འཆི་བསླུ་ཟབ་མོ་

ཡོང་ཁུངས་Wikipedia

༄༅། །རྫོགས་པ་ཆེན་པོའི་ལོ་རྒྱུས་མདོ་བྱང་ཕོ་རི་སྨུག་ཆུང་ལསཿ འཆི་བསླུ་ཟབ་མོ་བཞུགས་སོ༔ རྒྱ་གར་སྐད་དུ༔ ཀྲོ་ཏ་ཨ་མུ་ཀ་བྷེ་ལ༔ བོད་སྐད་དུ༔ འཆི་བ་བསླུ་བ༔ བཅོམ་ལྡན་འདས་དཔལ་གཞོན་ནུ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ༔ འགྲོ་བའི་སྡུག་བསྔལ་རྣམ་པར་གྲོལ་བར་བྱ་བའི་ཕྱིར༔ འཆི་བའི་སྡུག་བསྔལ་མི་བཟད་ཤིན་ཏུ་དྲག་པོ་རྣམས༔ ཐུགས་རྗེ་ཆེན་པོས་དེ་དག་མ་ལུས་བཟུང་བའི་ཕྱིར༔ འཆི་བ་ལས་བཟློག་བཤོལ་འདེབས་རྣམ་པར་བཤད་པར་བྱ༔ འདི་དག་རྣམས་ཀྱི་སྡུག་བསྔལ་ཡང་བཅད་པར་བྱ་བའི་ཕྱིར༔ དེ་ལ་རིགས་ཀྱི་བུ་ཁ་ཅིག་ལ༔ གོང་གི་འཆི་བའི་རྟགས་དེ་དག་བྱུང་བ་ལས༔ ལོ་ནུར་དང་ཟླ་ནུར་དུ་བཟློག་པའི་མན་ངག་ལ༔ སྤྱི་དྲིལ་བཟློག་པ་དང་༔ བྱེ་བྲག་ཏུ་སོ་སོར་བཟློག་པའོ༔ སྤྱིར་བཟློག་པ་ནི༔ དེ་ཡང་བར་གཅོད་ཀྱི་གདོན་དང་འབྱུང་བ་རྣམས་ཀྱིས་ཚེའི་དུས་བྱེད་པ་ཡིན་ཏེ༔ སྐྱེས་བུ་གཅིག་གི་ལུས་འབྱུང་བ་ལྔའི་རྟེན༔ ཡན་ལག་དང་༔ དབང་པོ་ལྔ༔ དོན་སྙིང་ལྔ༔ རྩ་ཆེན་པོ་ལྔའི་རང་བཞིན་དུ་གནས་ཏེ༔ དེ་དག་གནས་གང་ཡིན་པར་རྐྱེན་གྱིས་བསླད་སྟེ༔ ཚེའི་དུས་བྱེད་པ་དང་༔ འབྱུང་བ་ནང་གི་མི་མཐུན་པ་འདྲེས་པ་ལ་འཆི་བ་དང་༔བར་གཅོད་ཀྱི་གདོན་དྲག་པོས་ཚེའི་དུས་བྱེད་དོ༔ དེ་ཡང་དེ་དག་གི་རྟགས་སུ་རྟེན་དེ་དག་མངོན་དུ་ཉམས་པ་ལ་འཆི་བ་བརྟག་པའོ༔ དེ་ཉིད་དང་པོ་ཉམས་མ་ཐག་ཏུ་ནི༔ ཆོ་ག་དང་༔ རིམ་གྲོ་དང་༔ གཏོ་དཔྱད་ལ་སོགས་པ་རྣམས་ཀྱིས་བཟློག་པའོ༔དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས༔ ཟླ་བ་བཅུ་གཉིས་ལ་འབྱུང་བ་རེ་རེ་གཉིས་བཟུང་བ་ལ་དབང་ངོ་༔ ཟླ་བ་གཉིས་སྤྱི་ཁྱབ་ཏུ་གནས༔ ཟླ་བ་གཅིག་ལ་འབྱུང་བ་རེ་རེ་ཞག་ལྔ་ལྔ་དབང་༔ ཞག་ལྔ་སྤྱི་ཁྱབ་ཏུའོ༔ འབྱུང་བ་དང་གདོན་རྣམས་ཀྱི་གནས་ལ་སླེབ་ཙམ་ན་མི་བཟློག་གོ༔ དཔེར་ན་མཁར་མཐོན་པོ་ལ་མེ་ཤོར་ན༔ དང་པོ་འོག་ཁང་གི་དུས་སུ་བཟློག་སླའོ༔ རྩེ་ལ་མེ་ཤོར་ན་མེ་མི་གསོད་པ་དང་འདྲའོ༔ དེ་ལ་དང་པོ་རྟགས་དེ་དག་དང་ལྡན་པའི་སྔོན་དུ༔ རང་གི་བླ་མ་དང་མཆེད་གྲོགས་ལ་ཚོགས་བསགས་པའི་ལས་ཅི་ནུས་བྱའོ༔ དེ་ཡང་འབྱུང་བ་རྣམས་ཀྱི་འཁོར་ལོ་དང་འབྱུང་བའི་ཡི་གེས་བཟློག་གོ༔ རྒྱ་ཤོག་གམ་ཏ་ལའི་ལོ་མ་ལ་འཁོར་ལོ་རྣམས་བྲིའོ༔ རླུང་གི་འཁོར་ལོ་རྩིབས་བཞི་པ༔ མུ་ཁྱུད་དང་༔ རྩིབས་དང་༔ ལྟེ་བར་བཅས་པ་ལ་ཡྃ་ལྔ་བཀོད༔ ཐ་མའི་མུ་ཁྱུད་ལ་ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་བཀོད༔ མེའི་འཁོར་ལོ་དམར་པོ་ལ་རྩིབས་བཞི་ལ་སོགས་པ་གོང་དང་འདྲ་བ་ལ༔ ཡི་གེ་རྃ་ལྔ་བཀོད༔མུ་ཁྱུད་ལ་ཨཱ་ལཱི་ཀ་ལཱི་གོང་དང་འདྲའོ༔ དེ་བཞིན་དུ་སའི་འཁོར་ལོ་སེར་པོ་ལ་ལྃ་ལྔ་བཀོད༔ ཆུའི་འཁོར་ལོ་དཀར་པོ་ལ་ཁྃ་ལྔ་བཀོད༔ ནམ་མཁའི་འཁོར་ལོ་མཐིང་ག་ལ་ཨེ་ལྔ་བཀོད༔ དེ་ལྟར་འཁོར་ལོ་བྲིས་ལ་དེ་དག་ལ༔ སོ་སོའི་ཁ་དོག་དང་འདྲ་བའི་འབྱུང་བའི་རང་བཞིན་གྱི་ལྷ་རེ་རེ་བསྐྱེད་ལ༔ དེ་ལ་མཆོད་པ་ལྔ་འབུལ་བ་དང་༔ སྡིག་པ་བཤགས་པ་དང་༔ རང་གི་འདོད་པའི་དོན་ལ་གསོལ་བ་གདབ་པར་བྱ་སྟེ༔འབྱུང་བ་ལྔའི་སྔགས་སོ་སོའི་ཡི་གེ་སྐྱེས་བུའི་ལོ་གྲངས་ཙམ་རེ་བརྗོད་ལ་ལྷ་ལ་བསྟིམ་མོ༔ དེ་ནས་འཁོར་ལོ་དེ་དག་ཁམས་ཕོར་ཁ་སྦྱར་དུ་བཅུག་ལ༔ ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་ལ༔ ཤིང་སྣ་ཆུ་སྣ་མེ་སྣ་ས་སྣ་དང་༔ སེམས་ཅན་རིགས་མི་མཐུན་པའི་རྟ་དང་གླང་པོ་ཆེ་མ་ཧེ་ལ་སོགས་པའི་ཁའི་རླངས་པ་ལ་བསྒྲེས་པའི་ཟན་དང་བཅས་པ་ལ་གཟུགས་ཁྲུ་གང་པ་གཅིག་བྱས་ལ༔ དབང་པོ་ལྔ་ལ་ཡིག་གེ་ལྔ་མིག་ཏུ་རྃ་རྣ་བར་ཁྃ་ལྕེ་ལ་མྃ་སྣ་ལ་ཡྃ་སྙིང་ཁར་ཨེ་བཅུག་ལ་བཞག་གོ༔ གདོན་རྣམས་ལ་བསླུ་བའི་རྫས་ནི༔ ས་དམར་པོ་ལ་བྱ་བའམ༔ ཡང་ན་ངར་ཟན་ལ་ཚོན་གྱིས་བསྒྱུར་བའི་གླུད༔ བསྒྲུབ་བྱ་རང་གི་ལོ་གྲངས་ཀྱི་སོར་ཚད་འཇལ་བ་དང་མཉམ་པའི་ཁ་དོག་བདུད་ནག་པོ་དང་༔ དམར་པོ་བཙན་དང་ཀླུ་བཙན་དང་༔ སེར་པོ་ཀླུ་གཉན་དང་ཐེའུ་རང་དང་༔ དཀར་པོ་རྒྱལ་པོ་དང་༔ལྗང་གུ་བདུད་པོ་ཡུལ་ལྷ་དང་༔ ཁྲ་བོ་ས་སྲིན་དག་ལ་བྱས་ལ༔ དེ་དག་ལ་རང་གི་དྲི་མ་དང་༔ གོས་དུམ་དང་༔ སྣབས་དང་༔ ཁ་ཆུ༔ མིག་ཆུ༔ སྐྲ་དང་༔ སེན་མོ་ལ་སོགས་པ་དང་༔ རིན་པོ་ཆེ་བརྡར་བ་དང་བསྲེས་ཏེ་གཟུགས་བྱའོ༔ བལ་ཚོན་དང་དར་སྣ་ཚོགས་ཀྱིས་བརྒྱན་པར་བྱའོ༔ ལྟས་ངན་གྱི་བྱ་སྒྲོའི་རིགས་མང་པོས་ཀྱང་བརྒྱན་པར་བྱས་ལ༔ དེ་དག་ལ་གཏོར་མ་དེའི་ཁ་དོག་དང་མཐུན་པ་རེ་རེ་དང་༔ ངར་ཟན་གྱི་ཆང་བུ་ལོ་གྲངས་དང་མཉམ་པ་རེ་རེ་བཞག་སྟེ༔དེ་དག་ལ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས་ལ༔ ཚིག་ཏུ་ཡང་འདི་སྐད་བརྗོད་དོ༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ སྲིད་དང་ཆགས་དང་ཞེན་པ་དང་༔ དྲན་དང་གཟུང་དང་བསམ་དང་རེག༔ གློད་དང་གྲོལ་དང་ཞི་བར་མཛོད༔ ཅེས་བརྗོད་ལ་འཁོར་ལོ་དང་བཅས་པ་ཆུ་ཆེན་པོའི་གཞུང་ལ་བསྐྱལ་ན་ལོ་གསུམ་གྱི་བར་ལ་འཆི་བ་བཟློག་པར་འགྱུར་རོ༔ རྟགས་མ་བྱུང་གི་གོང་དུ་ལོ་རེ་ལ་ལན་གསུམ་རེ་འགྲུབ་ན་མཆོག་ཏུ་ལེགས་སོ༔ བདེ་བ་ཆེན་པོ་སྐྱོབ་པའི་ལྷ༔ ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ༔ བྱེ་བྲག་ཏུ་བཟློག་ཐབས་བསྟན་པ་ནི༔ འདི་དག་ཐམས་ཅད་ལ་རང་གི་བླ་མ་ཡོད་ན་རབ༔ མེད་ན་གྲོགས་ཡིད་དང་མཐུན་པ་གཅིག་གིས༔ འབྱུང་བའི་ས་བོན་གྱི་དབང་པོ་ལྔ་ལ་དབང་བསྐུར་བར་བྱས་ལ༔ སེན་མོའི་བཀྲག་མེད་པ་ལ་ནི༔ དགེ་སློང་བདུན་ལ་ཆོས་སྟོན་བྱ༔ ཡོན་ཕུལ་ལ་གོས་སེར་པོ་གྱོན་ལ་སྡོམ་པ་ཡང་བླང་༔ ཡོད་ན་བསྐྱར་ལ་བླང་ངོ་༔ དེས་བཟློག་པ་ཡིན་ནོ༔ མིག་གི་སྤྲིས་མ་ཡལ་བ་ལ་ནི༔ ས་དཀར་པོ་ལ་སཱ་ཙྪ་རང་གི་ལོ་གྲངས་ཙམ་བཏབ་ལ༔ བསྐོར་བ་བདུན་བྱས་ལ་ཆུ་བོ་ཆེན་པོར་དོར་ལ༔ གོམ་པ་རང་གི་ལོ་གྲངས་ཙམ་ལ་ཕྱི་མིག་མི་བལྟའོ༔ ལྟག་པའི་སྐྲ་གྱེན་ལ་ལོག་པ་ནི༔ འབྲུ་ནག་པོ་ལ་ཟན་བྱས་ཏེ༔ ངར་གླུད་གྲུ་གང་པ་གཅིག་བྱས་ཏེ༔ དེའི་སྙིང་གར་ལུང་ཏང་གི་རྡོག་མ་རང་གི་ལོ་གྲངས་ཙམ་དང་༔ རང་གི་མིང་བྱང་བཅུག་ལ༔ རང་གི་སྐྲ་བྲེག་ལ་དེའི་སྐྲ་བྱ༔ རང་གི་ལུས་ལ་ཁྲག་བྱུང་སྟེ་དེའི་གདོང་ལ་བྱུག༔ གོས་དུམ་གྱི་དཀྲིས་ལ་ཁ་དོག་ནག་པོར་བྱུག༔ རང་གི་གནས་ཁང་ནས་གོམ་པ་ཉི་ཤུ་རྩ་གཅིག་གི་སར་དོང་གྲུ་གསུམ་པ་ནག་པོ་བྲུས་ལ༔ འབྱུང་བ་མེའི་སྙིང་པོ་ལོ་གྲངས་ཙམ་ཅིག་བཟླས་ལ༔ བདུད་ནག་པོ་ཁྱོད་འདི་ཁྱེར་ཅིག༔ གལ་ཆེའོ་གལ་ཆེའོ༔ ཞེས་ལན་གསུམ་བརྗོད་ལ༔ དོང་དེར་བསྐྱུར་ལ༔ དེའི་སྟེང་དུ་དྲི་ཆེན་བཏང་ལ༔ སས་བྱིབས་ལ་བཾ་བཏང་སྟེ་བྲོས་སོ༔ དེ་ནས་ཡང་བརྟགས་ཏེ༔ གོང་ལྟར་འདུག་ན་ཅིས་ཀྱང་ཕན་པ་མེད་དོ༔ གཞན་རྣམས་ལ་ལན་གཅིག་གིས་མ་བཟློག་ཀྱང་ལན་གསུམ་གྱིས་བཟློག་པར་ཐེ་ཚོམ་མེད་དོ༔ རྐང་པ་ལོང་མོའི་རྟགས་ལ་ནི༔ ཉི་མ་གྲིབ་ཆུང་ཙམ་ལ༔ ཉི་མ་ནུབ་ཏུ་ཁ་བལྟས་ལ་ལུས་གཅེར་མོར་ཕྱུང་ལ༔ འཕོངས་སུ་ཁྱིའི་མཇུག་མ་བཅུག་ལ༔ མདུན་དུ་དྲི་ཆེན་བཞག་ལ༔ ཁམ་རེ་ཟོས༔ ཁྱི་སྐད་བཏོན་པ་ལན་གསུམ་བྱའོ༔ ཡང་སྐྱེས་བུ་གཞན་གྱི་ལུས་ལ་ནད་ཀྱིས་བཏབ་པ་རྣམས་ནི༔ སོ་རྣམས་ཀྱི་རྩ་བར་དྲེག་པ་ནག་པོ་བྱུང་བ་ལ༔ སྐྱེས་བུ་དེ་ལ་རའི་པགས་པ་བསྐོན་ལ༔ ཉི་མ་ཤར་དུ་ཁ་བལྟས་ལ༔ རའི་སྐད་ལན་གསུམ་བཏོན་པར་བྱའོ༔ཨྠྀི༔ སྣ་ཞོམ་པ་ལ་སྣའི་རྩེ་མོར་ཨ་བསམས་ལ༔ ཨཱཿཉི་ཤུ་རྩ་གཅིག་བཟླས་ལ༔ ལུས་པོ་ཆུ་སྣ་དགུ་ནས་བཏོན་ན་ཕན་པ་ཡིན་ནོ༔ ཡན་ལག་བརྐྱངས་བསྐུམ་བྱེད་པ་ལ་ནི༔ཡན་ལག་ལ་རྒྱ་སྐག་གི་ཁུ་བས༔ འཁོར་ལོ་རྩིབས་བཞི་པ་རེ་རེ་བྲིས་ལ༔ གཟུངས་སྔགས་མང་པོ་བཟླས་པའི་ཆུས་ལོ་གྲངས་ཙམ་གཅིག་བཀྲུས་ནས་བཏོན་ན་ཕན་པ་ཡིན་ནོ༔ མིག་འབྲུ་ཚུགས་སུ་བལྟ་ན༔ དགེ་འདུན་ལ་ཆོས་སྟོན་རྒྱ་ཆེར་བྱ༔ བྱིས་པ་རང་རང་གི་ལོ་གྲངས་ཙམ་ལ་སྟོན་མོ་བྱ༔ གོས་དམར་པོ་ཆོས་སུ་གཞུག་གོ༔འགྲམ་པ་ཤོང་གིས་སོང་ན༔ སའི་ཚ་ཚ་ལོ་གྲངས་ཙམ་བཏབ༔ ཆུའི་ལས་སུ་ཆུ་གཏོར་ལོ་གྲངས་ཙམ༔ མེའི་ལས་སུ་སྦྱིན་སྲེག་ལོ་གྲངས་ཙམ༔ རླུང་གི་ལས་སུ་བ་དན་ལོ་གྲངས་ཙམ་ཕྱར༔ ནམ་མཁའི་ཨཱཿལོ་གྲངས་ཙམ་བསྡུས་པས་བསླུ་བར་ཐེ་ཚོམ་མེད་དོ༔ དབུགས་རྒོད་པ་ལ་ནི་བུ་རམ་གྱི་འདེ་གུ་ལ་རླུང་གི་སྙིང་པོ་བཟླས་ཏེ་བྱིན་ན་བཟློག་གོ༔ སྣ་གཡས་གཡོན་དུ་ཡོ་ན༔ སྣའི་རྩེ་མོར་ཡི་གེ་ཧཱུྃ་དཀར་པོ་བསམ་མོ༔ མིག་གི་མཆི་མ་མ་ཐུབ་པར་འཛག་པ་ལ༔ མིག་ལ་ཡི་གེ་བྷྲཱུཾ་བསམ་པར་བྱའོ༔ ཡང་འགྲམ་གཡས་པ་ཤོང་གིས་སོང་བའི་ངོས་ན་ཡི་གེ་ཀྴྃ་བསམ་པར་བྱའོ༔ སོ་འཐམ་པ་ལ་ནི༔ ཡི་གེ་ཤྭཾ་བསམ་པར་བྱའོ༔ ལྕེ་ལ་ཐིག་ལེ་ནག་པོ་བྱུང་བ་ལ་ནི༔ ཡི་གེ་ཧཱུྃ་ཐུང་བསམ་པར་བྱའོ༔ ཡང་སྣ་བ་ལེབ་མོར་འབྱར་བ་ལ་ནི༔ ཡི་གེ་མྃ་བསམ་པར་བྱའོ༔ བྲང་གི་ལྷེའུ་སྣ་ཞམ་པ་ལ་ནི༔ ཡི་གེ་མུྃ་བསམ་པར་བྱའོ༔ རྩ་གཉིས་ལོག་མེད་པ་ལ་ནི༔ ཡི་གེ་ཧཱུྃ་བསམ་པར་བྱའོ༔ དེ་དག་བསམ་པའི་ཡི་གེ་དེ་དག་ལོའི་གྲངས་ཙམ་བཟླ་བར་བྱའོ༔ མཚལ་དང་དྲི་བཟང་པོས་ཀྱང་བྲི་བར་བྱའོ༔ ནམ་མཁའི་གཟུགས་བརྙན་དེ་དེའི་ལག་པའི་ཕྱག་མཚན་མེད་པ་དེ་ལ་ནི༔ རང་གི་བླ་མ་ལ་ཚོགས་བརྒྱ་རྩ་བརྒྱད་བཏང་པར་བྱའོ༔ ལག་པ་གཡས་པ་མེད་པ་ལ༔ འབྲུ་སྣ་བདུན་ལ་ངར་ཟན་ཁྲུ་གང་བ་གཅིག་བྱས་ལ༔ མགོ་སེང་ལྡེང་གི་མགོ་གདང་པར་བྱའོ༔ དེ་ལ་སེ་བྱའི་སྤུ་རང་གི་ལོ་གྲངས་ཙམ་ཞིག་བཙུག་ནས༔ ཉི་མ་བྱང་ཕྱོགས་ཀྱི་རྒྱལ་པོའི་ཕོ་བྲང་གི་ལམ་སྲང་དུ་བསྐྱལ་ལོ༔ ལག་པ་གཡོན་མེད་པ་ལ་ནི༔ སྲེ་མོའི་སླུད་བུར༔ སྟག་ནག་ཁྲའི་མཆེ་བ་དང་༔ ཁྱི་ནག་པོའི་མཆེ་བ་གཉིས་བླུག་སྟེ༔ དེའི་ཁར་རང་གི་དྲི་ཆུས་སྦྲུས་པའི་ངར་ཕྲན་བརྫངས་སྟེ༔ ཆུ་བོ་ལ་བོར་རོ༔ རྐང་པ་གཡས་པའི་པུས་མོ་མན་ཆད་མེད་ན༔ ཉི་མ་ནུབ་ཏུ་ནམ་སྲོད་ལ༔ སེང་ལྡེང་རྒྱ་ཤུག་གི་མར་མེ་ལོ་གྲངས་ཙམ་བཏང་བས་བཟློག་གོ༔ རྐང་པ་གཡོན་པ་མེད་པ་ལ་ནི༔ ས་དཀར་པོ་ལ་གླུད་གྲུ་གང་བ་བྱས་ཏེ༔ དེའི་སྙིང་གར་སྟག་པ་ནག་པོ་སོར་བཞི་པ་གཅིག་ལ༔ རང་གི་ལོ་གྲངས་ཀྱི་ཁྲམ་བཏབ་ལ་གཞུག༔ དེ་ཚེས་སྐོར་སྟོང་པར་ཐོ་རངས་ཁ་སྐྱ་རེངས་ཤར་ཙམ་ན་བསྐྱལ་ལོ༔ མགོའི་གཡས་མེད་ན༔ བཀྲ་ཤིས་པའི་ས་སྣ་དགུ་དང་༔ ཤིང་ནག་པོའི་འབྲས་བུ་རྣམས་སྦྱར་ཏེ༔ གའུ་ནག་པོ་བྱས་ཏེ༔ དེའི་ནང་དུ་རང་གི་སྐྲ་དང་གོས་དུམ་བཅུག་སྟེ༔ ལོ་བཅུ་གཉིས་ཀྱི་མིང་གླང་མའི་བྱང་བུ་ལ་བྲིས་ཏེ་བཙུགས་ལ༔ དེའི་ཁ་བཅད་པའི་སྟེང་དུ༔ ཚེར་མ་རིགས་མི་མཐུན་པར་རང་གི་ལོ་གྲངས་རྙེད་ན་རབ༔ མ་རྙེད་ན་རྙེད་ཚད་སྙིང་གར་བཅུག་ལ༔ ནམ་ཕྱེད་དུས་སུ་རང་གིས་གོས་ནག་པོ་གྱོན་ཏེ་དུར་ཁྲོད་དུ་བསྐྱལ་ལོ༔ མགོ་གཡོན་མེད་ན༔ འབྲུ་སྣ་ཉི་ཤུ་རྩ་ལྔ་ལ་ངར་ཟན་བྱས་ལ༔ དེའི་སྙིང་གར་མི་རྟ་ཁྱིའི་རུས་པ་བཅུག་ལ༔ རང་གི་གོས་རྙིང་པས་དྲིལ་ལ༔ ཚེ་བཅུ་གཅིག་སྲོད་ལ་བུད་མེད་གཞན་གཅིག་ལ་བསྐུར་ལ༔ གོམ་པ་བརྒྱ་བཅུའི་སར་དོར་དུ་བཅུག་ལ༔ དེ་རང་གི་མྱོང་ལ་ལན་གསུམ་དུ་ངུ་བའི་ཚུལ་དུ་བྱས་ཏེ་སྦས་ན་བཟློག༔ སྐེ་ཡན་ཆད་མེད་ན༔ མེ་འཚམས་སུ་ཤིང་ཚེར་མ་ཅན་གྱི་ཧྃ་ལོ་གྲངས་བྱས་ཏེ༔ རིམ་པར་བསྲེག་ཅིང་རེ་རེ་ལ་མེའི་སྙིང་པོ་ལོ་གྲངས་ཙམ་རེ་བཟླས་ཞིང་བསྲེག་པར་བྱའོ༔ སྐེ་དང་བཅས་པ་མེད་པ་ལ༔ རང་གི་ལུས་ངོ་བསྲེག་པའི་སོལ་བས་ནག་པོར་བྱུགས་ལ༔ ཤོག་གུ་སོར་བཞི་པ་གཅིག་ལ༔ རང་གི་ལོ་དང་གནམ་ལོའི་མིང་བྲིས་ལ༔ ཕྱོགས་བཞིར་འབྱུང་བ་བཞིའི་སྙིང་པོ་བྲིས་ལ༔ རང་གི་སྣ་ལ་བཏགས་ཏེ༔ ཚེས་དགུའི་ནམ་གུང་ལ་ཕྱོགས་བཞིར་རྒྱུག་ཅིང་ཁ་ནས་འོ་ཁྱོད་ཁྱེར་ཞེས་འབྲལ་མང་དུ་བརྗོད་ཅིང་དེ་ནས་ཤོག་གུ་དེ་དུར་ཁྲོད་དུ་སྦའོ༔ ཕུང་པོ་དེའི་ཁོག་སྟོད་མེད་ན༔ ཤིང་མེ་བཏང་ནས་ལོ་སྐོར་བཅུ་གཉིས་གཟུགས་བསྲེག་པའོ༔ སྨད་མེད་ན་དུར་ཁྲོད་དུ་ཕྱིན་ཏེ༔ རུས་པ་སྣ་ཚོགས་པས་དུད་པ་བཏང་བས་ཆོག་གོ༔ ལུས་སྤྱིའི་གཡས་མེད་ན་གཙུག་ཏོར་ལོ་གྲངས་ཙམ་དང་༔ ཚ་ཚ་ལོ་གྲངས་བཏབ་པོ༔ གཡོན་མེད་ན་གཟུངས་གྲངས་མེད་དུ་བཀླག་ཅིང་གོས་དམར་པོ་གོན་ནོ༔ གནམ་ས་གཉིས་ཀྱི་འབྲེལ་ཐག་ཆད་པ་ལ་ནི༔ གསུང་རབ་རྒྱ་ཆེན་བཀླག་པ་དང་དགེ་བའི་ཕྱོགས་འགྲུབ་ཚད་བྱའོ༔ སེང་གེ་དཀར་མོའི་མི་བབས་པ་ལ་ནི༔ དཀྱིལ་འཁོར་གྱི་ཆོ་ག་ལོ་གྲངས་བྱས་པས་སོ༔ ལྗོན་ཤིང་ཆགས་པ་ནི༔ དོན་སྣོད་སོ་སོའི་བཅོས་ཐབས་ཤེས་པར་བྱའོ༔ ཆུའི་སྤྲིས་མ་སྔོན་དམར་དུ་བྱུང་བ་ལ་ནི༔ ཁམ་པ་ལ་ལོ་སྐོར་བཅུ་གཉིས་ཀྱི་གཟུགས་བྱས་ལ༔ ཁ་དོག་འབྱུང་བས་བསྒྱུར་ལ་དེ་རེ་རེའི་ཚ་ཚ་རེ་རེ༔ ངར་གླུད་རེ་རེ༔ སྟག་པའི་ཧྃ་རེ་རེ་བྱས་ཏེ༔ ཉི་མ་དམར་ཐག་ཆད་པ་ལ་བྱང་ཤར་གྱི་དུར་ཁྲོད་དུ་བསྐྱལ་ལོ༔ ནག་པོ་ཧྲལ་ཧྲོལ་པོ་ལ༔ ལྕགས་དང་ཟངས་ཀྱི་ཕྱེ་མ་དང་༔ འབྲུ་སྣ་ཚོགས་བསྲེས་ཏེ་ཕྱོགས་བཞིར་གཏོར་བས་དོན་འགྲུབ་པོ༔ དམར་པོའི་ཐིག་ལེ་ལ་ནི༔ ངར་གླུད་དྲི་མ་བསྒྲེས་པའི་ལོ་གྲངས་ཙམ་ལ༔ དར་དམར་པོའི་བ་དན་རེ༔ གཟི་མོ་བྱི་ཐུར་རེ་བཙུགས་ཏེ༔ ཤར་ཕྱོགས་ཀྱི་ལམ་པོ་ཆེར་རུས་པ་སྣ་ཚོགས་དང་བསྐྱལ་ན་བཟློག་པ་ཡིན་ནོ༔ རང་གི་དྲི་ཆེན་རླངས་པ་ཆད་ན༔ ཉི་མ་མདུང་གང་ཙམ་གྱི་དུས་སུ༔ ནུབ་ཕྱོགས་སུ་ཁ་བལྟས་ཏེ༔ ཏེ་ལོའི་ཐོད་པ་ལ་འབྱུང་བའི་ས་བོན་བྲིས་ཏེ༔ རང་གི་ནུས་ཚད་དུ་རྟ་སྐད་གྲངས་མེད་པ་བཏོན་པས་བཟློག་པ་ཡིན་ནོ༔ རྣ་བའི་རླུང་སྒྲ་མ་བྱུང་ན༔ ཟས་སྣ་ཚོགས་ཚད་ཀྱི་གཏོར་མ་ལོ་གྲངས་ཙམ་ལོ་བཅུ་གཉིས་ཀྱི་མིང་རེ་བཅའ་ལ༔ ཏ་ལའི་སྡོང་པོའི་རྩར་བསྐྱལ་བས་འགྲུབ་པོ༔ དེ་སྐད་ཆད་པ་ལ་ནི༔ རང་གི་སྙིང་དུ་ཡཾ་བསམ་སྟེ༔ མིག་ཐུབ་ཚད་ཀྱི་གྱེན་ལ་བཟློག་ཅིང་༔ གཅིག་གི་གཟུངས་སྔགས་ཆུས་སྤྱི་བོ་ནས་ཁྲུས་བྱས་པས་བཟློག་པ་ཡིན་ནོ༔ དཔག་བསམ་གྱི་ཤིང་ལ་དགྲ་ལང་པ་ལ་ནི༔ ཚོགས་དང་དགེ་སྦྱོར་ལ་འབད་ན་གྲོལ་བ་ཡིན་ནོ༔ དེ་དག་རྣམས་ཀྱི་ཆོ་ག་དེ་བཞིན་དུ་བྱས་ནས་ཡང་ཡང་བལྟའོ༔ སྔོན་བཞིན་མ་སོང་ན༔ ལན་བདུན་ནམ་ཉི་ཤུ་རྩ་གཅིག་གམ་ལོ་གྲངས་དང་མཉམ་པས་ཐེ་ཚོམ་མེད་པར་བཟློག་པ་ཡིན་ནོ༔ འཆི་བ་བསླུ་བའི་མན་ངག༔ སློབ་དཔོན་ཆེན་པོ་ཤྲཱི་སེང་ཧས་མཛད་པ༔ སེམས་ཅན་སྡུག་བསྔལ་གྲོལ་བའི་ཐབས་རྫོགས་སོ༔ སྐལ་ལྡན་ལས་ཅན་གཅིག་དང་འཕྲད་པར་ཤོག༔