འཇུ་མི་ཕམ་

ཡོང་ཁུངས་Wikipedia

༄༅། །སྡ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དཔལ་བཟང་པོ་མཆོག་ནི་ཡབ་ལྷ་རིགས་འཇུ་མགོན་པོ་དར་རྒྱས་དང་ཡུམ་སྨུག་པོ་གདོང་བཟའ་སྲིང་ཆུང་མའི་སྲས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་ལོར། མདོ་ཁམས་འབྲི་ཀླུང་དལ་འབབ་ཀྱི་འགྲམ་ཡ་ཆུའི་དིང་ཆུང་དུ་གྲགས་པའི་སར་སྐ་བལྟམས།སྐ་ཆུང་དུས་ནས་དད་དང་ངེས་འབྱུང་ཤེས་རབ་སྙིང་རྗེ་སོགས་ལྷན་སྐྱེས་སུ་མངའ། དགུང་གྲངས་དྲུག་བདུན་ནས་སྡོམ་གསུམ་རྣམ་ངེས་ཐུགས་འཛིན་མཛད་ཅིང་རྩིས ་དཀར་ནག་གི་སྔོན་འགྲོ ་སོགས་གསན། བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་པས་ལྗགས་རྩོམ་ཡང་ཅི་རིགས་གནང་། བཅུ་གཉིས་པའི་ཐོག་འཇུ་མེ་ཧོར་གསང་སྔགས་ཆོས་གླིང་དུ་གྲྭ་བཙུན་དཀྱུས་མའི་ཚུལ་དུ་བཞུགས། བཅོ་ལྔ་པར་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པར་མཁྱེན། འཇུ་ཉུང་རི་ཁྲོད་དུ་ཟླ་བ་བཅོ་བརྒྱད་རིང་འཇམ་དཔལ་སྨྲ་སེང་བསྒྲུབས་ཤིང་རིལ་བུའི་ལས་སྦྱོར་མཛད་པས་ཞལ་གཟིགས་རྟགས་མཚན་ཁྱད་པར་ཅན་བརྙེས་ཏེ་ཡེ་ཤེས་ཀྱི་སྐས་རྗེས་སུ་བཟུང་། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་གསུངས། བཅུ་བདུན་སྐབས་ཙམ་ནས་ས་རིས་ལ་ཤིན་ཏུ་མཁས་པར་གྲགས། བཅོ་བརྒྱད་པར་སྐ་ཞབས་འགྱུར་བཟུང་དང་ལྷན་དུ་བོད་དབུས་ཕྱོགས་སུ་གནས་སྐོར་ལ་བྱོན། ལྷོ་བྲག་མཁར་ཆུར་ཕེབས་པའི་ཚེ་ཐ་མལ་གྱི་སྣང་བ་གནས་འགྱུར་ཏེ་གང་སྣང་བདེ་སྟོང་དུ་ཤར་ནས་བདེ་དྲོད་ཀྱི་ཉམས་འབར་བ་ཞག་ཤས་བར་བྱུང་བ་ནི་གནས་དེའི་བྱིན་རླབས་འདྲ་གསུངས། ཕྱིར་ཕེབས་ཏེ་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རྡོ་རྗེའི་མདུན་ནས་མ་ཏིའི་འཇམ་དཀར་གྱི་རྗེས་གནང་གསན། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཞག་ལྔའི་ཁོངས་སུ་སྤྱོད་འཇུག་ཤེས་རབ་ལེའུ་གསན། ཁྱད་པར་ཚེ་རབས་ལས་ཀྱིས་འབྲེལ་བའི་རིགས་བདག་པདྨ་འོད་གསལ་མདོ་སྔགས་གླིང་པའམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་པས་ནང་ཐུགས་ཀྱི་སྲས་གཅིག་པུར་དགོངས་ཏེ་ཐོག་མར་མ་ཏིའི་འཇམ་དཀར་གྱི་རྗེས་སུ་གནང་བས་ཆོས་སྒོ་ཕྱེས་པ་ནས་བཟུང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་གི་སྒོ་དུ་མ་དང་ཉེ་བ རྒྱུད་དུ་བྱོན་པའི་མདོ་སྔགས་ཀྱི་གཞུང་ཁྱད་དུ་འཕགས་པའི་རིགས། གསང་ཆེན་རྡོ་རྗེ་ཐེག་པ་བཀའ་གཏེར་དག་སྣང་ཇི་སྙེད་པའི་སྨིན་གྲོལ་རྒྱབ་རྟེན་མན་ངག་ཕྱག་བཞེས་དམར་ཁྲིད་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བརྩལ། གཞན་ཡང་སྔ་རྗེས་ཅི་རིགས་པར་འཇམ་མགོན་བློ་གྲོས་མཐའ་ཡས་ལས་སྒྲ་ཙན་དྲ་པ་དང་དངུལ་ཆུ་བཙོ་བཀྲུའི་ལག་ལེན་སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་ལྕགས་འདྲ་ལྕགས་སྡིག་སོགས་ཐུན་མོང་མ་ཡིན་པའི་སྨིན་གྲོལ་རིགས། རྫོགས་ཆེན་མཁན་པདྨ་བཛྲ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྔགས་རིག་གནས་དང་བཅས་པའི་སྐོར་མཐའ་ཡས་པ་གསན་པར་མཛད། དེ་ཡང་སྦྱང་བརྩོན་གྱི་ངལ་བ་ལ་མ་ལྟོས་པར། རང་བྱུང་ཡེ་ཤེས་ཀྱི་སྣང་བ་མཁའ་དང་མཉམ་པ་ལ་དབང་འབྱོར་བས་སྤོབས་པའི་གཏེར་ཆེན་པོ་བརྒྱད་རང་གྲོལ་ཏེ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་མཐའ་དག་ཐུགས་ལས་རང་བརྡོལ་ཚུལ་དུ་བྱུང་བས། གཞུང་ལུགས་རབ་འབྱམས་སྨྲ་བ་དུ་མའི་ཚོགས་དབུས་སུ་འཇིགས་མེད་སེང་གེ་ལྟ་བུར་བག་ཡངས་སུ་རྒྱུ་ཞིང་འཆད་པ་དང་། འབེལ་བ་དང་། གཞུང་འགྲེལ་རྩོམ་པ་སོགས་ལ་ཐོགས་པ་མེད་པ་ནི་ཀུན་གྱི་མཐུན་སྣང་དུ་གྲུབ་པ་ལ་སུས་ཀྱང་བསྙོན་དུ་མེད། སྐབས་ཤིག་གི་དུས་ཚོད་དགེ་བར་རྗེ་མཁྱེན་བརྩེ་རིན་པོ་ཆེས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་བཟང་རྒྱུན་གང་དཀོན་དང་གནད་གང་ཆེའི་རིགས་ཀྱི་གླེགས་བམ་རྣམས་མཆོད་སྟེགས་སུ་བཞུགས་སུ་གསོལ་ནས་མཆོད་འབུལ་རྒྱས་པར་གནང་། དེའི་མདུན་དུ་གབ་རྩེའི་གདན་མཐོ་བར་རྗེ་འདི་ཉིད་བཞུགས་སུ་གསོལ་ནས། པུསྟི་འདི་རྣམས་ཀྱི་བཀའ་ཁྱེད་ལ་གཏད་པ་ཡིན་པས། ཕྱིན་ཆད་འཆད་པ་དང་རྩོད་པ་དང་རྩོམ་པ་གསུམ་གྱི་སྒོ་ནས་མི་ཉམས་པར་ཟུངས་ལ། འཇིག་རྟེན་གྱི་ཁམས་འདིར་རྒྱལ་བསྟན་རིན་པོ་ཆེ་ཡུན་རིང་དུ་གསལ་བར་གྱིས་ཤིག་ཅེས་ཆོས་ཀྱི་བདག་པོར་དབང་བསྐར། སྒྲོལ་དཀར་གྱི་ཞལ་ཐང་། མཚན་བཀྲ་དང་འབྲེལ་བའི་བརྟན་བཞུགས་བཀའ་རྩོམ་ཕྱག་བྲིས་མ་སོགས་སྐ་གསུང་ཐུགས་རྟེན་འགངས་ཆེ་བ་དང་། དབང་རྟགས་སུ་རྗེ་ཉིད་ཀྱིས་བཞེས་པའི་པཎ་ཞུ་རྣ་རིང་བཅས་བསྩལ་ནས་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་གཟེངས་བསྟོད་མཛད། ཕྱིས་སུའང་རྗེ་མཁྱེན་བརྩེས་གཞན་ལ་གསུངས་འཕྲོས་སུ་ད་ལྟའི་དུས་འདིར་སའི་སྟེང་ན་བླ་མ་མི་ཕམ་ལས་མཁས་པ་མེད། ཁོང་གི་སྐྱེས་རབས་དང་ཡོན་ཏན་གྱི་ཆེ་བ་བྲིས་ན་ཤེར་ཕྱིན་པུསྟི་ཙམ་ཀྱིས་མི་ཚད་པ་འཕྲི་རྒྱུ་ཡོད་ཀྱང་ཁོང་ད་ལྟ་མི་མཉེས་པར་འདུག་ཅེས་གསུངས་པ་ལོ་རྒྱུས་ཁུངས་མ་ལས་བྱུང་། འཇམ་མགོན་ཡོན་ཏན་རྒྱ་མཚོས་ཀྱང། མ་ཧཱ་པཎྜི་ཏ་མི་ཕམ་རྒྱ་མཚོ་ཞེས་གསུངས་ཤིང་། ཉིད་མཛད་ཚད་མ་རྣམས་འགྲེལ་དང་བཀའ་བརྒྱད་རྣམ་བཤད་སོགས་ཀྱི་བཤད་ལུང་ཡང་གསན་ནོ། །ཕྱིས་སྒྲུབ་གནས་ཀྱི་རྒྱལ་པོ་དཀར་མོ་སྟག་ཚང་དུ ་མི་ལོ་བཅུ་གསུམ་རིང་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ལྷག་ལྷ་གཤིན་རྗེ་ཚེ་བདག་གི་བསྙེན་པ་གནང་སྐབས་གཞུང་ནས་བཤད་པའི་རྟགས་ཐམས་ཅད་མ་བྱུང་བ་མེད་ཅེས་དང་། ལར་ཡང་མཚམས་ལོ་མང་གི་སྐབས་གཞུང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་རྩེ་གཅིག་པ་ལས་རང་བཞིན་ཁ་ཡེང་མིན་ཡེང་གིས་བསྙེན་པ་ཕྲེང་སྐོར་གཅིག་ཙམ་ཡང་བཟླ་མ་མྱོང་གསུངས། སྐབས་ཤིག་མཁྱེན་བརྩེ་རིན་པོ་ཆེའི་མདུན་དུ་བྱོན་པས། ཞལ་ནས་ཁྱོད་མཚམས་ལ་བཞུགས་སྐབས་ཉམས་ལེན་ཇི་འདྲ་མཛད་ཅིང་ཡོད་གསུངས་པར། ཕྲན་གྱིས་སློབ་གཉེར་བྱེད་དུས་དཔྱད་པ་དཔྱིས་ཕྱིན་པ་ཞིག་དང་། ཡི་དམ་གྱི་བསྙེན་མཚམས་བྱེད་དུས་བསྐྱེད་རིམ་མཐར་ཕྱིན་པ་ཞིག་ཨེ་ཐོན་གཟབ་གཟབ་བྱེད་ཀྱིན་ཡོད་ཞུས་པས། དེ་ཚོ་དཀའ་མོ་རེད། ཀུན་མཁྱེན་ཆེན་པོས་ཅི་ཡང་མི་བྱེད་པར་རང་ཁར་སྡོད་རྒྱུ་ཞིག་གསུངས་ཡོད་དེ། ཁོ་བོ་ནི་དེ་བཞིན་བྱས་ཏེ་བསྡད་པས་སེམས་ངོ་ཟེར་བའི་དཀར་ཤ་དམར་མདངས་ཅན་ཞིག་མ་མཐོང་ཡང་། ད་ནི་ཤི་རུང་ཡ་ང་བག་ཚ་རྡུལ་ཙམ་ཞིག་མི་འདུག་གསུངས་ནས་བཞད་མོ་མཛད། དེ་བླ་མའི་གདམས་ངག་ཡིན་པར་གོ་བྱུང་གསུངས། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ལས་རླུང་གི་རྒྱུ་བ་ཕལ་ཆེར་དབུ་མའི་དབྱིངས་སུ་དག་སྟེ་བདེ་སྟོང་དགའ་བཞི་དང་སྟོང་བཞིས་དྲངས་པའི་དཔེ་དོན་གྱི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐུགས་ཉམས་སུ་བསྟར། ཁྱད་པར་དུ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོ་རྒལ་གྱི་རྣལ་འབྱོར་ལ་བརྟེན་ནས་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་ཚད་ལ་ཕེབས་ཏེ་སྣང