འཇུ་དཀྲ་ཤིས་བཟང་པོ་

ཡོང་ཁུངས་Wikipedia

འཇུ་བཀྲ་ཤིས་བཟང་པོ་ནི་བོད་ཀྱི་འདབ་ཆགས་ཞིབ་འཇུག་པ་ཞིག་ཡིན་ལ་་མིང་གཞན་བྱིའུ་རྫི་རུ་འབོད་པ་ཁོང་ནི 1970ལོར་མཚོ་སྔོན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དཔལ་ཡུལ་ཡུལ་ཚོ་རུ་སྐྱེས། ལོ་བཅུ་གསུམ་གྱི་སྟེང་ནས་དཔལ་ཡུལ་དར་ཐང་དགོན་ནས་རབ་ཏུ་བྱུང་ཞིང་ཀློག་བསླབ། ལོ15ནས17བར་དགོན་པའི་མཆོད་ཆེན་དང18ནས་ཐིག་དཔོན་གྱི་འགན་ཁུར་ཞོར་ཐུན་མོང་གི་རིག་གནས་ལ་སྦྱངས། ལོ19སྟེང་ཨ་མཆོག་མཚན་ཉིད་དགོན་དང་བླ་བྲང་སོགས་ནས་སློབ་སྦྱོང་བྱས། ལོ25ཡི་སྟེང་ཕྱིར་རང་དགོན་དུ་ལོག་ཏེ་དབུ་ཕར་སོགས་ལ་སྦྱང་བ་བྱས་ཤིང་ལོ27སྟེང་དར་ཐང་དགོན་ནས་མཁན་པོའི་མཚན་རྟགས་གནང༌། དེ་ནས་ལོ་བཞིའི་རིང་ལ་དགོན་དེ་ནས་ཐུན་མོང་རིག་གནས་ཀྱི་དགེ་རྒན་བྱས།

