འཇོ་མདའི་དར་བཤད་

ཡོང་ཁུངས་Wikipedia

ཁམས་འཇོ་མདའ་ནི་སྔོན་གྱི་དུས་སུ་ས་སྐྱོང་སྡེ་དགེ་རྒྱལ་པོའི་མངའ་ཁོངས་སུ་གཏོགས་ཤིང་། དེང་དུས་ནི་ཆབ་མདོའི་ཁོངས་སུ་གཏོགས་པའི་རྫོང་ཞིག་རེད། འདི་ནི་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་པའི་གནས་ཤིག་ཡིན། འོན་ཏེ་དམངས་ཁྲོད་ཀྱི་རིག་གནས་དེ་དག་གཞན་གྱིས་ལྟ་ཅི། ཐ་ན་ང་ཚོ་ས་སྐྱེས་རྡོ་སྐྱེས་ཀྱི་འཇོ་མདའ་བ་རྣམས་ཀྱིས་ཀྱང་ཤེས་ཀྱིན་མི་འདུག་ལ། དོ་སྣང་ཡང་དེ་ཙམ་བྱེད་ཀྱིན་མི་འདུག དེ་ནས་འཇོ་མདའི་དམངས་ཁྲོད་ཀྱི་རིག་གནས་འཚོལ་སྡུད་དང་། རྒྱུད་འཛིན་དར་སྤེལ་གཏོང་རྒྱུ་ནི་ང་ཚོ་འཇོ་མདའ་བའི་འགན་འཁྲི་ཞིག་ལོས་ཡིན།

སྤྱིར་འཇོ་མདའི་ཡུལ་འདིར་དམངས་ཁྲོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཡོད་དེ། དཔེར་ན། པར་བྲིས་བརྐོས་གསུམ་དང་། གླུ་གར་བྲོ་གསུམ། སྟོན་བཤད། དར་བཤད། ཆང་བཤད། གཉེན་བཤད། གཏམ་དཔེ། ཁ་ཤགས་སོགས་ལྟ་བུའོ། །འོན་ཀྱང་འདིར་གླེང་འདོད་པ་ནི་ཁམས་འཇོ་མདའི་དར་གྱི་བཤད་པ་སྟེ། ཡོངས་གྲགས་སུ་དར་བཤད་ཅེས་པ་དེ་ཡིན། དར་བཤད་ནི་གཉེན་སྟོན་གྱི་སྦྱོར་བ་ངོ་མ་མིན་ཡང་། གཉེན་སྟོན་དང་འབྲེལ་ཆེ་ཞིང་གཉེན་སྟོན་གྱི་ཆ་ཤས་ཤིག་ཡིན་ཞིང་། སྤྱིར་གཉེན་སྟོན་གྱི་མཛད་སྒོ་ལའང་ཆ་རྐྱེན་ལ་དཔག་པའི་རྒྱས་བསྡུས་ཅི་རིགས་དང་། ཡུལ་ལུང་སོ་སོའི་ཡུལ་སྲོལ་གྱི་ཁྱད་ཆོས་ཀྱི་དབང་གིས་མི་འདྲ་བ་དུ་མ་ཡོད་ཀྱང་། འདིར་ཁམས་འཇོ་མདའི་རྒྱུན་ལྡན་གྱི་གཉེན་སྟོན་མཛད་སྒོའི་སྐོར་ནས་ཅུང་ཙམ་བཤད་ན།

___

ཐོག་མར་མནའ་མ་ལེན་མཁན་གྱི་དུད་ཚང་དེ་གཟའ་ཚེས་དགེ་བའི་ཉིན་བག་མ་བསུ་བར་འགྲོ་ལ། བསུ་བར་འགྲོ་མཁན་མང་ཉུང་ཡང་དུད་ཚང་དེའི་ཆ་རྐྱེན་དང་བསྟུན་དགོས་ཏེ། བསུ་མཁན་གཉིས་ལ་བསྐྱེལ་མཁན་བཞི་ལྟ་བུ་བསྐྱེལ་མཁན་ལྡབ་གཅིག་གིས་མང་དགོས་སོ། །

