Jump to content

འཁོར་ལྔ་སྡེ་བཟང་པོ་

ཡོང་ཁུངས་Wikipedia

༡༽འཁོར་ལྔ་སྡེ་བཟང་པོ་

[མ་ངོས་ཞུ་དག]

ལེགས་སྦྱར་སྐད་དུ། (Pañcavargika;) པ་ལིའི་སྐད་དུ། (Pañcavaggiyā) ཞེས་པ་ནི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་ཡུལ་གྱི་སྣོད་དུ་གྱུར་པའི་ཐོག་མའི་སློབ་མ་ལྔ་ལ་ཟེར་ཞིང་། དེ་དག་ནི་ཀུན་ཤེས་ཀཽ་ཎྜི་ནྱ་ (Aññā Koṇḍañña) དང་། བཟང་ལྡན་ (Bhaddiya)། རླངས་པ་ (Vappa)། མིང་ཆེན་ (Mahānāma)། རྟ་ཐུལ་ (Assaji) བཅས་ཡིན། འདི་དག་ནི་སངས་རྒྱས་ཀྱི་བསྟན་པ་འདིའི་དགེ་འདུན་དཀོན་མཆོག་གི་ཐོག་མ་ཡིན་པར་མ་ཟད། ཝཱ་རཱ་ཎཱ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ཚལ་དུ་ཆོས་འཁོར་བསྐོར་བའི་རྗེས་སུ་དགྲ་བཅོམ་པའི་གོ་འཕང་ཐོབ་པའི་མི་ཡི་འགྲོ་བ་ཐོག་མ་དེ་དག་ཀྱང་ཡིན།

༢༽བྱུང་བ་དང་སྐྱེས་བུ་ཆེན་པོའི་མཚན་ལྟས་ལུང་བསྟན།

[མ་ངོས་ཞུ་དག]

འཁོར་ལྔ་སྡེ་བཟང་པོ་དང་རྒྱལ་སྲས་དོན་གྲུབ་ཀྱི་འབྲེལ་བ་ནི་རྒྱལ་སྲས་སྐུ་འཁྲུངས་པའི་དུས་ནས་བྱུང་བ་ཞིག་ཡིན། སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་གྲོང་ཁྱེར་དུ་ཡབ་རྒྱལ་པོ་ཟས་གཙང་མ་དང་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་སྲས་སུ་འཁྲུངས་ནས་ཞག་ལྔ་ལོན་པའི་ཚེ། ཡབ་རྒྱལ་པོས་བྲམ་ཟེ་མཚན་མཁན་བརྒྱ་རྩ་བརྒྱད་བོས་ཏེ་སྲས་ཀྱི་མཚན་ལྟས་ལ་བརྟག་དཔྱད་གནང་དུ་བཅུག་པའི་ནང་ནས་མཁས་པ་མཆོག་བརྒྱད་བདམས་ཡོད། དེ་དག་གི་ནང་ནས་ཀཽ་ཎྜི་ནྱ་ (Kauṇḍinya) ནི་ལོ་ན་ཆུང་ཤོས་དེ་ཡིན་ལ། མཚན་མཁན་གཞན་རྣམས་ཀྱིས་སྲས་འདི་ཁྱིམ་དུ་བཞུགས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བའི་ལུང་བསྟན་གཉིས་བརྩེགས་སུ་གནང་མོད། ཀཽ་ཎྜི་ནྱས་སྲས་ཀྱི་ཞབས་མཐིལ་གྱི་འཁོར་ལོའི་མཚན་མ་སོགས་ལ་བརྟག་ནས་སྲས་འདི་ནི་ངེས་པར་དུ་རབ་ཏུ་བྱུང་ནས་སངས་རྒྱས་སུ་འགྱུར་རོ་ཞེས་མཐའ་གཅིག་ཏུ་ལུང་བསྟན། དེར་བརྟེན་ཀཽ་ཎྜི་ནྱ་དང་བྲམ་ཟེ་གཞན་བཞིའི་བུ་རྣམས་ཏེ་ལྔ་པོ་འདིས། རྒྱལ་སྲས་རབ་ཏུ་བྱུང་བའི་ཚེ་ཁོང་གི་རྗེས་སུ་འབྲངས་ནས་དཀའ་བ་སྤྱད་པའི་གྲོགས་སུ་གྱུར་ཏོ། །

༣༽སྐད་རིགས་མི་འདྲ་བའི་ནང་གི་མཚན་གྱི་རྣམ་གྲངས།

[མ་ངོས་ཞུ་དག]

