འཆི་བ་མི་རྟག་པ།
འཆི་བ་མི་རྟག་པ་ནི་ བོད་བརྒྱུད་ནང་བསྟན་གྱི་གཞི་རིམ་གྱི་ལྟ་སྒོམ་གལ་ཆེན་ཞིག་ཡིན་ལ། ཆོས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་གཞི་མ་ལྟ་བུར་བརྩི་བ་ཡིན།[༡] འདི་ནི་འདུས་བྱས་ཐམས་ཅད་སྐད་ཅིག་ཀྱང་མི་གནས་པར་འཇིག་པའི་རང་བཞིན་ཅན་ཡིན་པ་དང་། ལྷག་པར་དུ་རང་གི་ཚེ་སྲོག་ཀྱང་ནམ་འཆི་ཆ་མེད་ཡིན་པར་བསམ་ནས་ཚེ་འདིའི་བྱ་བ་ལ་ཞེན་པ་ལོག་སྟེ་དམ་པའི་ཆོས་ལ་བརྩོན་པར་བསྐུལ་བའི་ཐབས་ཤིག་ཡིན།[༢]
གོ་དོན།
[རྩོམ་སྒྲིག]འཆི་བ་མི་རྟག་པ་ཞེས་པ་ནི་འདུས་བྱས་ཀྱི་ཆོས་ཐམས་ཅད་རྟག་པ་མེད་པའི་རང་བཞིན་ལ་གོ་བ་ཡིན། སྐྱེས་པ་ཐམས་ཅད་མཐར་འཆི་བར་འགྱུར་བ་དང་། བསགས་པ་ཐམས་ཅད་མཐར་འཛད་པ། འདུས་པ་ཐམས་ཅད་མཐར་འབྲལ་བ། བརྩིགས་པ་ཐམས་ཅད་མཐར་འགྱེལ་བ། མཐོན་པོ་ཐམས་ཅད་མཐར་ལྷུང་བ་སོགས་འཇིག་རྟེན་གྱི་ཆོས་ཉིད་ལ་བསམ་པའོ།[༣] ཚེ་སྲོག་ནི་ཆུའི་ཆུ་བུར་བས་ཀྱང་མི་རྟག་ཅིང་།[༤] འཆི་བདག་ནི་ཚེ་འདིའི་སྣང་ཚུལ་གྱི་ཁྲོད་ན་གློག་གི་ཕྲེང་བ་བཞིན་གར་བྱེད་པར་གསུངས།[༥]
མི་རྟག་པའི་ཁྱབ་ཆེ་བ།
[རྩོམ་སྒྲིག]མི་རྟག་པའི་རང་བཞིན་འདི་ནི་སྲིད་པའི་རྩེ་མོ་ནས་དམྱལ་བའི་གཏིང་གི་བར་གྱི་སེམས་ཅན་གཅིག་ཀྱང་མ་ལུས་པ་ལ་ཁྱབ་ཡོད།[༦] འཇིག་རྟེན་འདིར་སྐྱེས་ནས་མ་ཤི་བ་གཅིག་ཀྱང་མཐོང་བའམ་ཐོས་པ་མེད།[༧] གྲགས་པ་དང་བསོད་ནམས་ཇི་ལྟར་ཆེ་ཡང་འཆི་བདག་ལས་རྒྱལ་བའི་སྐབས་མེད་ལ།[༨] བསམ་གཏན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་བསྐལ་པར་གནས་ཀྱང་། ལས་ཟད་པའི་ཚེ་འཆི་བ་ལས་མ་འདས།[༩] ཐ་ན་ཚངས་པ་དང་། བདེ་འབྱུང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ཀྱང་འཆི་བདག་ལས་ཐར་བའི་ཐབས་མེད།[༡༠] མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་རྣམས་མཁའ་ལ་འགྲོ་ནུས་ཀྱང་། འཆི་བ་མེད་པའི་ས་ཕྱོགས་སུ་འགྲོ་མི་ནུས་སོ།[༡༡]
འཆི་བ་མི་རྟག་པ་བསྒོམ་པའི་ཐབས།
[རྩོམ་སྒྲིག]ཀུན་བཟང་བླ་མའི་ཞལ་ལུང༌་ལས། འཆི་བ་མི་རྟག་པ་བསྒོམ་པའི་ཐབས་ལ་དོན་ཚན་བདུན་དུ་བསྡུས་ནས་གསུངས་ཡོད།[༡༢]
ཕྱི་སྣོད་ཀྱི་འཇིག་རྟེན་ལ་བསམས་པ་
[རྩོམ་སྒྲིག]རི་རབ་དང་གླིང་བཞི་སོགས་སྲ་ཞིང་བརྟན་པར་སྣང་བའི་ཕྱི་སྣོད་ཀྱི་འཇིག་རྟེན་འདི་ཡང་། མཐར་མེ་བདུན་དང་ཆུ་གཅིག་གིས་འཇིག་སྟེ་སྟོང་པར་འགྱུར་ན། སྦྲང་བུ་ལྟ་བུའི་རང་གི་ལུས་འདི་ལ་རྟག་པ་ཅི་ཡོད་སྙམ་དུ་བསམ་པའོ།[༡༣]
ནང་བཅུད་ཀྱི་སེམས་ཅན་ལ་བསམས་པ་
