་ལྔ་ (གཟུགས། སྒྲ། དྲི། རོ། རེག་བྱ།) དང་། འཁྲིག་པ་དང་ཁམ་ཟས་ཀྱི་སྲེད་པ་ལ་ལོངས་སྤྱོད་པའི་སྣོད་བཅུད་ཀྱི་འཇིག་རྟེན་ལ་གོ།

ངོ་བོ་དང་སྒྲ་བཤད།

[མ་ངོས་ཞུ་དག]

ངོ་བོ། འདོད་པར་སྤྱི་མཐུན་གྱི་ལས་ཀྱིས་སྐྱེས་ཤིང་འདོད་ཆགས་དང་བྲལ་མ་བྱས་པའི་སྣོད་བཅུད་ཀྱི་འཇིག་རྟེན་ལ་འདོད་ཁམས་ཞེས་བྱ།

སྒྲ་བཤད། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའམ། འཁྲིག་པ་དང་ཁམ་ཟས་དོན་གཉེར་གྱི་སྲེད་པ་དང་ལྡན་པས་ན་ “འདོད་ཁམས་” ཞེས་བརྗོད།

ནང་གསེས་འགྲོ་བ་རིགས་དྲུག་གི་དབྱེ་བ།

[མ་ངོས་ཞུ་དག]

འདོད་ཁམས་སུ་གཏོགས་པའི་བཅུད་ཀྱི་སེམས་ཅན་རྣམས་ཀྱི་ངོ་སྤྲོད་གཤམ་གསལ་ལྟར་ཡིན།

དམྱལ་བ། བསོད་ནམས་མ་ཡིན་པའི་ལས་ཀྱིས་ཁྲིད་ཅིང་། རྣམ་སྨིན་མ་ཟད་བར་སྐྱབས་མི་རྙེད་པས་དམྱལ་བ་ཞེས་བྱ།

ཡི་དྭགས། སྔོན་གྱི་ལས་ཀྱིས་ཕྱིར་མི་ལྡོག་པར་སོང་ཞིང་རྟག་ཏུ་བཀྲེས་སྐོམ་གྱིས་ནོན་པས་ཡི་དྭགས་ཞེས་བྱ།

དུད་འགྲོ། མི་ལྟར་འགྲེངས་ཏེ་མི་འགྲོ་བར་ལུས་དུད་དེ་འགྲོ་བས་དུད་འགྲོ་ཞེས་བྱ། འདི་ལ་གནས་ངེས་པ་མེད།

མི། ཡིད་ཤས་ཆེ་བས་སམ། ཡང་ན་སྐྱེ་དགུའི་བདག་པོ་ཤེད་ཀྱི་བུ་ཡིན་པས་མི་ཞེས་བརྗོད།

ལྷ་མ་ཡིན། ལྷ་དང་འགྲན་སེམས་ཆེ་ཞིང་ལྷ་དང་འཐབ་རྩོད་བྱེད་པའི་རིགས།

འདོད་ལྷ། འདོད་པའི་ལོངས་སྤྱོད་ལ་སྤྱོད་པའི་ལྷ་རིགས་དྲུག

འདོད་ཁམས་ཀྱི་གནས་རིགས་དབྱེ་ཚུལ།

[མ་ངོས་ཞུ་དག]

མཁས་པ་སོ་སོའི་བཞེད་པ་ལྟར་གནས་ཀྱི་གྲངས་འདྲེན་ཚུལ་མི་འདྲ་བ་ཡོད་དེ།

ཀ། གནས་རིགས་ཉི་ཤུའི་བཞེད་པ། དམྱལ་བ་ཚ་དམྱལ་བརྒྱད་དང་། མི་གླིང་བཞི། འདོད་ལྷ་དྲུག ཡི་དྭགས། དུད་འགྲོ་བཅས་ངན་འགྲོ་དང་བདེ་འགྲོའི་གནས་བཅུ་བཅུ་སྟེ་ཉི་ཤུའོ།།

ཁ། གནས་སོ་དྲུག་གི་བཞེད་པ། (སའི་དངོས་གཞི་ལྟར་) ངན་འགྲོའི་གནས་བཅོ་བརྒྱད། ཚ་དམྱལ་བརྒྱད། གྲང་དམྱལ་བརྒྱད། ཡི་དྭགས། ལྷ་མིན་བཅས་སོ།།

བདེ་འགྲོའི་གནས་བཅོ་བརྒྱད། གླིང་བཞི་དང་གླིང་ཕྲན་བརྒྱད། འདོད་ལྷ་རིགས་དྲུག་བཅས་སོ།།

༤། འདོད་ལྷ་རིགས་དྲུག འདོད་ཁམས་ཀྱི་ལྷ་རྣམས་ནི་ལོངས་སྤྱོད་ལ་རོལ་སྟངས་ཀྱི་སྒོ་ནས་དྲུག་ཏུ་དབྱེ་བ་ཡིན།

རྒྱལ་ཆེན་བཞི་པ། རི་རབ་ཀྱི་ཁྱུད་ལ་གནས་ཤིང་འཇིག་རྟེན་སྐྱོང་བའི་ལྷ།

སུམ་ཅུ་རྩ་གསུམ་པ། རི་རབ་ཀྱི་རྩེ་མོར་གནས་ཤིང་གཙོ་བོ་སོ་གསུམ་ཡོད་པ།

འཐབ་བྲལ། ལྷ་དང་ལྷ་མིན་གྱི་འཐབ་རྩོད་དང་བྲལ་བའི་གནས་ནམ་མཁའ་ལ་ཡོད་པ།

དགའ་ལྡན། ཆོས་ཀྱི་དགའ་བདེ་ལྷག་པར་ཆེ་བའི་གནས་མཆོག་ཅིག

འཕྲུལ་དགའ། རང་གིས་སྤྲུལ་པའི་ལོངས་སྤྱོད་ལ་དགའ་བར་བྱེད་པའི་ལྷ།

གཞན་སྤྲུལ་དབང་བྱེད། གཞན་གྱིས་སྤྲུལ་པའི་ལོངས་སྤྱོད་ལ་དབང་བསྒྱུར་བའི་ལྷ།

དཔྱད་གཞིའི་ཡིག་ཆ།

[མ་ངོས་ཞུ་དག]

ཀུན་མཁྱེན་རོང་སྟོན། 《མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ།》

ཀུན་མཁྱེན་གོ་རམས་པ། 《ངོ་མཚར་སུམ་ལྡན།》

པཎ་ཆེན་བསོད་ནམས་གྲགས་པ། 《མཛོད་ཤེས་བྱ་རབ་གསལ།》

ཀུན་མཁྱེན་འཇམ་དབྱངས་བཞད་པ། 《མཛོད་མཐའ་དཔྱོད།》

ཀརྨ་པ་མི་བསྐྱོད་རྡོ་རྗེ། 《མཛོད་འགྲེལ་གྲུབ་བདེའི་དཔྱིད་འཇོ།》