འདི་སྒྲ་
འདི་སྒྲ་ནི། དུས་ད་ལྟ་བ་ལ། བསྐལ་བ་འདི། ལོ་འདི། ཟླ་བ་འདི། ཞག་འདི། དུས་ཚོད་འདི། ཞེས་འདི་སྒྲ་འཇུག་པ་ལས་དེ་སྒྲ་མི་འཇུག་ལ། འོན་ཀྱང་ད་ལྟ་བའི་དངོས་པོ་ལ་མི་འཇུག་མ་ཡིན་ཏེ། བདག་ཉིད་མ་གཏོགས་དུས་གསུམ་ཀའི་དངོས་པོ་ལ་འཇུག་པ་དཔེ་བརྗོད་ལྔ་མ་རྣམས་ཀྱིས་ཤེས་པར་བྱའོ། ཐ་སྙད་ལ་འཇུག་པའི་སྐབས་སུ་བཤད་པ་མིང་ཚིག་གི་ཐ་སྙད་ཙམ་འདས་པ་དང་། འདིར་དུས་འདས་པ་དང་མ་འོངས་པ་ལ་དེ་སྒྲ་འཇུག་ཚུལ་བཤད་པ་ཡིན་སྟབས། སྔར་མ་ལ་ཐ་སྙད་འདས་པ་ཞེས་བརྗོད་པ་དང་། འདིར་དུས་ཀྱི་དབང་གིས་གཉིས་ཞེས་བཤད་པ་ཡིན། དགོས་པ་མི་འདྲ་བ་ཡོད་གཤིས། ཟློས་སྐྱོན་མི་འབྱུང་བ་ཤེས་དགོས་སོ། འདི་ཞེས་པའི་ཚིག་ཕྲད་དུས་གསུམ་གྱི་ནང་ནས་ད་ལྟ་བ་དང་། དངོས་པོ་ཉེ་རིང་གཉིས་ཀྱི་ནང་ནས་ཉེ་བ་དང་། མངོན་ལྐོག་གཉིས་ཀྱི་ནང་ནས་མངོན་སུམ་དང་། བདག་གཞན་གཉིས་ཀྱི་ནང་ནས་གཞན་ལ་འཇུག་ཅིང་། དངོས་པོའི་དབང་དུ་བྱས་ན་འདས་པ་དང་། མ་འོངས་པའི་དངོས་པོ་ལ་ཡང་འཇུག་པར་སྨྲ་སྒོ་ལས་བཤད་ལ་དེ་ལས་གཞན་ལ་མི་འཇུག་གོ། དུས་ད་ལྟ་བ་ལ་འཇུག་པ་ནི། ལོ་འདི་ལ། ཟླ་བ་འདིའི་ནང་། བསྐལ་བ་འདི་ལྟ་བུ། དངོས་པོ་ཉེ་བ་ལ་འཇུག་པ་ནི། དཔེར་ན། གསེར་འདི། འཁོར་ལོ་འདི། མི་འདི། ཞེས་རང་གི་ཉེ་བར་ཡོད་པ་དང་མངོན་སུམ་དུ་ཡོད་པ་དག་ལ་འདི་སྒྲ་འཇུག་ལ། རིང་བ་དང་། མངོན་མ་གྱུར་པ་དག་ལ་འདི་སྒྲ་མི་འཇུག་པར་དེ་སྒྲ་འཇུག་སྟེ། གསེར་དེ། འཁོར་ལོ་དེ། མི་དེ་ཞེས་བརྗོད་དགོས་སྟབས། འདི་སྒྲ་ལ་ཉེ་ཚིག་དང་དེ་སྒྲ་ལ་རིང་ཚིག་ཟེར་རོ། ད་ཞེས་པའི་ཚིག་ཕྲད་ནི་བརྗོད་བྱ་སྟོན་པའི་ཚིག་ཕྲད་ཡིན་ཏེ། དུས་འདས་པ་དང་མ་འོངས་པ་ལ་མི་སྦྱོར་རོ། དཔེར་ན། ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། ལྟ་བུ་དང་། དུས་ད་ནས་བཟུང་སྟེ། ད་སྐབས། ད་ལན། ད་ཐེངས། ལྟ་བུའོ། ད་ཅི་བྱེད་ཅེས་པ་ད་ནས་བཟུང་བྱ་བ་ཅི་ཞིག་བྱེད་ཅེས་པའི་དོན་ཡིན་སྟབས་ད་དེ་ད་ལྟ་བ་ལ་འཇུག་ལ། ད་དུང་དང་ད་རུང་ཞེས་པའི་ད་གཉིས་ནི་ད་ལྟ་བ་ལ་འཇུག་པ་མིན་ཏེ། དེའི་དོན་ནི། དེས་མི་ཚད་གཞན་ཞིག་ཡོད་པའི་དོན་ནོ།