འཇམ་སེང་།

ཡོང་ཁུངས་Wikipedia
སྙན་ངག་པ་འཇམ་སེང་།

མཚམས་སྦྱོར།[རྩོམ་སྒྲིག]

འཇམ་སེང་ནི་སྙན་ངག་པ་ཞིག་དང་། ཚོར་རྟོག་གི་འཇིག་རྟེན་ན་གོམས་སྟབས་རྒྱུ་བཞིན་པའི་བསམ་བློ་བ་ཕུལ་བྱུང་ཞིག་རེད། ཁོང་གིས་མི་ཚེའི་རིན་ཐང་དང་འཚོ་གནས་ཀྱི་སྙིང་པོ་སོགས་ང་ཚོས་ངེས་པར་དུ་ཤེས་དགོས་པའི་མན་ངག་སྟོན་ཡོད་ལ། མདུན་ལམ་དང་དམིགས་ཡུལ་ངེས་ཅན་ཞིག་གིས་མིའི་རིགས་ཀྱི་འགྲོ་བ་ལ་ཕན་བླ་མེད་ཅིག་སྒྲུབ་དགོས་པར་འདོད། རྒྱུན་པར་དངོས་མིང་དུ་འཇམ་དབྱངས་སེང་གེ་འབོད།

ངོ་སྤྲོད།[རྩོམ་སྒྲིག]

འཇམ་སེང་།༡

ནག་ཆུ་ཡོས་ཆགས་སྡེ་བ་རུ་འབྲོག་སྡེ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་ཤིང་ཆུང་དུས་ནས་སློབ་གཉེར་གྱི་གོ་སྐབས་ཐུབ་སྟེ་བོད་ཡིག་འབྲི་ཀློག་ལ་བྱང་ཆུབ་པར་བྱུང་བས་ཤེས་ཡོན་པ་ཕུལ་བྱུང་ཞིག་གི་རྨང་གཞིའི་འགོ་ཚུགས། ལོ་བཅུ་དྲུག་ཐོག་རབ་ཏུ་བྱུང་ནས་ཨ་བསྟན་རིན་པོ་ཆེ་དང་མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས་རྣམ་གཉིས་གཙོར་བྱས་པའི་བོད་ཀྱི་མཁས་གྲུབ་མང་དུ་བསྟེན་ཏེ་ཕར་ཕྱིན་དང་ཚད་མ་། མངོན་པ་དང་དབུ་མ་སོགས་ནང་བསྟན་རིག་གཞུང་ལ་སྦྱངས་པ་ཆེས་ཆེར་མཛད་པས་ནང་བསྟན་མཚན་ཉིད་རིག་པ་བ་ཞིག་ཀྱང་ཡིན།

ནང་བསྟན་རིག་གཞུང་ནི་ཁོང་གི་མི་ཚེའི་ཆ་ཤས་སུ་གྱུར་་ཡོད་ལ་ནང་བསྟན་མཚན་ཉིད་རིག་པས་སྟེར་བའི་ཁོང་གི་ལང་ཚོ་ནི་ད་ལྟ་འཕྲོ་བཞིན་པའི་སྐར་མ་འོད་ཆེན་དེ་ཡིན། ནང་བསྟན་གྱི་ཁྲོད་ནང་ཚར་ལོང་བྱུང་ཞིང་ནང་བསྟན་རིག་གཞུང་ལ་མི་ཚེ་ཕུལ་བའི་མཚན་ཉིད་པ་ཁོང་ནི། སྤྱིར་མིའི་འགྲོ་བ་དང་ཁྱད་པར་བོད་རིགས་ཀྱི་དོན་དུ་ལུས་ངག་བསྔོ་བཞིན་པའི་ལྷག་བསམ་ཅན་ཞིག་ཡིན་པ་མ་ཟད། སྙན་ངག་གི་ཚིག་སྦྱོར་རེ་དང་པིར་སྨྱུག་གི་རྒྱུ་ཕྱོགས་རེ་ལྟ་བ་གསར་པ་དང་བསམ་བློ་གསར་པའི་ཁྲོད་དུ་རྒྱུ་བཞིན་ཡོད།

མི་ཚེའི་འཚོལ་རྟོག

ལེགས་རྩོམ།[རྩོམ་སྒྲིག]

