Jump to content

འདུད་པ་

ཡོང་ཁུངས་Wikipedia

འདུད་པ་ཞེས་པ་ནི་བོད་ཀྱི་ནང་པའི་ཆོས་ལུགས་སུ་སེམས་ཅན་ཡོངས་ལ་ང་རྒྱལ་མེད་པའི་དམའ་འགྱུར་གྱིས་ཕྱག་འཚལ་བ་དང་། ཞེ་སྡང་ཉོན་མོངས་པའི་དགྲ་བོ་སོགས་ལ་དབང་དུ་མི་འགྱུར་བར་གཉེན་པོ་ལྷུར་བླང་བའི་ངོ་བོ་ཅན་གྱི་ཐ་སྙད་ཅིག་ཡིན་ནོ། །

སེམས་ཅན་ལ་འདུད་པ།

[རྩོམ་སྒྲིག]

སེམས་ཅན་ལ་འདུད་པའི་སྒོ་ནས་ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའི་རྣམ་འགྱུར་དེ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཏེ། དཀོན་མཆོག་གི་ཟ་མ་ཏོག་ལས། "འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ཤིང་གང་དག་རླུང་གིས་བཏུད་ཀུན་ཏུ་བཏུད་རབ་ཏུ་བཏུད་པ་དེ་དག་འགྱེལ་པའི་འཇིགས་པ་མེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་ལ་འདུད་ཀུན་ཏུ་འདུད་རབ་ཏུ་འདུད་པ་དེ་དག་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བའི་འཇིགས་པ་མེད་དོ། །འཇམ་དཔལ་འདི་ལྟ་སྟེ་དཔེར་ན་ནམ་རྒྱ་མཚོ་ཆེན་པོ་དང་པོ་གནས་པ་དེའི་ཚེ་ས་ཆེན་པོ་ཐམས་ཅད་ཀྱི་ནང་ན་དམའ་བའི་ཕྱོགས་དེར་དང་པོ་གནས་ཏེ་དེ་ནས་འབབ་ཆུའི་རྒྱུན་ཐམས་ཅད་ཚེགས་ཆུང་ངུས་དེར་མངོན་དུ་འབབ་པར་འགྱུར་རོ། །དེ་བཞིན་དུ་ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཚེགས་ཆུང་ངུས་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངོན་དུ་འགྱུར་རོ། །"ཞེས་གསུངས།

འདིའི་གོ་དོན་ལ། ཤིང་ནི་རླུང་གིས་བཏུད་པས་འགྱེལ་བའི་ཉེན་ཁ་མེད་པ་དང་འདྲ་བར། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་དམའ་འགྱུར་གྱིས་འདུད་པ་ནི་ཐེག་པ་དམན་པའི་སར་ལྷུང་བའི་ཉེན་ཁ་མེད་པ་ཡིན་ནོ། །དེ་བཞིན་དུ་རྒྱ་མཚོ་དམའ་བའི་ས་གནས་སུ་གནས་པས་འབབ་ཆུ་ཚང་མ་དེར་འབབ་པ་ལྟར། ང་རྒྱལ་མེད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བ་ཡིན་ནོ། །"ཕ་རོལ་གྱི་ལས་སྒྲུབ་པ་ན་གཞན་ཁྱད་དུ་བསད་ནས་རློམ་པས་སྒྲུབ་པ་མིན་གྱི་བརྩེ་བའི་རྣམ་པ་ཅན་དུ་བལྟས་ནས་ཉོན་མོངས་པའི་ང་རྒྱལ་དང་མ་འདྲེས་པར་སྒྲུབ་པ་ཡིན་ནོ། །"[]ཞེས་གསུངས་པ་ལྟར། གཞན་གྱི་ཕན་པ་བྱེད་སྐབས་སེམས་ཅན་ལ་བརྩེ་བའི་ཐུགས་ཀྱིས་བལྟས་ནས་ཉོན་མོངས་པའི་ང་རྒྱལ་དང་མ་འདྲེས་པར་བྱ་དགོས་པ་ཡིན་ནོ། །

ཉོན་མོངས་པའི་དགྲ་ལ་འདུད་པ།

[རྩོམ་སྒྲིག]