[རྩོམ་སྒྲིག]སྲིད་རྩེ་ནས་མནར་མེད་བར་གྱི་སེམས་ཅན་གཅིག་ཀྱང་འཆི་བ་ལས་ཐར་བ་མེད། འདས་པའི་དུས་སུ་བྱུང་བའི་མི་རབས་རྣམས་ཀྱང་འདས་ཟིན། ད་ལྟ་གསོན་པོ་རྣམས་ཀྱང་ལོ་བརྒྱའི་ནང་དུ་ངེས་པར་འཆི་བར་འགྱུར། རང་ཡང་དེ་ལས་མ་འདས་པས་ཆོས་ལ་བརྩོན་དགོས་སྙམ་དུ་བསྒོམ་པའོ།[༡༤]
དམ་པའི་སྐྱེས་བུ་ལ་བསམས་པ་
[རྩོམ་སྒྲིག]སྔོན་བྱོན་པའི་སངས་རྒྱས་རབས་བདུན་དང་། ཉན་ཐོས། དགྲ་བཅོམ་པ། བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་མྱ་ངན་ལས་འདས་ཏེ་ད་ལྟ་ལོ་རྒྱུས་ཙམ་ལས་མེད། དེ་ལྟ་ན་རང་ལྟ་བུའི་སྒྱུ་ལུས་འདི་ལ་ཡིད་བརྟན་མི་རུང་བས། ད་ལྟ་ཉིད་ནས་དགེ་བ་ལ་བསྐུལ་དགོས་སྙམ་དུ་བསམ་པའོ།[༡༥]
འཆི་རྐྱེན་ངེས་མེད་ལ་བསམས་པ་
[རྩོམ་སྒྲིག]སྐྱེས་པ་ནས་འཆི་བ་ནི་ངེས་ཀྱང་། ནམ་འཆི། གང་དུ་འཆི། ཅིས་འཆི་སོགས་ལ་ངེས་པ་གཅིག་ཀྱང་མེད།[༡༦] འཚོ་བའི་རྐྱེན་ནི་ཤིན་ཏུ་ཉུང་ལ། འཆི་བའི་རྐྱེན་ནི་ཤིན་ཏུ་མང་། ཐ་ན་འཚོ་བའི་རྐྱེན་དུ་བསྟེན་པའི་ཟས་སོགས་ཀྱང་འཆི་བའི་རྐྱེན་དུ་འགྱུར་བར་སླ།[༡༧] དེའི་ཕྱིར་དོན་མེད་པའི་འཇིག་རྟེན་གྱི་བྱ་བ་སྤངས་ནས་ཆོས་བསྒྲུབ་པར་བསྐུལ་བའོ།[༡༨]
འདུན་པ་དྲག་པོ་ལ་བསམས་པ་
[རྩོམ་སྒྲིག]དུས་དང་གནས་སྐབས་ཐམས་ཅད་དུ་འཆི་བ་ཁོ་ན་བསྒོམ་ཞིང་། འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ཐམས་ཅད་ཚེ་འདིའི་ཐ་མ་ཡིན་སྙམ་པའི་ངང་ནས་བྱ་དགོས།[༡༩] ཉིན་མཚན་ཀུན་ཏུ་ངེས་པར་འཆི་བ་བསམ་པ་དང་། མི་རྟག་པ་འབའ་ཞིག་བསྒོམས་ནས་ངེས་འབྱུང་དང་སྐྱོ་ཤས་བསྐྱེད་དགོས།[༢༠] སང་ཉིད་དུ་འཆི་ཡང་སུས་ཤེས་པས། དེ་རིང་ཉིད་དུ་ཆོས་ལ་བརྩོན་དགོས་པར་བསྟན།[༢༡]
དགོས་པ་དང་ཕན་ཡོན།
[རྩོམ་སྒྲིག]འཆི་བ་མི་རྟག་པ་བསྒོམ་པ་ལ་བརྟེན་ནས་ཕན་ཡོན་མང་པོ་འབྱུང་བར་གསུངས། མི་རྟག་པའི་འདུ་ཤེས་རྒྱུད་ལ་སྐྱེས་ན་དང་པོར་ཆོས་ལ་འཇུག་པའི་རྒྱུ་བྱེད་པ་དང་། བར་དུ་བརྩོན་འགྲུས་ཀྱི་ལྕག་བྱེད་པ། མཐར་འོད་གསལ་ཆོས་སྐུ་ཐོབ་པར་བྱེད་པའོ།[༢༢] འདི་ནི་ཆོས་ཉམས་སུ་ལེན་པ་ཀུན་གྱི་སྒོ་འབྱེད་པའི་སྔོན་འགྲོ་ཡིན།[༢༣] འདི་བསྒོམས་པས་ཚེ་འདི་བློས་ཐོངས་ཤིང་། བདག་འཛིན་གྱི་འཁྲུལ་པ་འཇིག་པ། བརྩོན་འགྲུས་དྲག་པོ་སྐྱེ་བ་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་འགྲུབ་པར་འགྱུར།[༢༤]
འཆི་བའི་དུས་སུ་ནོར་རྫས་དང་གཉེན་བཤེས་སོགས་ཐམས་ཅད་བོར་ནས་གཅིག་པུར་འགྲོ་དགོས་ཤིང་། དགེ་སྡིག་གི་ལས་དཀར་ནག་གཉིས་ཁོ་ན་རྗེས་སུ་འབྲང་བས། སྐབས་དེར་དམ་པའི་ཆོས་ལས་སྐྱབས་གཞན་མེད།[༢༥] རྗེ་བཙུན་མི་ལ་རས་པ་གསུང་དོན། "ང་འཆི་བས་འཇིགས་ནས་རི་ལ་ཕྱིན། ནམ་འཆི་ཆ་མེད་བསྒོམས་བསྒོམས་པས། འཆི་མེད་གཉུག་མའི་བཙན་ས་ཟིན། ད་འཆི་བའི་འཇིགས་པ་བོར་ཏེ་ཐལ།" ཞེས་འཆི་བ་བསྒོམས་པས་འཆི་བ་མེད་པའི་གོ་འཕང་ཐོབ་པར་གསུངས།[༢༦]