2000ལོ་ནས་རང་གི་དགའ་ཕྱོགས་ལྟར་དབུས་གཙང་སོགས་སུ་དཀའ་བ་བརྒྱ་ཕྲག་གིས་ཕྱིན་ཏེ་འདབ་ཆགས་ལ་རྟོག་ཞིབ་དང་གསོན་ཉམས་ལྡན་པའི་རི་མོ་རང་སྦྱོང་གིས་བྲིས། ཞོར་དུ་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་དང༌། གསེར་རྟ་མཐོ་སྒང་དབང་བོ་སྐྱོན་ཅན་ཉི་འོད་ལག་རྩལ་སློབ་གྲྭ་སོགས་ཀྱི་དགེ་རྒན་ཡང་བྱས། སྔ་གཞུག་ཏུ་བོད་ཁམས་ཡོངས་ལ་ལན་གྲངས་ལྔ་ཙམ་ལ་ཞིབ་ཉུལ་གྱིས་བོད་ཀྱི་འདབ་ཆགས་རྟོག་ཞིབ་བགྱིས། ད་ལྟ་བོད་ཁམས་ཀྱི་འདབ་ཆགས་མ་ལུས་པ་མཐོང་མྱོང་ཡོད་ལ། དེའི་ནང་ནས་འདབ་ཆགས300ལྷག་གི་འདྲ་རིས་ཀྱང་བྲིས་ཤིང་བོད་ཁམས་འདབ་ཆགས་དཔེ་རིས་ཀྱི་དཔེ་དེབ་ཅིག་རྒྱ་ཆེའི་གཟིགས་པ་པོ་དག་གི་སྤྱན་སྔར་ཕུལ་མུས་དང་། ཁོང་གིས་བྲིས་པའི་རི་མོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་ཐོན་དུ་མངའ་བའི་ཚུལ་ཡང་ཉེ་ལམ་སྟེ། 2012ལོའི་ཟླ11པའི་ཚེས2ཉིན་པེ་ཅིང་ནས་ཁོང་གི་བྲིས་པའི་བྱིའུའི་རི་མོ་གཉིས་ལ་དམངས་སྒོར380000སྦྱིན་ཏེ་གཞན་གྱིས་ཉོས་པ་ལྟ་བུ་རེད། གཞན་ཁོང་གིས་འདབ་ཆགས་ཞིབ་འཇུག་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ལས་ཞོར་དུ་བན་བོན་གྱི་དཔེ་ཆ་མང་བོ་ལྟ་ཀློག་གིས་བོད་ཀྱི་འདབ་ཆགས་སོགས་སྲོག་ཆགས་ཀྱི་མིང་དང་དམངས་ཁྲོད་ཀྱི་བཤད་པ་དང་གཏམ་རྒྱུད་མང་བོ་འཚོལ་སྡུད་བྱས། 2007ལོ་ནས་བཟུང་གོང་རིམ་གྱི་ཆོག་མཆན་བཅས་གཉན་པོ་གཡུ་རྩེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དངོས་སུ་བཙུགས་ཤིང་ཁོང་གིས་ཚོགས་པའི་གཙོ་འགན་བཞེས་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་རབས་དང་རིམ་པ་ཞིག་སྤེལ་ནས་བྱས་རྗེས་མངོན་གསལ་ཅན་བཞག་དང་འཇོག་བཞིན་པ་དང་། ཁོང་གི་ཆེད་ལས་དགའ་ཕྱོགས་ལ་བསམ་པ་མཐུན་པའི་གྲོགས་པོ་མང་བོས་རམ་འདེགས་ཀྱི་འོག་རྒྱལ་ནང་དུ་མིང་གྲགས་ཀྱང་ཆེ་ཙམ་བྱུང་ཞིང༌། སྔ་གཞུག་ཏུ་རྒྱལ་སྤྱིའི་སྐྱེ་དངོས་རིག་པའི་ཚོགས་ཆེན་དང༌། གནམ་གཤིས་འཕོ་འགྱུར་སོགས་ཀྱི་ཚོགས་འདུར་ཞུགས་ཤིང་དེའི་སྟེང་བོད་ཀྱི་ཐུན་མིན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་བ་དང་བསམ་བློ་ལག་ལེན་སོགས་ཀྱི་གཏམ་བཤད་བགྱིས་པར་གདེངས་འཇོག་ལེགས་པོ་ཐོབ་པར་ཟད། ཁོང་གིས་རྩ་འཛུག་དང་འཆར་བཀོད་འོག་ཁོར་ཡུག་གི་འཚོ་བའི་ཁྲོད་ཀྱི་ཡུལ་སྲོལ་གོམས་གཤིས་ལག་ལེན་མཐར་ཆགས་སུ་མངའ་བའི་ལས་སྒྲུབ་ཚོགས་མི་རྩ་འཛུགས་ཀྱིས་དངོས་བྲིས་གློག་བརྙན《ཡུལ་སྡེའི་མིག》ཅེས་པའི་ལས་གཞི་ལག་བསྟར་བྱས་པ་ནས། ཚོགས་པའི་དངོས་བྲིས་གློག་བརྙན་དག་གིས། བོད་ཁུལ་ཙམ་མ་ཟད་འཛམ་གླིང་ཤར་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབ་པར་བྱས་པར་བྱས། 2011ལོའི་ཟླ3པར་ཁོན་མེན(昆明)གྲོང་ཁྱེར་ནས་རྒྱ་གར་དང་། འཇར་པན་སོགས་རྒྱལ་ཁབ12ཀྱིས་མཉམ་འབྲེལ་གྱིས་སྤེལ་བའི་ཡུན་ཀྲི་ནན(云之南)ཞེས་པའི་དངོས་བྲིས་གློག་བརྙན་བཤམས་སྟོན་འགྲན་བསྡུར་ཁྲོད་ནས་བྱ་དགའ་དང་གཟེངས་བསྟོད་ཚད་མཐོན་ཐོབ། ཁོང་གིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་འགན་འཁྲི་དང་ལེན་ལ་སྔ་རྗེས་སུ་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བྱ་དགའ་དང་། གཟེངས་བསྟོད་ཁྱབ་བསྒྲགས་མང་པོའི་གོ་སྐབས་ཐོབ་མྱོང་བ་དག་ནི་དོན་དངོས་དང་ཧ་ཅང་མཐུན། ཁོང་གི་ལྷག་བསམ་དཀར་པོ་དང་ནུས་ཤུགས་ཡོད་རྒུས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་ལས་སྒྲུབ་པ་སོགས་ཞིབ་པར་རྒྱུས་ལོན་འདོད་ན་དྲ་ཚིགས་སྟེང扎西桑俄ཞེས་རྒྱ་ཡིག་གིས་གཏག་ཡོད་པར་གཟིགས་ན་གནས་ཚུལ་ཞིབ་ཙམ་མཐོང་ཐུབ་པ་ཡིན་ལ། ཁོང་ལྟ་བུའི་མི་སྣ་ནི་ད་ལྟའི་དུས་རབས་སུ་མི་རིགས་ཤིག་ལ་མཁོ་ཉག་ཤིན་ཏུ་ཆེ་བ་དང་ཁོར་ཡུག་ཅིག་ལ་མེད་དུ་མི་རུང་བ་ཞིག་རེད་ཟེར་ཡང་མི་ཆོག་པ་མེད་སྙམ་མོ། ། ཟུར་བཤད། ཁོང་གི་སྐད་ཆ་ནི། མིའི་རིགས་ཀྱི་རིག་གནས་དང་ཁོར་ཡུག་ལ་ཞབས་ཞུ་ཞེས་པ་ནི་ཁ་ནས་བཤད་རྒྱུ་ཙམ་མ་ཡིན་པར་ཅི་ནུས་གང་ནུས་ཀྱིས་ལག་ལེན་ལ་འདེབས་རྒྱུ་ཤིན་ཏུ་གལ་ཆེ་ཟེར་ཀྱིན་འདུག་པ་དོན་དངོས་ཡིན་པ། ད་ཐེངས་ཁོང་གིས་བྲིས་པའི་བྱིའུ་རི་མོ་གཉིས་བཙོང་བའི་རིན་སྒོར 380000 དེ་ཡང་མི་སྒེར་གྱི་སྒོར་གཅིག་ཀྱང་མ་སྤྱད་པར། ཐད་ཀར་གཉན་པོ་གཡུ་རྩེའི་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པར་ཕུལ་བ་སོགས་ཀྱིས་མཚོན་འདུག་གོ།།