་སྤྱོད་སྐ་དང་ཡེ་ཤེས་ཀྱི་རོལ་པ་ལ་དབང་བསྒྱུར། ནང་གི་རྩ་ཁམས་ཡི་གེ་སྤྲིན་གྱི་འཁོར་ལོར་ཡོངས་སུ་དག་པའི་རྟོབས་ཀྱིས་སྒོམ་བྱུང་གི་མཁྱེན་རབ་ཀློང་ནས་བརྡོལ་ཏེ་ཟབ་དོན་མཐའ་དག་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་བཀོད་པར་མཛད་དོ། །ཆུ་བྱི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐ་མཚམས་གྲོལ། དེའི་ཚེས་བཅོ་བརྒྱད་སྐོར་ནས་འགྲུལ་ངན་འགའ་རེས་ཐུགས་སུན་བྱུང་རྐྱེན་གྱིས་ཚེས་ཉེར་གཅིག་ཉིན་གློ་བུར་དུ་ཕྱག་བྲིས་གནང་བ་འདི་ལྟར། ན་མོ་མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་ཡ། མངོན་དགའ་ལ་སོགས་དག་པའི་ཞིང་རྣམས་སུ། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་ཐོབ་ནས། །མཁའ་ཁྱབ་འགྲོ་ལ་སྙིང་རྗེ་ཆེན་པོའི་སེམས། །ནམ་མཁའ་ཇི་སྲིད་འཛིན་པར་དམ་བཅའོ། །ལས་ཀྱིས་མནར་བའི་སྙིགས་དུས་ཆོས་སྨྲ་བདག །མི་ལོ་བཅུ་བདུན་ནང་རྩིའི་ནད་དྲག་པོས། །བར་མེད་སྡུག་བསྔལ་ཆེ་ཡང་ད་བར་དུ། །སྒྱུ་ལུས་གཟེབ་ལ་བརྟེན་ནས་ཞིང་འདིར་བསྡད། །ད་ནི་ཤི་ལ་དགའ་བའི་འདུ་ཤེས་ཀྱིས། །ཐ་མའི་གཏན་ཚིགས་ཡི་གེའི་རིས་སུ་བྲིས། །ཤི་བའི་འུད་སྒྲ་མེད་པར་ཡུད་ཀྱིས་འགྲོ། །འཆི་ཁ་ཅི་ཟེར་འདི་མིན་གཞན་མི་སྨྲ། །ཞེས་སོགས་ཞལ་ཆེམས་ཕྱག་བྲིས་སུ་གནང་ནས་སྦས་ཏེ་འཇོག་པར་མཛད། ཟླ་བ་གཉིས་པ་དང་གསུམ་པའི་ནང་དུ་མི་འཁྲུགས་པའི་གཟུངས་འབུམ་ཕྲག་གཉིས་ཙམ་ལྗགས་བཟླས་གནང་། ཚེས་ཉེར་གཉིས་སྐོར་ནས་བཟུང་ད་ནི་འདུ་འཁྲུགས་ཀྱི་ནད་སོགས་དྲག་ཟིན་པས་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་མཚན་ཐམས་ཅད་དུ་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་འཆར་གྱིན་འདུག་གསུངས། ཕྱོགས་ཀྱི་དད་འདུས་སློབ་མ་དང་སྦྱིན་བདག་རྣམས་ལ་མཇལ་ཁ་གནང་ཞིང་སྨོན་ལམ་མཛད། བསྟན་འགྲོས་དོན་དུ་ཞབས་པད་ཡུན་བརྟན་དགོས་ཚུལ་ཞུས་པས། ད་ནི་མི་སྡོད་ངེས་ཅན་ཡིན། སྐྱེ་བ་ཡང་མི་ལེན། བྱང་ཤམྦྷ་ལར་འགྲོ་རྒྱུ་ཡིན་ཅེས་གསུངས་ཏེ། དགུང་གྲངས་དྲུག་ཅུ་རེ་བདུན་པ་ཆུ་བྱི་ས་ག་ཟླ་བའི་ཚེས་ཉེར་དགུ་ལ་ཞབས་སེམས་སྐྱིལ། ཕྱག་གཉིས་མཉམ་གཞག་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་དེ་ཐུགས་ཟག་མེད་གདོད་མའི་གཞི་དབྱིངས་སུ་སྙོམས་པར་ཞུགས་སོ།། །།