ཁོང་གིས་མི་ཡུལ་ལ་ཕུལ་བའི་ལེགས་སྐྱེས་༼ལེགས་ལམ་ནས་མི་ཚེ་འཚོལ་བ།༽ ༼མི་ཚེ་འཚོལ་བར་ཐབས་ལམ་སྣ་ཚོགས་དགོས།༽ ༼མི་ཚེ་འཚོལ་བའི་བློ་བཞི།༽ཞེས་སོགས་མི་ཚེའི་ཐབས་ལམ་སྟོན་པའི་ལེགས་རྩོམ་མང་དུ་མཆིས་ཤིང་། ད་དུང་དུས་དེབ་དང་སྒེར་དེབ་མི་ཉུང་བ་ལ་སྙན་རྩོམ་དང་ལྷུག་རྩོམ་གྲངས་མང་སྤེལ་མྱོང་། ཡོས་ཆགས་སྒྲོལ་དཀར་ལྷ་མོ་ནས།

འཇམ་སེང་གི་སྙན་ངག[རྩོམ་སྒྲིག]

  ༼ཁ་བའི་ལང་ཚོ།༽
                 

ཁ་བའི་རི་གྲོང་གི་ལྷ་བུ་དཀར་ཆུང་།། བག་མེད་བརྩེ་དགའ་ཡི་གར་དུ་རོལ་ཚེ།། གསང་གསུམ་རི་མོ་རུ་སྦྱར་བའི་གནས་འདིར།། འོད་དཀར་ཚོམ་བུ་ཞིག་ཡིད་མཁར་འགྲིམ་སོང་།།

དཀར་ཆུང་འདབ་ལྡན་གྱི་མཆོད་པའི་མེ་ཏོག། འོ་མའི་ཆུ་སྤྲིན་གྱི་མངལ་དུ་ལྷག་ཚེ།། དུང་ཆུང་ལྷ་ཞལ་གྱི་འཁོར་བའི་གནས་གྲོང་།། སྣང་བའི་སྤྱན་ལམ་དུ་མཛེས་པས་བསླུས་སོང་།།

དྲན་པ་སྐྱག་ཤོར་པོ་རི་འཁྱམ་ལུང་འཁྱམ།། སྣང་བ་དར་སྐུད་ཙམ་ཞེ་ལ་བཟུང་ནས།། ལང་ཚོ་འོད་ཆུང་གི་སྐར་ཚོགས་ཁྲོམ་དུ།། རེ་བའི་ཕྱི་མིག་ཅིག་ཡང་ཡང་བལྟ་འདོད།།

གོམ་པའི་འདེག་འཇོག་གི་གར་སྟབས་མྱུལ་ན།། དཀར་འོད་གཟི་ལྡན་གྱི་འཛིན་མའི་ཞལ་དུ།། མ་བྲིས་ཕྱག་སོར་གྱི་ལམ་ཡིག་འགོད་སྐབས།། དྲན་པའི་གཏིང་རིམ་ནས་གངས་ལ་འཁྲེང་སོང་།།

ལྷ་མོ་འཛུམ་དཀར་གྱི་ལྷག་བསམ་ཟེགས་མས།། མི་ཡུལ་ཕུན་ཚོགས་ཀྱི་སྒེ་གླེགས་ཕྱེས་ན།། དུང་སེམས་ཕོར་གང་གིས་བཟི་ལ་ཉེ་དུས།། ཁ་བའི་འོད་སྣང་འདི་འཆི་མེད་སྨན་མཆོག།

མཚམས་རེར་རླུང་ཚུབ་ཀྱི་གདོང་དུ་འབུད་དགོས།། བསིལ་ལྡན་ཞིང་ཁམས་འདིར་མཛེས་པ་བསྐྲུན་དགོས།། མཚམས་རེར་ཉི་ཟེར་གྱི་ཚ་རླབས་འཇིགས་དགོས།། འོད་དཀར་སུམ་རྩེན་ཞིག་ཡུན་དུ་གནས་དགོས།།

ང་དང་ཁ་བ་ཡི་ལས་དབང་དམར་ཆུང་།། ཡིད་ཀྱི་ཟབ་ས་ནས་མདུད་པ་ཐེབ་པས།། སྣང་སྲིད་དབྱངས་དྲུག་གི་ཀློང་དུ་གྱེར་བཞིན།། ཁ་བའི་རི་ལུང་དུ་གཏིང་འཛིན་སྒོམ་འདོད།། རྩོམ་པ་པོ་འཇམ་སེང་།