བསུ་མཁན་རྣམས་བག་མའི་ཁྱིམ་དུ་འབྱོར་རྗེས་བག་མ་ཚང་གིས་སྣེ་ལེན་གང་ལེགས་བྱེད་ལ། དེ་རྗེས་བསུ་མཁན་ནང་ནས་མི་གཅིག་གིས་གཉེན་ཉེ་ཚང་མ་འཛོམས་པའི་དཀྱིལ་དུ་མནའ་མ་ལ་བསུ་དར་ཞིག་དང་མདའ་དར་ཞིག་ཕུལ་ཏེ། མདའ་དར་ལ་བཤད་པ་རྒྱས་ཙམ་བྱེད་ལ་སྐབས་འདིར་དར་བཤད་བྱེད་པའི་ལུགས་སྲོལ་མེད། དེ་ནས་འགྲོ་རན་ཁར་མནའ་མའི་ཕ་མ་སྤུན་མཆེན་གཉེན་ཚན་དང་བཅས་པས་མནའ་མའི་མགུལ་ལ་བརྫོང་དར་རེ་བསྐོན་ནས་ཤིས་སྨོན་བརྗོད་ལ། འདིར་ཡང་དར་བཤད་བྱེད་སྲོལ་མེད།

___

དར་བཤད་ནི་མནའ་མ་དེ་བསུ་མཁན་དང་སྐྱེལ་མཁན་བཅས་ཚང་མ་མག་པའི་ཁྱིམ་དུ་འབྱོར་རྗེས། ཐབ་ཚང་ངམ་ཚོམས་ཆེན་དུ་བསུ་སྐྱེལ་བྱེད་མཁན་གྱི་མི་རྣམས་གྲལ་གཡས་གཡོན་དང་། མནའ་མ་གཡུང་དྲུང་དཀར་པོ་བྲིས་པའི་གདན་གྱི་སྟེང་དུ་ཁ་ཡར་ཕྱོགས་ནས་བདེ་བར་བསྡད་དེ། དཀར་ཟས་གཙོ་བོ་བྱས་པའི་བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་པ་ལ་རོལ་དགོས། དེ་ནས་སྐྱེལ་མཁན་གྱི་གྲལ་ནས་མནའ་མའི་མིང་པོའམ་ཡང་ན་ཞང་པོས་ལག་ན་ལྷ་དར་ཉིན་མོ་བདེ་ལེགས་སྲིད་དུ་རིང་བ་ཞིག་བཟུང་ནས། གྲལ་དཀྱིལ་དུ་ཡར་ལངས་ཏེ་རྟེན་འབྲེལ་གྱི་སྒོ་ཐོག་མར་འབྱེད་པའི་སླད་དུ་དར་བཤད་རྒྱས་པ་ཞིག་བྱེད་སྲོལ་ཡོད། མ་ཟད། གཉེན་སྟོན་སྐབས་སུ་མནའ་མ་དང་མག་པ་སུ་ཞིག་ཡིན་རུང་དེ་ལ་མི་ཚང་མས་ཁ་ནས་བཀྲ་ཤིས་བརྗོད་པ་དང་ལྷན་དུ་མི་རེ་རེས་ཁ་དར་དཀར་པོ་རེ་མགུལ་དུ་འབུལ་བའི་ལུགས་སྲོལ་ཡོད་ལ། དེའི་སྐབས་གཉེན་སྟོན་དེར་ཞུགས་པའི་མི་ཚང་མས་དར་བཤད་ཤེས་པ་དཀའ་ཡང་མི་མང་པོ་ཞིག་གིས་དར་བཤད་བྱེད་ཤེས་ངེས་ཡིན།

