འདན་མ་བཀྲ་ཤིས་ཚེ་རིང

ཡོང་ཁུངས་Wikipedia

སྙིང་ཉེ་བའི་ཀློག་མཁན་རྣམས་པ་བཀྲ་ཤིས་བདེ་ལེགས་ཞུ། ངའི་རུས་མིང་ལ་འདན་མ་བཀྲ་ཤིས་ཚེ་རིང་ཟེར་ཞིང་། ནང་ཆེན་སྡོམ་པ་ཀ་སྨད་གྲོང་གི་མི་ཡིན། ༡༩༦༦ལོའི་ཟླ་བ་༧པའི་ཚེས་༧ཉིན་བྱམས་ལྡན་ཨ་མའི་པང་ནས་ངས་ངུ་ངག་གི་དབྱངས་རྟ་ཐོག་མ་བོད་ཡུལ་ཁ་བ་ཅན་དུ་འབྱིན་པ་དང་། ངའི་བྱིས་དུས་ནི་ཆབ་སྲིད་ཀྱི་བྱ་འགུལ་འཚུབ་ཆ་ཆེ་བའི་ལོ་རབས་དེ་དག་ལ་ཁེལ་ཡོད་པས། མི་ལོ་དེ་དག་ནང་འབྲོག་མིའི་འཚོ་བའི་གནས་སྟངས་ནི་ཐབས་སྐྱོ་བོ་ཡིན། ལོ་ཆུང་བྱིས་པའི་དུས་ནས་མ་ཡུམ་ཚེ་ལས་འདས་པས་ཁྱིམ་ཚང་གང་བོ་དཀའ་ངལ་ཆེན་པོའི་ཁྲོད་དུ་འཚོ་བ་རོལ་བཞིན་ཡོད། དབུལ་ཕོགས་ཀྱི་བྱིས་དུས་ནི་སློབ་གྲྭ་འགྲིམ་པའི་གོ་སྐབས་དབེན་པས། རྫི་བོར་འགྲོ་ཞོར་ཀ་ཁ་འབྲི་ཀློག་ཕྲན་བུ་སྦྱངས་བ་ཙམ་གྱིས་ཟད། ང་རང་ལོ་༡༤ལ་སླེབས་པའི་སྐབས་སུ་ཀ་སྨད་རུ་ཆེན་ཐོན་སྐྱེད་རུ་ཁག་དང་པོའི་རུ་མི་ཆུང་ཆུང་ཞིག་ཆགས་ཡོད་ལ། དེ་དུས་ང་ནི་སྤྱི་ཁག་ཕྱུགས་རའི་ནོར་ལུག་རྫི་བོ་བྱས་ནས་འབྲང་བྱ་དུ་མ་འདས། ༡༩༨༤ལོའི་ཟླ་བ་༩པར། ད་སོ་མ་ཕོ་ལོ་༡༨ཀྱི་ལུས་ཚད་རྫོགས་པའི་ང་རང་ལས་དབང་ཞིག་གམ་ཕུགས་བསམ་ཞིག་གིས་ཕ་ཡུལ་དང་བྲལ་ནས་རྒྱང་རིང་བལ་པོའི་ཡུལ་དུ་ཕྱིན་དགོས་བྱུང་། གནས་དེ་ནས་ངས་འཚོ་ཚིས་སྟབས་བདེར་བརྟེན་ནས་དབྱིན་ཡིག་ལ་སྦྱངས་བརྩོན་བྱས། རིག་གནས་ཀྱི་རྨང་གཞི་ཞན་པའི་ང་རང་བོད་ཡིག་དང་ནང་ཆོས་ལ་སྦྱོང་དགོས་པའི་ཐོག་དབྱིན་ཡིག་སྦྱོང་བས་དཀའ་ངལ་གཞན་ལས་ཆེ་བ་འཕྲད་མྱོང་། དེ་ལས་ཀྱང་མ་ལེགས་པ་ཞིག་ནི་ཡུན་རིང་ལ་འཚོ་བའི་ཆ་རྐྱེན་ཞན་པའི་དབང་གིས་གཅོང་སྲིན་སྒལ་ཚིགས་ལ་ཕོག་པའི་ནད་ཀྱིས་གནར་ཏེ་གཤག་བཅོས་བརྒྱབ་ནས་མལ་སར་ལོ་གཉིས་རིང་ལྷུང་སྐབས་དེར། ངས་ན་ཚའི་ཁྲོད་དུ་བཟོད་སྲན་ཆེན་པོས་ཤེས་བྱའི་གནས་ལ་སྦྱང་བརྩོན་ལྷོད་མེད་བྱས་པས་བརྩོན་པ་ཅན་གྱིས་རྡོ་ལ་ཨི་ཁུང་འབིག་ཟེར་བའི་དཔེ་ལྟར་སྦྱང་འབྲས་གཡུར་དུ་ཟ་བ་ཐོབ་བྱུང་། དེར་ཕྱི་རྒྱལ་བས་བོད་མིའི་སྙིང་རུས་དང་བཟོད་སྲན་ཆེ་བ་ལ་ཨང་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཀྱང་ཐོར་བར་ངའི་སེམས་ལ་སྤོབས་པ་དང་སྤྲོ་སེམས་སྐྱེས་བྱུང་། དེ་ནས་༡༩༩༡ལོ་ང་རང་སིན་གྷ་པོར་སོང་ནས་མུ་མཐུད་དབྱིན་ཡིག་དང་རྩིས་འཕྲུལ་སྐོར་ལ་གསབ་སྦྱོང་བྱས་པས་བོད་དབྱིན་གཉིས་ཀྱི་སྐད་དང་ཡི་གེ་དེ་བཞིིན་རྩིས་འཕྲུལ་གྱི་རྨང་གཞི་ཤེས་བྱ་ཕྲན་བུ་ཤེས་བྱུང་། སྐབས་དེར་ངའི་སེམས་པ་ཕ་ཡུལ་གྱི་ཕྱོགས་སུ་འཁོར་བ་དང་ད་ནི་ཕ་ཡུལ་ལོག་རན་སོང་བསམ་པའི་ཚོར་བ་དྲག་པོ་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས། ཉིན་ཞིག་ཕ་ཡུལ་ལ་ལོག་ཐུབ་པའི་སྨོན་འདུན་དང་རེ་སྒུག་བྱས། ཕ་ཡུལ་གྱི་ཁྱིམ་མི་ཉེ་འབྲེལ་དང་ཡུལ་མི་ཁྱིམ་མཚེས་རྣམས་དྲན་ཞིང་ཁོང་རྣམས་ཀྱི་འཚོ་གནས་དང་བསམ་བློ་ནི་ང་རང་སོང་མྱོང་བའི་ས་ཆ་མང་པོའི་མི་དམངས་དང་བསྡུར་ན་རྗེས་ལུས་དབུལ་ཕོགས་ཀྱི་རྣམ་པ་མངོན་གསལ་དོད་པོ་ཡིན་པ་མིག་མཐོང་ལག་རེག་རེད་བྱུང་བས། གལ་ཏེ་ཕ་ཡུལ་ལ་ལོག་ཐུབ་ན་ཡུལ་མི་རྣམས་ཀྱི་རྗེས་ལུས་ཀྱི་རྣམ་པ་སྒྱུར་བར་ངས་རང་ནུས་ཀྱིས་ཞབས་འདེགས་ཅིག་སྒྲུབ་ཐུབ་པར་རེ་བ་དང་དམ་བཅའ་བྱས། ༡༩༩༣ལོའི་དགུན་དུས་སུ། ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གི་ཐུན་ཚབ་ཤཀྱ་དང་རྒྱང་སྲིབ་ཨ་ཚོགས་རྣམས་གཉིས་དམིགས་ཀར་བལ་ཡུལ་དུ་ཕེབས་ཡོང་ནས། ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས་ཕྱིར་ཕ་ཡུལ་བོད་དུ་ལོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ཡུལ་གསར་བ་འཛུགས་སྐྲུན་བྱེད་པར་མཉམ་ཤུགས་འདོན་པ་དང་། ཕ་ཡུལ་ལ་ཕན་པའི་བྱ་བ་གཉེར་བར་སྐུལ་མ་བྱེད་པའི་འཕྲིན་བཟང་ཁྱེར་ཡོང་། ༡༩༩༤ལོ་ཟླ་༧པར། བལ་ཡུལ་དུ་སྡོད་པའི་ཀྲུང་གོ་གཞུང་ཚབ་ཁང་གིས་གྲོས་མཐུན་བྱས་པ་བརྒྱུད། ང་རང་ཡང་གོ་སྐབས་བཟང་པོ་དེ་དང་ཁེལ་ནས་འཇམ་དབྱངས་ལུང་རྟོགས་སོགས་རྒྱལ་གཅེས་གཞོན་ནུ་ཁག་གཅིག་དང་ལྷན་དུ་མེས་རྒྱལ་ཀྱི་པང་དུ་སླར་ལོག་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤོབས་སེམས་ཀྱིས་ཁེངས་པའི་ངང་ནས་ཡུལ་ཤུལ་རྩྭ་ཐང་དུ་སླེབས་རྗེས། ༡༩༩༥ལོ་སྐྱེ་རྒུ་མདོ་རུ་དབྱིན་ཡིག་གསབ་སྦྱོང་འཛིན་གྲྭ་བཙུགས་ཤིང་། དེ་ནས་བཟུང་ངས་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་བློ་རྩ་བརྟན་པོས་ནུས་ཤུགས་ཡོད་ཚད་ཕ་ཡུལ་ལ་ཕུལ་ཡོད། སླེབས་མ་ཐག་ནས་ངས་ཕ་ཡུལ་ཡུལ་ཤུལ་གྱི་དབུལ་སྐྱོར་གྱི་ལས་ཀར་ཞུགས་པ་ཡིན། འབྲོག་ཤོག་དཔལ་ཀའི་དམངས་ཕན་སྨན་ཁང་དང་འབྲོག་ཤོག་ཡུལ་ཚོ་བཅའ་སྡོད་སློབ་གྲྭ་སོགས་ལ་རོགས་སྐྱོར་བྱས་པ་ཡིན། ༡༩༩༦ལོ་ཡུལ་ཤུལ་ཁུལ་ཡོངས་ལ་གངས་སྐྱོན་གྱི་གནོད་འཚེ་ཚབ་ཆེན་བྱུང་བ་རེད། སྐབས་དེར་ཡུལ་ཤུལ་ཁུལ་ལྷན་དང་ཁུལ་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར་རྒྱལ་མཚམས་མེད་པའི་སྨན་པའི་སྒྲིགས་འཛུགས་ཀྱི་སྐད་བསྒྱུར་བྱས་ནས་གངས་སྐྱོན་ཕོག་པའི་ས་ཁུལ་གྱི་དུད་ཁྱིམ་རྣམས་ཀྱི་དཀའ་སྡུག་ལ་རྟོགས་ཞིབ་དང་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ལག་བསྟར་བྱས། འཇམ་དབྱངས་ལུང་རྟོགས་ཧོང་ཀོང་ཐུང་ཧྲང་ཐེབས་རྩ་ཚོགས་པའི་ཡུལ་ཤུལ་ལས་གཞི་གཞུང་དོན་ཁང་གི་འགན་འཛིན་ལས་ཀ་བཞེས་པ་དང་། ང་ཡང་ལས་ཀར་མཉམ་ཞུགས་ཉམས་མྱོང་བསགས་པས་དགེ་ཕན་གྱི་ལས་དོན་ལ་སྔར་ལས་ལྷག་པའི་ངོས་འཛིན་དང་ངོ་བོ་རྟོགས་བྱུང་། ལོ་དེར་ང་རང་གི་བསགས་དངུལ་ཡོངས་རྫོགས་ཏེ་སྒོར་༩༠༠ཡོད་པ་དེ་བླངས་ནས་དགེ་ཕན་གྱི་ལས་ཀའི་མགོ་བརྩམས་པ་ཡིན། དཔལ་ཀའི་བླ་ཆེན་དགོན་པའི་བླ་མ་བཀྲ་ཤིས་ཆོས་འཕེལ་གྱིས་བཀའ་མངགས་ལྟར། རང་ཉིད་མཐོང་རྒྱ་བསྐྱེད་པ་དང་མ་དངུལ་གསོག་པའི་ཆེད་དུ་ལས་གྲོགས་ཁ་ཤས་དང་མཉམ་དུ་ལྷ་ས་རུ་སྦྱིན་པའི་ཡི་གེ་པར་ཁང་ཞེས་པའི་ཡི་གེ་པར་ཁང་ཞིག་ཕུབ་ནས་དགེ་ལས་ཀྱི་མ་དངུལ་བསྡུ་ཐབས་བྱས། ༡༩༩༩ལོ། ང་རང་ལམ་ཡིག་ཆ་ཚང་བཟོས་ནས་དབྱིན་ཡུལ་ལ་ཕྱིན་ཏེ་རྩིས་འཕྲུལ་དང་དབྱིན་ཡིག་སློབ་སྦྱོང་བྱས་པ་ཡིན། ༢༠༠༠ལོ་ལ་ཡང་སྔ་བཞུག་དུ་ཨ་མི་རི་ཀ་དང་དབྱིན་ཡུལ་གཉིས་ལ་སོང་ནས་རྩིས་འཕྲུལ་དང་དབྱིན་ཡིག་སྐོར་ལ་གསབ་སྦྱོང་བྱས་པ་ཡིན། དེ་དུས་ངའི་ཡོན་ཚད་ཕྱི་རྒྱལ་ནས་ཡིད་ཚིམ་པའི་ལས་ཀ་རྙེད་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པའི་འདེངས་ཚོད་ཡོད་ལ་གོ་སྐབས་ཀྱང་རག་བྱུང་། ཡིན་ན་ཡང་ངས་དེ་དུས་ཕ་ཡུལ་མི་དམངས་དང་ང་རང་གི་དམ་བཅའ་བརྗེད་མེད། བློ་ཐེ་ཚོམ་མེད་པར་སླར་ཕ་ཡུལ་ལ་ཡོང་ནས་ཕ་ཡུལ་མི་དམངས་ལ་ཕན་པའི་དགེ་ཕན་ཀྱི་ལས་རིགས་འདི་དོན་དུ་གཉེར་བ་ཡིན། ༢༠༠༢ལོ་ཟླ་༩པར་སྲིད་ཀྱི་བཟང་ཕྱོགས་འགྱུར་བ་དང་བསྟུན་ཡུལ་ཤུལ་ཁུལ་ཕྱི་དོན་གཞུང་ལས་ཁང་གི་ཁོངས་གཏོགས་སུ་སྦྱིན་པ་ཐེབས་རྩ་ཚོགས་པའི་ཡུལ་ཤུལ་ལས་གཞི་གཞུང་དོན་ཁང་བཙུགས་པ་ཡིན། དེར་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣས་འདེངས་འཇོག་དང་དགའ་བསུ་ཚད་མཐོན་པོ་གནང་བྱུང་། ༢༠༠༥ལོ་ཟླ་༣པར། ཚོགས་པའི་དམིགས་འདུན་དངོས་ཡོད་དགོས་མཁོ་དང་མཐུན་པའི་ཕྱིར་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཐོབ་སྟེ། ཁུལ་དམངས་སྲིད་ལས་ཁུངས་ཀྱིས་ཆོག་མཆན་བརྒྱུད། ཡུལ་ཤུལ་ཁུལ་སྦྱིན་པ་རོགས་སྐྱོར་ཚོགས་པ་དངོས་སུ་བཙུགས་ཤིང་། ངས་ལས་གྲོགས་རྣམས་དང་ལྷན་དུ་ཉིན་མཚན་ལྟོས་མེད་དང་དཀའ་སྤྱད་འབད་བརྩོན། ཧུར་ཐག་སྦད་ཐག་བྱས་ནས་དགེ་ཕན་ཀྱི་ལས་ཀ་བྱས་པ་ཡིན། ལོ་སྐོར་མོའི་ནང་ནས་ངས་ལོ་སར་སྐབས་སུ་ཉིན་གཉིས་གསུམ་མ་གཏོགས་གཞན་པའི་གུང་སེང་གཏོངས་མྱོང་མེད། རོགས་སྐྱོར་ལས་ཚན་རྒྱ་ཆ་༩༩ནི་ཡུལ་ཤུལ་ཁུལ་ཆེས་ས་ཐག་རིང་ཤོས་ས་ཁུག་ལུང་ཀྱོག་ཏུ་ཡིན་པས། ལོ་འདི་དག་གི་རིང་ལ་རོགས་སྐྱོར་ལས་ཚན་རེ་རེའི་དོན་དུ་དཀའ་ལས་ཚད་མེད་རྒྱབ་པ་ཡིན། ངས་ཚེ་སྲོག་ལ་ཉེན་ཁ་ཡོད་པའི་འགྲིམ་འགྲུལ་བརྒྱུད་མྱོང་ལ། ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་པའི་ལས་ལ་ཡང་བརྩོན་མྱོང་ཞིང་། ས་གནས་མི་དམངས་ལ་སྐུལ་སློང་བྱས་ནས་རོགས་སྐྱོར་རྒྱུ་ཆས་རྣམས་འཕྲང་ལམ་གཟར་མོ་བརྒྱུད་ནས་རྟ་རྒྱབ་ཁེལ་རྒྱབ་ལ་སྐྱེལ་བ་དང་མིའི་ཤུགས་ལ་བརྟེན་ནས་སྐྱེལ་འདྲེན་ཡང་བྱས་མྱོང་། ད་ལྟ་ཕྱིར་འདང་ཤིག་རྒྱབ་ན་ལས་ཀར་ཐོབ་པའི་ཕན་འབྲས་ཕྲན་བུ་རེ་རེ་ནི་ང་དང་ངའི་ལས་གྲོགས་རྣམས་ཀྱིས་མི་ལོ་བཅུ་ཕྲག་དུ་མའི་རིང་ལ་དཀའ་ལས་བརྒྱབ་པ་ལས་བྱུང་བ་རེད་འདུག དེ་བས་ངས་མི་ལ་བརྩོན་འགྲུས་ལྡན་རྒྱུར་ན། འཇིག་རྟེན་འདི་ན་དཀའ་བ་མེད་ཟེར་བའི་ལེགས་བཤད་དེ་ལ་སྔར་ལས་ལྷག་པའི་གོ་བ་ཟབ་མོ་ལོན་བྱུང་། །