འཇིགས་པ་ཆེན་པོ་
འཇིགས་པ་ཆེན་པོ་ཞེས་པ་ནི་སྔར་གྱི་སྡིག་པའི་འབྲས་བུ་ངན་འགྲོའི་འཇིགས་པ་ཆེན་པོ་ལས་སྒྲོལ་བ་དང་།ལུས་ཀྱི་ངོ་བོ་རང་བཞིན་ལ་བལྟས་ནས་འཇིགས་པ་ཆེན་པོ་སྐྱེ་བ་བཅས་ཡིན་ནོ། །
ནང་དོན།
[རྩོམ་སྒྲིག]སྔར་བྱས་སྡིག་པའི་འབྲས་བུ་ལས་འཇིགས་པ། "དམྱལ་བ་སོགས་ཀྱི་སྡུག་བསྔལ་བཟོད་དཀའ་བ་བསྐྱེད་པར་ངེས་པའི་སྡིག་པ་མཆོག་གསུམ་ལ་གནོད་པ་བྱས་པའམ་མཚམས་མེད་ལྔ་ལ་སོགས་པ་ཤིན་ཏུ་མི་བཟད་པ་"[༡]ཞེས་གསུངས་པས་སྔར་བྱས་པའི་སྡིག་པ་ཆེན་པོ་ཤིན་ཏུ་མི་བཟད་པ་ཞེས་པ་ལ། དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་མཚམས་མེད་པ་ལྔ་ལྟ་བུའི་སྡིག་པ་ཆེན་པོ་རྣམས་ཀྱིས་དམྱལ་བ་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་ཤིན་ཏུ་བཟོད་པར་དཀའ་བ་རྣམས་འབྲས་བུར་སྐྱེད་པར་ངེས་པས། དེ་ལྟ་བུའི་འབྲས་བུ་ཆེན་པོ་དེ་རྣམས་ལ་མི་འདོད་པ་དང་འཇིགས་པ་ཆེན་པོ་སྐྱེས་པ་ཡིན་ནོ། ། ལུས་ཀྱི་ངོ་བོ་མཐོང་བ་ལས་འཇིགས་པ། "དེ་ལྟ་བུའི་ལུས་གཅེར་བུ་མི་སྡུག་པ་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པའི་རོ་དམར་པོ་དང་ཁྲག་དང་ནང་ཁྲོལ་སོགས་མི་གཙང་བ་སྐྱུག་བྲོ་བ་རྣམས་རིམ་པར་མཐོང་བ་ན་བལྟ་མི་འདོད་པར་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་"[༢]ཞེས་གསུངས་པས་སྤྱིར་ལུས་ཀྱི་ཕྱི་ངོས་སུ་མཛེས་སྡུག་འདྲ་ཆགས་པོ་ཞིག་ཏུ་སྣང་ཡང་། ལུས་ཀྱི་ནང་ངོས་སུ་པགས་པའི་ཁ་ཕྱེ་ན་ཁྲག་དམར་པོ་དང་ནང་ཁྲོལ་གྱི་མཚན་མ། ཤ་ཁྲག་དང་རུས་སོགས་མི་གཙང་བ་སྐྱུག་བྲོ་བ་རྣམས་རིམ་པར་མཐོང་ན། གང་ཡང་རུང་བའི་མི་ཞིག་གིས་བལྟ་མི་འདོད་པ་དང་སྐྲག་ཅིང་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བ་དང་། འདིས་ལུས་ཀྱི་ངོ་བོ་རང་བཞིན་གྱིས་མི་གཙང་ཞིང་འཇིགས་པ་སྐྱེད་པར་བྱེད་པ་གསལ་བར་བསྟན་ཏོ། །
དཔའ་བོ་ལ་བརྟེན་ནས་དགྲ་ལས་འཇིགས་པ་མེད་པའི་དཔེ།
