འཇུག་པའི་སེམས་
འཇུག་པའི་སེམས་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དབྱེ་བ་གཉིས་ཀྱི་ནང་གསེས་གཅིག་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པའི་སེམས་བསྐྱེད་པ་དེ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྤྱོད་པ་ཉམས་སུ་ལེན་པའི་བྱ་བས་ཟིན་པའོ། །
མཚན་ཉིད།
[རྩོམ་སྒྲིག]བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་ཅིང་ཉམས་སུ་ལེན་པའི་སེམས།
"གང་ནས་བཟུང་སྟེ་སྡོམ་པ་ལེན་པ་སྔོན་དུ་འགྲོ་བའི་སྒོ་ནས་ཚོགས་རྣམས་ལ་འཇུག་པའམ་བྱང་སེམས་ཀྱི་སྤྱོད་པ་ལ་ཞུགས་པའི་སེམས་ནི་འཇུག་པའི་སེམས་སོ། །"[༡]ཞེས་གསུངས་པ་ལྟར། སེམས་བསྐྱེད་ཀྱི་རིམ་པ་གཉིས་པ་དེ་ལ་སྦྱིན་སོགས་ཉམས་སུ་ལེན་པའི་བྱ་བས་ཟིན་པའི་སེམས་བསྐྱེད་དེ་འཇུག་པ་སེམས་བསྐྱེད་ཀྱི་འཇོག་བྱེད་ཡིན་ནོ། །
བྱང་ཆུབ་ཀྱི་སེམས་གཙོ་བོ་གཉིས་སུ་དབྱེ་སྟེ། སྨོན་པའི་སེམས་དང་འཇུག་པའི་སེམས་སོ། །"དཔེར་ན་ཡུལ་འགའ་ཞིག་ཏུ་འགྲོ་བར་འདོད་པ་ལྟར་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་ཡིན་ལ། དེར་ཡོངས་སུ་འགྲོ་བ་ལྟར་སངས་རྒྱས་ཐོབ་བྱེད་ཀྱི་ལམ་ལ་ཞུགས་ཤིང་ལམ་དེ་སྒྲུབ་པར་འདོད་པ་ནི་འཇུག་པ་ཡིན་ནོ། །"[༢]ཞེས་གསུངས་པ་ལྟར། སྨོན་པ་ནི་བྱང་ཆུབ་འཐོབ་པར་སྨོན་པ་ཙམ་དུ་ཟད་ལ། འཇུག་པ་ནི་སྤྱོད་པ་ལ་དངོས་སུ་ཞུགས་པའི་ཁྱད་པར་ཡོད་དོ། །
འཇུག་པའི་སེམས་ཀྱི་ཕན་ཡོན།
[རྩོམ་སྒྲིག]བསོད་ནམས་རྒྱུན་ཆགས་སུ་འབྱུང་བ།
འཇུག་པའི་སེམས་ཀྱི་ཁྱད་ཆོས་གཙོ་བོ་ནི་བསོད་ནམས་བར་མ་ཆད་པར་འབྱུང་བ་དེ་ཡིན་ཏེ། "འཇུག་སེམས་སྐྱེས་པ་ཡིན་ལ། དེ་ཕྱིན་ཆད་གཉིད་དང་བརྒྱལ་བ་དང་ར་རོ་བ་སོགས་བག་མེད་པའི་དབང་དུ་གྱུར་ཏེ་གསལ་པོར་མི་དྲན་པའི་གནས་སྐབས་ན་ཡང་བསོད་ནམས་ནམ་མཁའ་དང་མཉམ་པ་རྒྱུན་མི་འཆད་པར་འབྱུང་ན་དེ་ལས་གཞན་པ་དགེ་བའི་འདུན་པ་དང་བཅས་པའི་དུས་ན་ལྟ་ཅི་སྨོས་པའོ། །"[༣]ཞེས་གསུངས་པ་ལྟར། འཇུག་སེམས་ཡང་དག་པར་བླངས་པ་ནས་བཟུང་སྟེ་གཉིད་ལོག་པ་དང་བག་མེད་པར་གྱུར་ཀྱང་བསོད་ནམས་ཀྱི་ཤུགས་རྒྱུན་མི་འཆད་པར་འབྱུང་བར་གསུངས་སོ། །
སྨོན་པའི་སེམས་ལས་ཁྱད་པར་འཕགས་པ།
"བྱང་ཆུབ་ཏུ་སྨོན་པའི་སེམས་ལས་ནི་འཁོར་བ་ན་གནས་པའི་ཚེ་འབྲས་བུ་ཆེན་པོ་འབྱུང་ཡང་ཇི་ལྟར་འཇུག་པའི་སེམས་ལས་བསོད་ནམས་བར་མ་ཆད་དུ་འབྱུང་བ་བཞིན་དུ་བསོད་ནམས་རྒྱུན་ཆགས་བར་མ་ཆད་དུ་འབྱུང་བ་མིན་ནོ། །"[༤]ཞེས་གསུངས་པ་ལྟར། སྨོན་སེམས་ལ་ནི་གནས་སྐབས་ལ་ཕན་ཡོན་ཆེ་བ་འབྱུང་ཡང་རྒྱུན་ཆགས་སུ་མི་འབྱུང་མོད། འཇུག་སེམས་ལ་ནི་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ཁྱད་པར་ཡོད་དོ། །
བྱམས་པའི་རྣམ་པར་ཐར་པ་ལས། "རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན། རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཁྱད་པར་དུ་འཕགས་པ་ཐམས་ཅད་ཟིལ་གྱིས་གནོན་ཞིང། རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ །"ཞེས་གསུངས་པའི་དཔེ་དང་སྦྱར་ནས་བཤད་དེ། སྨོན་སེམས་ཡང་སྤྱོད་པ་དང་བྲལ་ཡང་ཕན་ཡོན་ཆེན་པོ་ཡོད་ལ། འཇུག་སེམས་ནི་དེ་བས་ཀྱང་ཁྱད་པར་འཕགས་པར་གསུངས་སོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས་ ༦༥
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤོག་གྲངས་ ༡༧
- ↑ དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་གྲངས་ ༡༡༤
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤོག་གྲངས་ ༢༢