བཅོམ་ལྡན་འདས་ཀྱིས་ཀྱང་། ནང་པ་སངས་རྒྱས་པའི་བསྒོམ་པའི་འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་བསྒོམ་པའི་འདུ་ཤེས་ནི་མཆོག་ཡིན་ནོ་ཞེས་གསུངས་པ་དང་། འདུལ་བ་ལུང་ལས་ཀྱང་། ཤཱ་རིའི་བུ། དང་ མོའུ་འགལ་གྱི་བུ། ལྟ་བུ་བརྒྱ་ལ་བསྙེན་བཀུར་བྱས་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་པར་གསུངས་སོ།[༢༧][༢༨]
ལུང་འདྲེན།
[རྩོམ་སྒྲིག]ཡོང་ཁུངས།
[རྩོམ་སྒྲིག]- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ། "ཆོས་ཀུན་རྩ་བ་མི་རྟག་བློ་སྣ་བསྟུངས།"
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌། "ཆོས་གཅིག་ཏུ་བྱ་བ་ལ་མི་རྟག་པ་བསྒོམ་པ་འདི་གལ་ཆེ་སྟེ། འཆི་བ་མི་རྟག་པ་འདི་བསྒོམ་ན། དང་པོ་ཆོས་ལ་འཇུག་པའི་རྒྱུ་བྱེད། བར་དུ་དགེ་སྦྱོར་ལ་སྐུལ་བའི་རྐྱེན་བྱེད། ཐ་མ་ཆོས་མཉམ་པ་ཉིད་དུ་རྟོགས་པའི་གྲོགས་བྱེད།"
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ མགོན་པོ་ཀླུ་སྒྲུབ། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས། "ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །"
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ མྱ་ངན་བསལ་བའི་སྤྲིངས་ཡིག ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ ཡོན་ཏན་མཛོད། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ མྱ་ངན་བསལ་བ། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ སློབ་དཔོན་ཨཱརྱ་དྷེ་ཝ། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ ཆེད་དུ་བརྗོད་པའི་ཚོམ། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ ཕ་དམ་པ་སངས་རྒྱས། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ། ཀུན་བཟང་བླ་མའི་ཞལ་ལུང༌།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ ཀློང་ཆེན་རབ་འབྱམས། སེམས་ཉིད་ངལ་གསོ།
- ↑ རྗེ་མི་ལ། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ བཅོམ་ལྡན་འདས། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
- ↑ འདུལ་བ་ལུང་། ཀུན་བཟང་བླ་མའི་ཞལ་ལུང༌། ལས་དྲངས།
འབྲེལ་ཡོད་ཀྱི་བརྗོད་གཞི།
[རྩོམ་སྒྲིག]- བློ་ལྡོག་རྣམ་བཞི།
- ལས་རྒྱུ་འབྲས།
- སྐྱབས་འགྲོ།
- སྔོན་འགྲོ།