དེས་བས་གཉེན་སྟོན་དེར་ཞུགས་པའི་མི་གཞན་རྣམས་གྱིས་ཀྱང་དར་བཤད་རྒྱས་འབྲིང་བསྡུས་གསུམ་གང་ཞིག་བྱེད་ཤེས་ན་བྱ་ཆོག་ལ་མ་ཤེས་ནའང་ཤིས་ཚིག་བརྗོད་ན་ཆོག །མ་མཐའང་དུས་རྒྱུན་མནའ་མ་སྐྱེལ་མཁན་གྱི་གྲལ་ནས་མི་གཅིག་དང་ལེན་མཁན་གྱི་གཉེན་ཚན་གྲལ་ནས་མི་གཅིག་སྟེ་གཉིས་ཙམ་གྱིས་དར་བཤད་རྒྱས་ཙམ་བྱེད་སྲོལ་ཡོད།

དར་བཤད་བྱེད་མཁན་གྱི་ཆ་རྐྱེན་ནི། ཕ་དང་མ་འཛོམས་ཤིང་དབང་པོར་སྐྱོན་མེད་པ། བློ་རིག་གསལ་ཞིང་ཁ་ལྕེ་བདེ་བ་ཞིག་གིས་ཕ་མེས་ཀྱི་གོས་རྒྱན་བཟང་པོ་རྣམས་གྱོན་ནས། མནའ་མ་དང་མག་པ་ལ་ཁ་དར་མ་ཕུལ་བའི་གོང་ལ་ཁ་དར་ལག་ཏུ་བཟུང་ཞིང་གྲལ་དཀྱིལ་ལ་ལངས་ཏེ་ཡར་མར་གཡུགས་ཤིང་བརྗིད་ཆགས་ཀྱི་གམ་འགྲོས་དང་ལུས་ཀྱིས་རྫིག་ཉམས་སྟོན་ནས་དར་གྱི་བཤད་པ་བྱེད། དར་བཤད་ནི་གྱེར་འདོན་གྱི་རྣམ་པ་ཞིག་ཡིན་ཏེ་དབྱངས་ངེས་ཅན་ཞིག་ལ་དྲངས་ནས་བཤད་དགོས་ཤིང་། སྙན་ངག་གྱེར་འདོན་དང་འདྲ་ལ་མི་འདྲ་ས་ཡང་ཡོད་དོ། །

དར་བཤད་ལ་རྒྱས་འབྲིང་བསྡུས་གསུམ་ཡོད་ལ། དར་བཤད་ནི་ཁ་དར་ཁོ་ནའི་བཤད་པ་ཙམ་མིན་ཏེ། དང་པོ་སྲིད་པ་ས་ལ་ཆགས་ཚུལ། བར་དུ་བོད་ཀྱི་རྒྱལ་རབས་བྱུང༌ཚུལ། ཐ་མ་བོད་ལ་ནང་ཆོས་དར་ཚུལ། བྱེ་བྲག་ཏུ་སྡེ་དགེ་རྒྱལ་པོའི་རྗེ་འབངས་ཀྱི་ལོ་རྒྱུས་བཤད་ལ། དེ་ནས་མག་པ་དང་བག་མའི་ཁྱིམ་ཚང་སོ་སོའི་གནས་སའི་ཡུལ་དང་། རིགས་རུས་ཀྱི་ཆེ་བ་སོགས་བརྗིད་ལ་ཞིབ་པར་བཤད་དེ། དེ་ནས་ཁ་དར་གྱི་བཤད་པ་དངོས་བྱ་སྟེ། དེ་ཡང་ཁ་དར་འདི་གང་ནས་དར་བ་དང་། འདིའི་མཚོན་དོན་གང་ཡིན་པ་སོགས་རྒྱས་ཙམ་བཤད་ནས། མཇུག་མཐར། ཁ་དགེ་བཀྲ་ཤིས་ཀྱི་ཁ་གཡང་དང་སྨོན་ཚིག་བརྗོད་ཅིང་ཁ་དར་དཀར་པོ་དེ་མནའ་མ་དང་མག་པའི་མགུལ་ལ་བསྒྲོན་ནས་མཇུག་བསྡུད་དོ། །

