འཇིགས་སུ་རུང་བའི་དུར་ཁྲོད།
འཇིགས་སུ་རུང་བའི་དུར་ཁྲོད།
འོད་མའི་ཚལ་གྱི་རི་བོའི་ནང་ཕྱོགས་ཀྱི་ཐང་གི་གཡས་གཡོན་ནས་འོངས་པའི་ལྷོ་ཕྱོགས་ཀྱི་ཆུ་ཕྲན་དེ་བརྒྱུད་དེ་ཡར་སོང་ན་ནག་པོ་བརྩེགས་པའི་རི་ཡོད་ཅིང་། དེའི་མདུན་གྱི་ཐང་གི་ནགས་ཚལ་དེ ( ཤི་ཏ་བ་ན ) མདོ་ལས་གསུངས་པའི་ཁབ་ཏུ་བྱོན་པའི་སྐབས་བསིལ་བ་ཚལ་དེར་ཞག་གཅིག་བཞུགས་ཤིང་རྒྱལ་པོ་གཟུགས་ཅན་སྙིང་པོ་ ( བིམྦི་སར ) འོངས་ནས་ཐོག་མར་མཇལ་བའི་ལོ་རྒྱུས་ཡོད་ཅིང་། ཆག་ལོའི་རྣམ་ཐར་དུ་ཡང་། དུར་ཁྲོད་ཆེན་པོ་བསིལ་བ་ཚལ་ནི། ན་ལན་དྲའི་ནུབ་བྱང་ན་ནགས་སྤྱིལ་པོ་ཆེན་པོ་ཞིག་གི་དཀྱིན་ན་ནགས་མེད་པའི་སྟོང་ཆེ་བ་ཞིག་ཡིན་འདུག་གོ །ནགས་ཁྲོད་དེ་ན་དུག་སྦྲུལ་ཡང་མང་སྟེ་ལུས་གཞན་ཁྲ་བ་ཡོད་ལ་ཁ་ནག་པ། མིའི་བརླ་ཙམ་པ། ཤིང་ཁྲོད་དུ་འགྱུས་པས་ཤིང་གི་རྩེ་མོ་རྣམས་འགུལ་ཞིང་ཕྲུག་ཕྲུག་བྱེད་པ་ཡོད། དོམ་ནག་མཐོང་བས་ཀྱང་འཇིགས་པ་འདུག་གསུངས་སོ། །གནས་ཆེན་འདི་རྣམས་ཀྱི་དོད་ཐུབ་རེ་རྒྱ་གར་ཤར་དང་ནུབ། བལ་ཡུལ་སོགས་སུ་ཡོད་པ་ལྟར། གོང་དུ་སྨྲོས་མ་ཐག་ནི་དུར་ཁྲོད་བསིལ་བ་ཚལ་དངོས་དང་། རྡོ་རྗེ་གདན་གྱི་ཉེ་འཁྲིད་སུ་ཡོད་པའི་བསིལ་བ་ཚལ་དེ་ནི་དོད་ཐུབ་ཅིག་ཡིན་པར་སྣང་། ད་ལྟ་ནའང་། དད་པ་བྱས་ནས་ཁྱི་སོ་ལས་རིང་བསྲེལ་བྱུང་བའི་དཔེ་ལྟར། རང་གི་དད་པ་དང་། དག་སྣང་འབའ་ཞིག་ལ་རག་ལུས་པས་དངོས་དང་། དངོས་མིན་རྣམས་ལ་མི་ཕྱེད་པའི་དད་པ་བྱ་བར་རིགས་སོ།།
<<རྒྱ་གར་ནང་པའི་གནས་ཆེན་ཁག་གི་གནས་ཡིག>> ལས་བཤུས། གནས་ཡིག་འདི་ནི་བོད་གཞུང་ཤེས་རིག་དཔར་ཁང་གིས་ཕྱི་ལོ ༡༩༩༦ ལོར་དཔར་བསྐྲུན་བྱས།