ཉོན་མོངས་པའི་དགྲ་བོ་ལ་འདུད་པ་ཞེས་པ་ནི་ཞེ་སྡང་སོགས་ཉོན་མོངས་པ་རྣམས་ལ་དབང་དུ་མི་འགྱུར་བའི་དཔའ་བའི་སེམས་ཤུགས་ལ་གོ་བ་ཡིན་ཏེ། "ཉམས་ང་ཇི་ལྟར་ན་བདག་ནི་མེར་བསྲེག་ཏེ་བསད་པར་གྱུར་ཏམ་བདག་གི་མགོ་བོར་རལ་གྲི་སོགས་ཀྱིས་བཅད་ཀྱང་སླའི་དུས་དང་རྣམ་པ་ཀུན་ཏུ་ཆགས་སོགས་ཉོན་མོངས་པའི་དགྲ་བོ་འདི་ལ་འདུད་ཅིང་དབང་དུ་གཏོང་བར་མི་བྱའོ། །"[]ཞེས་གསུངས།

གཉེན་པོ་བསྟེན་པའི་ནུས་པ།

[རྩོམ་སྒྲིག]

གཉེན་པོ་བསྟེན་པའི་ནུས་པ་དེ་ནི་ཉོན་མོངས་པ་སྤོང་བའི་དཔའ་བའི་སེམས་ཤུགས་ལ་ཟེར་ཏེ། "ཉོན་མོངས་པ་སྐྱེ་བའི་ཕྱོགས་ཀྱི་ཁྲོད་དེ་འདོད་ཆགས་སྐྱེ་བའི་རྐྱེན་བུད་མེད་དང་ཞེ་སྡང་སྐྱེ་བའི་རྐྱེན་མ་རུངས་བའི་སེམས་ཅན་སོགས་ཉོན་མོངས་པ་སྐྱེ་བའི་རྐྱེན་གནོད་པ་ཆེན་པོ་ཅི་ཙམ་མང་ཞིང་ཉེ་བར་གྱུར་པ་གནས་ན་དེ་ཙམ་དུ་གཉེན་པོ་ལྷག་པར་བསྐྱེད་དེ་བློ་རྣམ་པ་སྟོང་འགྱུར་དུ་སྲན་གཟུགས་པར་བྱ་དགོས་ཏེ། དཔེར་ན་ཝ་ལ་སོགས་པས་སེང་གེ་ལ་གནོད་པ་ཅི་ཡང་མི་ཚུགས་པ་བཞིན་དུ་ཆགས་སྡང་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཀྱིས་རང་རྒྱུད་ལ་མི་ཚུགས་པར་བྱ་དགོས་སོ། །"[]ཞེས་གསུངས།

"བདག་ནི་མེས་བསྲེགས་ཏེ་བསད་པར་གྱུར་ཏམ། བདག་གི་མགོ་བོ་བཅད་ཀྱང་བླའི་རྣམ་པ་ཀུན་ཏུ་ཉོན་མོངས་པའི་དགྲ་ལ་འདུད་པར་མི་བྱའོ། །དེ་བཞིན་དུ་གནས་སྐབས་ཐམས་ཅད་དུ་སྤང་བྱ་འཇོམས་ཤིང་གཉེན་པོ་བསྟེན་པའི་བྱ་བ་བྱེད་པ་རིགས་པ་ལས་ནི་བྱ་བ་གཞན་མི་སྤྱད་དོ། །"[]ཞེས་གསུངས་པ་ལྟར། ཉོན་མོངས་པའི་དགྲ་བོ་རྣམས་ལ་གཏན་ནས་དབང་དུ་མི་འགྱུར་བའི་དམ་བཅའ་ལྷུར་བླང་དགོས་པ་ཡིན་ནོ། །

དགེ་བའི་ལས་ལ་དགའ་བའི་འདུད་པ།

[རྩོམ་སྒྲིག]