[རྩོམ་སྒྲིག]སྐྱེལ་མ་དཔའ་བོའི་དཔེ། "དཔེར་ན་སྐྱེལ་མ་དཔའ་བོ་སྟོབས་དང་ལྡན་པ་ལ་བརྟེན་ནས་བ་ལམ་དུ་དགྲ་མི་ཤ་བོ་ལྟ་བུའི་འཇིགས་པ་ཆེན་པོ་ལས་སྐྱོབ་པ་ལྟར་གཉེན་པོ་སྟོབས་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་གང་ལ་བརྟེན་ནས་རྒྱུ་སྡིག་པ་ཆེན་པོ་དེ་དག་ཟིལ་གྱིས་མནན་ནས་ནུས་པ་ཉམས་པར་བྱས་པ་ལས་དེ་དག་གི་འབྲས་བུ་ངན་འགྲོའི་འཇིགས་པ་མི་བཟད་པ་ལས་ཀྱང་རིང་པོར་མི་ཐོགས་པར་ཡུད་ཙམ་མམ་སྐད་ཅིག་ཉིད་ཀྱིས་སྒྲོལ་བར་འགྱུར་"[༣]ཞེས་གསུངས་པས་འཇིག་རྟེན་པའི་ཆོས་སུ་ལམ་བར་གྱི་འཇིགས་ཤིང་སྐྲག་པའི་དུས་སུ་སྐྱེལ་མ་དཔའ་བོ་སྟོབས་དང་ལྡན་པ་ལ་བརྟེན་ནས་དགྲ་བོ་དང་ཆོམ་རྐུན་སོགས་ཀྱི་གནོད་པ་ཆེན་པོ་ལས་སྐྱོབ་པར་རེ་ལ། དེ་བཞིན་ཆོས་ཕྱོགས་སུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཞེས་པའི་གཉེན་པོ་སྟོབས་ལྡན་དེ་ལ་བརྟེན་ནས་སྔར་བྱས་པའི་སྡིག་པ་ཆེན་པོ་དེ་རྣམས་ཟིལ་གྱིས་མནན་ཅིང་འབྲས་བུ་སྐྱེད་པའི་ནུས་པ་ཉམས་པར་བྱས་པས། ངན་འགྲོའི་འཇིགས་པ་ཆེན་པོ་དེ་རྣམས་ལས་རིང་པོར་མི་ཐོགས་པར་སྐད་ཅིག་ཉིད་ཀྱིས་བསྒྲལ་ཐུབ་པར་བསྟན་ཏོ། ། ཕ་བསད་པའི་དཔེ། "དཔེར་ན་ཕ་བསད་པའི་ཉེས་ཅན་གྱི་མི་ཞིག་སྐྱེལ་མ་དཔའ་བོ་ལ་བརྟེན་ནས་ཕ་དེའི་བུའི་དྲུང་དུ་སོང་ནའང་བུའི་ཤ་ལེན་སྙོགས་པའི་དགྲའི་གནོད་པའམ་འཇིགས་པ་ཆེན་པོ་ལས་ཡུད་ཙམ་གྱིས་སྒྲོལ་བ་ལྟར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གང་ལ་བརྟེན་ནས་སྡིག་ཆེན་དེའི་འབྲས་བུ་དམྱལ་བའི་སྡུག་བསྔལ་ལས་ཡུད་ཀྱིས་ཏེ་ཡུད་ཙམ་གྱིས་སྒྲོལ་བར་འགྱུར་བ་སྟེ།"[༤] ཞེས་གསུངས་པས་ཕ་བསད་པ་ཞེས་པ་ནི་མཚམས་མེད་པ་ལྔའི་ཡ་གྱལ་གཅིག་སྟེ་སྡིག་པ་ཆེ་ཤོས་ཡིན། དེ་ལྟ་བུའི་ཉེས་ཅན་གྱི་མི་ཞིག་སྐྱེལ་མ་དཔའ་བོ་ལ་བརྟེན་ནས་ཕ་བསད་པའི་བུ་དེའི་དྲུང་དུ་ནང་པར་སླེབས་ནའང་། བུས་ཕ་བསད་པའི་ཤ་ལེན་སློགས་པའི་འཇིགས་པ་ཆེན་པོ་ལས་སྐྱེལ་མ་དཔའ་བོའི་མཐུས་ཡུད་ཙམ་གྱིས་སྒྲོལ་ཐུབ་པ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་བརྟེན་ནས་ཕ་བསད་པ་ལྟ་བུའི་སྡིག་པ་ཆེན་པོའི་འབྲས་བུ་དམྱལ་བ་མནར་མེད་པའི་སྡུག་བསྔལ་ལས་སྐད་ཅིག་ཉིད་ལ་བསྒྲལ་ཐུབ་པར་གསུངས།
