Jump to content

འཆད་པ་

ཡོང་ཁུངས་Wikipedia

འཆད་པ།

[རྩོམ་སྒྲིག]

འདི་ནི་གཞུང་འཆད་པའམ་སློབ་ཁྲིད་བྱེད་པ་ལ་མཁས་པའི་སློབ་དཔོན་གྱི་ཡོན་ཏན་བཤད་པ་སྟེ། འདི་ལ་ཞིབ་པར་བཤད་ན་བཤད་གཞི་ཧ་ཅང་ཆེ་བས་གནད་དོན་གལ་ཆེ་བ་ས་བོན་ཙམ་དུ་བཀོད་ན། གཅིག བཤད་པ་པོ་སློབ་དཔོན་ལ་དགོས་པའི་ཡོན་ཏན་ནི། ༡.ཀུན་སྤྱོད་གཙང་བ། ༢.མང་དུ་ཐོས་པ། ༣.རིགས་པའི་གཞུང་ལུགས་ལ་མཁས་པ། ༤.སློབ་མ་ལ་ཕན་སེམས་དང་ལྡན་པ། ༥.ང་རྒྱལ་མེད་པ། ༦.དུས་སུ་འདོམས་པ། ༧.ཡང་ཡང་འཆད་པས་མི་སུན་པ། ༨.རྒྱུད་ཚོད་དང་མཐུན་པར་འཆད་མཁས་པ་བཅས་ཡོན་ཏན་བརྒྱད་དང་། དེ་ལས་ལྡོག་པའི་སྐྱོན་བརྒྱད། གཉིས། འཆད་ཚུལ་ལ། འཆད་པའི་སྐབས་ཀྱི་ངག་སྒྲ་གདངས་ཇི་ལྟར་བྱ་བ། འཆད་པའི་སྔོན་འགྲོར་དགོས་དོན་དང་དམིགས་ཡུལ་བཤད་ནས་ཉན་པ་པོ་སྤྲོ་བ་བསྐྱེད་པ། འཆད་བྱའི་གཞུང་གི་སྤྱིའི་དོན་བཤད་ནས་གཞུད་དོན་རགས་རིམ་ཙམ་ཁོང་དུ་ཆུད་པར་བྱེད་པ། གཞུང་དོན་དངོས་གཞིར་འཆད་པའི་སྐབས་འགྲེལ་བཤད་རྒྱས་བསྡུས་འཚམས་ལ་དོན་འདུས་ཤིང་། ཚིག་གསལ་བ། བརྗོད་བདེ་བ། ཚིག་ཉུང་བ། བློ་ལ་བཟུང་སླ་བ། གོ་བདེ་བ་བཅས་ཀྱི་ཁྱད་ཆོས་དང་ལྡན་པའི་ས་བཅད་ཆེ་ཆུང་སྣ་ཚོགས་སྐབས་དང་འཚམས་པར་སྦྱོར་དགོས་པ། གཞུང་གི་ནང་དུ་ཡོད་པའི་མིང་དང་། རྣམ་དབྱེ་དང་། ཚིག་ཕྲད་སོགས་ནང་ཕན་ཚུན་གྱི་འབྲེལ་བ་རྣམས་གསལ་པོར་འཆད་དགོས་པ། འཆད་ཚུལ་གྱི་སྐྱོན་བཅོ་བརྒྱད་སྤངས་ཏེ་ཚིག་ཟིན་གྱི་དོན་གང་ཡིན་པ་རྣམས་བཤད་དགོས་པ། དེ་ཡང་གསལ་པོར་འཆད་པ། དཀའ་གནད་གསལ་པོར་དཀྲོལ་བ། རྒྱས་བཤད་དགོས་པ་རྣམས་ལ་རྒྱས་བཤད། རྒྱས་བཤད་མི་དགོས་པ་རྣམས་མདོར་བསྡུས། གོང་འོག་འཁྲུགས་པ་རྣམས་རིམ་པ་ལྟར་མ་འཁྲུགས་པ། སྐབས་སུ་བབས་པའི་དོན་མ་ལུས་པ། སྐབས་སུ་བབས་པའི་དོན་མི་གླེང་བ། བཤད་པའི་ཚིག་གི་སྒྲ་དག་ཅིང་ཚིག་གསལ་བ། ཧ་ཅང་མགྱོགས་དྲགས་པ་མ་ཡིན་པ། ཧ་ཅང་འགོར་དྲགས་པ་མ་ཡིན་པ། འཆད་པའི་ནང་དོན་སྔ་ཕྱི་མཚམས་ལེགས་པར་སྦྱར་བ། དཔེ་དོན་སྦྱར་ནས་གོ་བ་སྐྱེ་སླ་བ། སེམས་གཡེང་བའམ་སེམས་ཉོག་པ་ལ་ཕན་པའི་གཏམ་རྒྱུད་ཉུང་དུ་སྐབས་དང་སྦྱར་མཁས་པ། དོགས་སློང་དང་དྲི་ལན་ཅི་རིགས་ཀྱི་སྒོ་ནས་ཉན་པ་པོའི་བློ་སྒོ་འབྱེད་པ་སོགས་དེ་དག་རེ་རེ་ཚང་མར་དགེ་མཚན་གང་ཡོད་དང་། དེ་ལས་ལྡོག་པ་རྣམས་ལ་སྐྱོན་ཆ་འདི་དང་འདི་ཡོད་བཅས་ཀྱི་སྔོན་བྱོན་བོད་ཀྱི་མཁས་པ་རྣམས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་འགའ་ཞིག་གངས་ལྗོངས་མཁས་པའི་དབང་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《མཁས་པ་འཇུག་པའི་སྒོ》ཡི་ལེའུ་གཉིས་པ་ལས་གསལ་བར་གསུངས་ཤིང་། དེའི་འགྲེལ་པ་ཤིན་ཏུ་རྒྱས་པ་ས་སྐྱའི་ངོར་མཁན་ཆེན་བསོད་ནམས་ལྷུན་གྲུབ་ཀྱིས་མཛད་པ《མཁས་པ་འཇུག་པའི་སྒོ་ཡི་འགྲེལ་བཤད་རིག་གནས་གསལ་བྱེད》ཞེས་པ་ཤོག་བུ་མདའ་ཚད་མའི་ཤོག་གྲངས་༢༣༠བྱས་པ་ཞིག་བདག་གིས་མཇལ་བ་ལེགས་བཤད་ཀྱི་གཏེར་ཆེན་པོ་ཞིག་སྣང་བ་ད་ལྟའང་ས་སྐྱར་ཡོད་མུས།

"https://bo.wikipedia.org/w/index.php?title=འཆད་པ་&oldid=93452"ལས་སླར་རྙེད་སོང།