"བྱིས་པ་ཆུང་ངུ་རྩེད་མོ་ལ་དགའ་བ་རྣམས་ཚེ་འདིའི་ལན་དང་ཕྱི་མའི་འབྲས་བུ་ལ་རེ་བ་མེད་པར་རྩེད་མོའི་བདེ་བའི་འབྲས་བུ་ཙམ་ཁོ་ན་འདོད་ནས་རྩེད་མོའི་ལས་དེས་མི་ངོམས་པར་འཇུག་པ་ལྟར་བྱང་ཆུབ་སེམས་དཔའ་འདི་ཡིས་བྱ་བའི་ལས་གཞན་དོན་དུ་སྦྱིན་སོགས་ཕར་ཕྱིན་དྲུག་སྤྱོད་བ་ལ་སོགས་པ་གང་ཡིན་པའི། ལས་བཟང་པོ་དེ་ལ་ནི་ལན་དང་རྣམ་སྨིན་ལ་རེ་བ་མེད་པར་མངོན་པར་ཞེན་པར་བྱ་སྟེ། བྱང་ཆུབ་ཀྱི་སྤྱོད་པའི་ལས་དེས་མི་ངོམས་པར་གོང་ནས་གོང་དུ་འགྱུར་བ་ལ་ཤིན་ཏུ་དགའ་ཞིང་སྤྲོ་བས་འཇུག་པར་བྱའོ། །"[]ཞེས་གསུངས།

"འཇིག་རྟེན་ཕལ་བ་རྣམས་ཀྱིས་བདེ་བའི་འབྲས་བུ་ཐོབ་པའི་དོན་དུ་ཚོང་དང་སོ་ནམ་སོགས་ཀྱི་ལས་ལ་འབད་པར་བྱས་ཀྱང་འབྲས་བུ་བདེ་བ་དེ་ཐོབ་པར་འགྱུར་རམ་མི་འགྱུར་གཏོལ་མེད་འདི། བྱང་ཆུབ་སེམས་དཔའ་གང་གི་ལས་སྦྱིན་པ་གཏོང་བ་དང་ཚུལ་ཁྲིམས་བསྲུང་བ་ལ་སོགས་པའི་དགེ་བ་ཉིད་ནི་འབྲས་བུ་བདེ་བ་ཐོབ་པར་འགྱུར་བ་ཡིན་པ་དེ་ལྟ་བུའི་ལས་དེ་མི་བྱེད་པར་མི་དགེ་བ་བྱེད་པ་རྣམས་ནི་ཇི་ལྟར་བདེ་སྟེ་འདི་ཕྱི་ཀུན་ཏུ་མི་བདེ་བར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། དགེ་བའི་ལས་ཉིད་ཀྱིས་འབྲས་བུ་བདེ་བ་སྐྱེད་པའི་ཡོན་ཏན་ཡོད་པས་དེ་ལ་འདུད་པའི་སེམས་ཤུགས་བསྐྱེད་དགོས་སོ། །

བསྡུས་དོན།

[རྩོམ་སྒྲིག]

འདུད་པ་ཞེས་པ་ནི་སེམས་ཅན་ཡོངས་ལ་ང་རྒྱལ་མེད་པའི་དམའ་འགྱུར་གྱིས་ཕྱག་འཚལ་བ་དང་། ཉོན་མོངས་པའི་དགྲ་བོ་ལ་དབང་དུ་མི་འགྱུར་བའི་དཔའ་བའི་སེམས་ཤུགས། དགེ་བའི་ལས་ལ་དགའ་བའི་སེམས་ཤུགས་བཅས་ཀྱི་གོ་དོན་ཅན་གྱི་ཐ་སྙད་ཅིག་ཡིན། འདིའི་གཙོ་དོན་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒོ་ནས་ཉོན་མོངས་པ་སེལ་ཞིང་དགེ་བའི་ལས་འབད་པའི་དཔའ་བའི་སེམས་ཤུགས་འདི་ཐུགས་རྒྱུད་དུ་བསྐྱེད་དགོས་པ་དེ་ཡིན། དཔེར་ན་སེང་གེས་ཝ་ལ་སོགས་པ་ལ་མི་འཇིགས་པ་ལྟར། བྱང་ཆུབ་སེམས་དཔའ་ཡང་ཉོན་མོངས་པའི་ཚོགས་རྣམས་ལ་མི་འཇིགས་པར་གཉེན་པོའི་སྟོབས་ཀྱིས་སྲན་གཟུགས་པར་བྱ་དགོས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
  5. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  6. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།