ལུས་ལ་བལྟས་ནས་འཇིགས་པ་སྐྱེ་བའི་དཔེ།
[རྩོམ་སྒྲིག]ལུས་ཀྱི་ངོ་བོ་གཟིགས་པ། "གང་ཞིག་པགས་པའི་ཁ་ཕྱེ་ཞེས་པ་ལ་སོགས་པ་གསུངས་ཏེ། ཁ་ཕྱེ་བ་ནི་རྣམ་པར་བྲལ་བ་སྟེ། གང་ལས་ཞེས་པ་ནི་ལུས་ལས་སོ། །དེའི་ཚེ་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་རོ། །"[༥]ཞེས་གསུངས་པས་ལུས་ཀྱི་ཕྱི་ངོས་སུ་ཆགས་པ་སྐྱེད་པའི་མཛེས་སྡུག་གི་སྣང་བ་དེ་ནི་ནང་མཚན་ལ་མ་བལྟས་བར་པགས་པའི་སྤྱི་ཁ་ཙམ་ལ་བལྟས་པ་ཞིག་རེད། འོན་ཀྱང་། ལུས་ཀྱི་ནང་ངོས་སུ་པགས་པའི་ཁ་ཕྱེ་ནས་རྣམ་པར་བསལ་ཏེ་ལུས་ལ་བལྟས་ན། དེའི་ཚེ་ལུས་ཀྱི་འཇིགས་པ་ཆེན་པོ་བསྐྱེད་པར་འགྱུར་བ་སྟེ། ལུས་ཀྱི་ངོ་བོ་རང་བཞིན་གྱིས་འཇིགས་སུ་རུང་བ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ་པར་བསྟན་ཏོ། ། "དེ་ལྟར་བལྟས་ཏེ་བརྟགས་པས་གང་ལས་པགས་པའི་ཁ་ཕྱེ་སྟེ་བཤུས་པ་ན་དེ་མཐོང་བ་རྣམས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་ཇི་ལྟར་དེ་ཉིད་ལ་ཕྱིར་ཞིང་དགའ་བ་ཅི་ཕྱིར་སྐྱེ་བར་འགྱུར།"[༦] ཞེས་བསྟན་པས་གསལ་བར་ལུས་ཀྱི་ངོ་བོ་དེ་ལྟར་བརྟག་དཔྱད་བྱས་ནས། ལུས་ཀྱི་ནང་ངོས་སུ་པགས་པའི་ཁ་ཕྱེ་ནས་རོ་ཤ་དང་ཁྲག་སོགས་ཇི་ལྟ་བ་བཞིན་མཐོང་ན། གང་ཡང་རུང་བའི་མིས་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བ་རྣམས་ཤེས་ཀྱང་། ཇི་ལྟར་ན་འཇིགས་པ་སྐྱེ་རུང་བའི་ལུས་དེ་ཉིད་ལ་མི་འཇིགས་པར་མ་ཟད། ལུས་དེ་ཉིད་ལ་ཕྱིར་ཞིང་དགའ་བ་སྐྱེ་བར་འགྱུར་བ་ནི་ཤིན་ཏུ་མི་རིགས་སོ། ། དུར་ཁྲོད་ཀྱི་རོ་དང་འདྲ་བར་བལྟ་བ། "ལུས་གང་ལས་པགས་པའི་ཁ་ཕྱེ་ན་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བར་ཤེས་ཀྱང་ཇི་ལྟར་རང་དང་བུད་མེད་ཀྱི་ལུས་དེ་ཉིད་ལ་ཕྱིར་ཞིང་ཡང་དང་ཡང་དུ་དགའ་བ་སྐྱེ་བར་འགྱུར་བ་མི་རིགས་པས། དུར་ཁྲོད་ཀྱི་རོ་དང་མཚུངས་པར་བསམས་ནས་ཆགས་པ་སྤང་བར་བྱའོ། །"[༧]ཞེས་གསུངས་པས་ལུས་ཀྱི་ངོ་བོ་དེ་ལ་སྒོམ་བསམ་ལེགས་པར་བྱས་ནས། ལུས་ཀྱི་ནང་ནས་པགས་པའི་ཁ་ཕྱེ་ན་འཇིགས་པ་ཆེན་པོ་སྐྱེ་བར་འགྱུར་བ་ཡིན་པ་ཚུལ་བཞིན་དུ་ཤེས་ཀྱང་། ཇི་ལྟར་ན་འཇིགས་པ་སྐྱེ་རུང་བའི་ལུས་དེ་ཉིད་ལ་མི་འཇིགས་པར་མ་ཟད། རང་དང་བུད་མེད་ཀྱི་ལུས་དེ་ཉིད་ལ་འདུན་པ་དང་རྒྱུན་དུ་དགའ་བ་སྐྱེ་བར་འགྱུར་བ་ནི་ཤིན་ཏུ་མི་རིགས་པ་ཡིན། དེ་བས་ན་ལུས་ཀྱི་ངོ་བོ་དུར་ཁྲོད་ཀྱི་རོ་དང་ཁྱད་པར་མེད་པར་ངེས་ཤེས་ཡང་དག་པར་སྐྱེ་བ་དང་། དེ་ལ་བརྟེན་ནས་ལུས་ལ་ཆགས་པ་སྤོང་དགོས་པར་བསྟན།
བསྡུས་དོན།
[རྩོམ་སྒྲིག]སྔར་བྱས་པའི་སྡིག་པ་ཆེན་པོའི་འབྲས་བུ་ངན་འགྲོའི་སྡུག་བསྔལ་ལས་བྱང་ཆུབ་ཀྱི་སེམས་ཀྱིས་སྒྲོལ་ཐུབ་པ་དང་། ལུས་ཀྱི་ངོ་བོ་རང་བཞིན་ལ་བལྟས་ནས་ཆགས་པ་སྤོང་བར་སྦྱང་བས་ལུས་ཀྱི་ནང་གི་མཚན་མ་ཀུན་མཐོང་ནས་སྐྱེ་བའི་འཇིགས་པ་དེ་ལ་འཇིགས་པ་ཆེན་པོ་ཞེས་སོ། ། སེམས་ཅན་རྣམས་ལ་བྱང་ཆུབ་ཀྱི་སེམས་ལ་བརྟེན་པར་སྤྲོ་བ་སྐྱེད་པ་དང་། ལུས་ཀྱི་ངོ་བོའམ་རང་བཞིན་མི་གཙང་བས་འཇིགས་པ་སྐྱེད་པར་བྱེད་པ་ཤེས་ནས་ལུས་ལ་ཆགས་པ་སྤོང་ཞིང་སྒོམ་པ་གཙོ་བོར་བྱེད་པ་ཡིན་ནོ། ། དེ་ལྟར་ན་འཇིགས་པ་ཆེན་པོ་ཞེས་པའི་ཐ་སྙད་འདི་སྤྱོད་འཇུག་གི་ནང་དུ་བསོད་ནམས་བསྐྱེད་པ་དང་ཤེས་རབ་བསྒོམ་པ་གཉིས་ཀར་གལ་ཆེ་བའི་གོ་སའི་ལྡེ་མིག་ཅིག་ཡིན་པར་ཤེས་ཐུབ་བོ། །
ལུང་ཁུངས།
[རྩོམ་སྒྲིག]- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
- ↑ མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
- ↑ ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
- ↑ རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར།
- ↑ རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།