___

མཆན།

སྲིད་པ་ཆགས་ཚུལ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ནི་ལོ་རྒྱུས་དངོས་དང་དེ་ཙམ་མ་མཐུན་ན་ཡང་ཧ་ཅང་སྙན་ཆ་དོད་པོ་དང་ཉན་སྤྲོ་བ་སྟེ། དཔེ་ན་བོད་ཀྱི་རྒྱལ་རབས་བཤད་སྐབས་སྲོང་བཙན་གྱི་རྫུ་འཕྲུལ་སྟོན་ནས་རྒྱ་ལ་དམག་དྲངས་ཚུལ་དང་སུམ་གཉིས་ས་ཡི་དཀྱིལ་འཁོར་རྒྱ་ཁྱོན་གཟུངས་ཚུལ་སོགས་དང་། སྲིད་པ་ཆགས་ཚུལ་གྱི་རྣམ་གཞག་བཤད་སྐབས། དཔེ་ན་"བསྐལ་བ་བཞི་ཡི་དང་པོར་འཛམ་གླིང་ཆགས་ནས་རིང་པོ་མ་ལོན་པའི་གནས་སྐབས། སྟེང་ན་དཔོན་མེད་དེ་མི་ལ་དྲག་ཞན་མེད། འོག་ན་འབངས་མེད་དེ་མི་ལ་ཕྱུག་དབུལ་མེད། མི་ཐམས་ཅད་ནམ་མཁའ་ལ་འགྲོ །བདུད་རྩི་ཡི་ཟས་ཟ། རྫུ་འཕྲུལ་གྱི་རྟ་ཞོན། རང་འོད་ཀྱིས་སྣང་བ་འབྱེད་པའི་བསྐལ་པ་རྫོགས་ལྡན་བྱ་བ་བྱུང་། དེ་ནས་རིམ་གྱིས་དྲན་རྒྱུ་ཇེ་རྒོད་དང་ལས་རྒྱུ་ཇེ་སྡུག་ལ་བརྟེན་ནས་ཟ་ཐང་དང་བསོད་ནམས་བྲི། འབྲས་ས་ལུའི་ཞིང་ལ་ལོངས་སྤྱོད་པའི་སྐབས་བྱུང་སྟེ་ས་ཞིང་ལ་བགོ་བཤའ་བྱས། དེ་ནས་རྒྱལ་པོ་ལ་སྔ་བ་མང་བཀུར་རྒྱལ་པོ་བྱུང་། ཞེས་པ་ལྟ་བུའོ། །"

སྲིད་པ་ཆགས་ཚུལ་དང་བོད་ཀྱི་རྒྱལ་རབས་སོགས་མོང་ཆེ་ཤོས་ནི་ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི"རྒྱལ་རབས་གསལ་བའི་མེ་ལོང"ནས་བཏུས་པ་རྐྱང་རྐྱང་ཡིན་ཞིང་། ཁ་དར་ལ་བཤད་པ་བྱ་སྐབས་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ཁུངས་དེ་ཙམ་མེད་ཀྱང་སྙན་ངག་གི་རྒྱན་པའི་འབེལ་གཏམ་ཡིན་པས་ཧ་ཅང་སྙན་ཏེ། དཔེར་ན། "ངས་ལག་ལ་བཟུང་བའི་རྒྱ་དར་དཀར་པོ་འདི། བྱུང་བ་ནག་པོ་རྒྱ་ནས་བྱུང་། བཀལ་བ་སྨུག་ཆུང་དྲེལ་ལ་བཀལ། སླེབས་པ་དབུ་ནག་བོད་ལ་སླེབས། དར་བ་སྤུར་རྒྱལ་བོད་ལ་དར། ལྷ་བླ་མ་བཟང་པོའི་མཇལ་དར། གོང་དཔོན་ལུ་བཟང་པོའི་ཁྲིམས་དར། མ་བསྲུ་མོ་བཟང་པོའི་གནས་དར། བུ་དཔའ་བོ་བཟང་པོའི་དཔའ་དར། རྟ་ཅང་ཤེས་མགྱོགས་པའི་མགྱོགས་དར།"ཞེས་པ་ལྟ་བུའོ། །

___