པ་ལིའི་ནང་དུ་ནི། Pañcavaggiyā ཚན་པ་ལྔ་ལས་གྲུབ་པ། ལེགས་སྦྱར་གྱི་ནང་དུ་ནི། Pañcavargika སྡེ་ལྔ་པའམ་ལྔ་སྡེ་པ། བོད་ཡིག་དུ་ནི། འཁོར་ལྔ་སྡེ་བཟང་པོ་དང་གྲོགས་བཟང་པོ་ལྔའི་སྡེ། རྒྱ་ཡིག་ཏུ་ནི། Wuqun Biqiu (五群比丘) དགེ་སློང་ལྔའི་སྡེ། ཨིན་ཡིག་ཏུ་ནི། Five Disciples of Budha སྟོན་པའི་སློབ་མ་ལྔ་།

༤༽ཨུ་རུ་བེ་ལ་(Uruvelā)ཡི་དཀའ་བ་སྤྱད་པའི་དུས་སྐབས།

[མ་ངོས་ཞུ་དག]

ལོ་ངོ་དྲུག་གི་རིང་ལྔ་སྡེ་བཟང་པོས་རྒྱལ་སྲས་དོན་གྲུབ་ཀྱི་འཁོར་དུ་གྱུར་ནས་ཨུ་རུ་བེ་ལའི་ (Uruvelā) ནེ་རུ་ཉྫ་ན་ཆུ་བོའི་འགྲམ་དུ་དཀའ་བ་དྲག་པོ་སྤྱད་དོ། །ཁོང་རྣམས་ཀྱིས་རྒྱལ་སྲས་ལ་བསྙེན་བཀུར་ཞུས་ཤིང་། གལ་ཏེ་སུས་ཀྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་ན་དེ་ནི་རྒྱལ་སྲས་འདི་ཉིད་ཁོ་ན་ཡིན་པར་ཡིད་ཆེས་བྱས། འོན་ཀྱང་རྒྱལ་སྲས་ཀྱིས་ལུས་ལ་གདུང་བ་སྤྲད་པའི་དཀའ་བ་དེས་སངས་རྒྱས་ཀྱི་ལམ་མི་རྙེད་པར་མཁྱེན་ནས། བུ་མོ་ལེགས་སྐྱེས་མས་ (Sujātā) ཕུལ་བའི་འོ་ཐུག་བཞེས་ཏེ་དབུ་མའི་ལམ་ལ་གཞོལ་བའི་ཚེ། ལྔ་སྡེ་བཟང་པོས་ཁོང་ནི་སྤྱོད་པ་ལྷོད་པོར་གྱུར་པ་དང་བརྩོན་འགྲུས་ཉམས་པར་བསམས་ཏེ། བློ་ཕམ་བཅས་ཝཱ་རཱ་ཎཱ་སཱིའི་རི་དྭགས་ཀྱི་ཚལ་དུ་བྲོས་སོ། །

༥༽ཝཱ་རཱ་ཎཱ་སཱིའི་མཇལ་འཛོམས་དང་ཆོས་འཁོར་དང་པོ།

[མ་ངོས་ཞུ་དག]

སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་རྗེས་སུ། སྔོན་གྱི་གྲོགས་པོ་ལྔ་པོ་དེ་དག་ཆོས་གསན་པའི་སྣོད་དུ་རུང་བར་གཟིགས་ནས་ཝཱ་རཱ་ཎཱ་སཱིར་ཕེབས།

༦༽ཅའོ་ཁན་དཱི་མཆོད་རྟེན་གྱི་མཇལ་འཛོམས།

[མ་ངོས་ཞུ་དག]

ཐོག་མར་ལྔ་སྡེ་བཟང་པོས་སངས་རྒྱས་ཕེབས་པ་མཐོང་དུས། ཁོང་ལ་བསུ་བ་དང་གུས་ཞབས་མི་ཞུ་བའི་དམ་བཅའ་བྱས། འོན་ཀྱང་སངས་རྒྱས་ཀྱི་སྐུ་ཡི་གཟི་བརྗིད་དང་ཞི་བའི་ཉམས་ཀྱིས་ཁོང་རྣམས་ཀྱི་ང་རྒྱལ་བཅོམ་སྟེ། རང་དབང་མེད་པར་བསུ་བ་དང་ཞབས་བསིལ་ཕུལ་བ་སོགས་བསྙེན་བཀུར་ཞུས། མཚམས་དེར་སངས་རྒྱས་ཀྱིས་རང་ཉིད་ཀྱིས་འཆི་མེད་ཀྱི་གོ་འཕང་བརྙེད་པའི་གསུང་འཕྲིན་བསྒྲགས་སོ། །

༧༽ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ།

[མ་ངོས་ཞུ་དག]

སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐོག་མ་ནི་(Dhammacakkappavattana Sutta) ཡིན། མདོ་འདིའི་ནང་མཐའ་གཉིས་སྤངས་པའི་དབུ་མའི་ལམ་དང་། འཕགས་པའི་བདེན་པ་བཞི། འཕགས་པའི་ལམ་ཡན་ལག་བརྒྱད་བཅས་ཀྱི་རྣམ་གཞག་གསུངས་ཡོད། ཆོས་འཁོར་འདིའི་མཇུག་ཏུ་ཀཽ་ཎྜི་ནྱར་ཆོས་ཀྱི་མིག་དྲི་མ་མེད་པ་སྐྱེས་ནས་རྒྱུན་ཞུགས་ཀྱི་གོ་འཕང་ཐོབ་པས། སངས་རྒྱས་ཀྱིས་ "ཀཽ་ཎྜི་ནྱས་མཁྱེན་ཏོ། །" ཞེས་བསྔགས་བརྗོད་མཛད་པ་ལ་བརྟེན་ནས་ཁོང་ལ་ "ཀུན་ཤེས་ཀཽ་ཎྜི་ནྱ་" ཞེས་པའི་མཚན་ཐོགས།

༨༽སློབ་མ་སོ་སོའི་མཛད་རྣམ་མདོར་བསྡུས།

[མ་ངོས་ཞུ་དག]

ཀུན་ཤེས་ཀཽ་ཎྜི་ནྱ།(Aññā Koṇḍañña)

[མ་ངོས་ཞུ་དག]

ཁོང་ནི་སངས་རྒྱས་ཀྱི་སློབ་མའི་ནང་ནས་ལོ་ན་བགྲེས་ཤོས་དང་། "དགེ་སློང་བྱོན་ཅིག་" (Ehi Bhikkhu) ཅེས་པའི་བཀའ་ལས་བསྙེན་པར་རྫོགས་པའི་ཐོག་མ་དེ་ཡིན། སྐུ་ཚེའི་སྨད་དུ་གངས་རི་ཧི་མ་ལ་ཡའི་ལྡེབས་ཀྱི་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་ལྡན་གྱི་ནགས་ཚལ་ (Chaddanta forest) དུ་ལོ་ངོ་བཅུ་གཉིས་རིང་གཅིག་པུར་བཞུགས་ཤིང་། གླང་པོ་ཆེ་བརྒྱད་སྟོང་གིས་ཁོང་ལ་ཞབས་ཏོག་བསྒྲུབས་པར་གྲགས།

རྟ་ཐུལ།(Assaji)

[མ་ངོས་ཞུ་དག]

རྟ་ཐུལ་ནི་སངས་རྒྱས་ཀྱི་ཉན་ཐོས་མཆོག་གཉིས་ཏེ་ཤཱ་རིའི་བུ་ (Sāriputta) དང་མོའུ་འགལ་གྱི་བུ་ (Moggallāna) གཉིས་ནང་པའི་བསྟན་པར་འཇུག་པར་མཛད་པའི་བཀའ་དྲིན་ཅན་གྱི་བླ་མ་དེ་ཡིན། ཁོང་གིས་ཤཱ་རིའི་བུ་ལ་"ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དེ། །རྒྱུ་དེ་དེ་བཞིན་གཤེགས་པས་གསུངས། །"ཞེས་པའི་རྟེན་འབྲེལ་སྙིང་པོའི་ཚིགས་བཅད་གསུངས་པ་ཙམ་གྱིས་ཤཱ་རིའི་བུར་བདེན་པ་མཐོང་བའི་གོ་འཕང་ཐོབ་བོ། །

བཟང་ལྡན། (Bhaddiya)། རླངས་པ། (Vappa)། མིང་ཆེན། (Mahānāma)

[མ་ངོས་ཞུ་དག]

བཟང་ལྡན། ནི་སངས་རྒྱས་ཀྱི་སློབ་མ་རིགས་མཐོ་བའི་ནང་ནས་མཆོག་ཏུ་གྱུར་པ་དེ་ཡིན། རླངས་པ། ནི་སངས་རྒྱས་ཀྱིས་ཆོས་གསུངས་པའི་ཉིན་གཉིས་པར་རྒྱུན་ཞུགས་ཀྱི་གོ་འཕང་ཐོབ་མཁན་དེ་ཡིན། མིང་ཆེན། ནི་ཁྱིམ་བདག་སེམས་ཅན་ (Cittagahapati) ནང་པའི་བསྟན་པར་བཙུད་མཁན་དེ་ཡིན་ལ། ཁོང་གིས་སངས་རྒྱས་ཀྱི་ཉན་ཐོས་འདུན་པ་ (Anuruddha) ཡི་གཅེན་པོ་མིང་ཆེན་དང་གཅིག་པ་མ་ཡིན་པར་ཤེས་དགོས།

༩༽བདག་མེད་པའི་མཚན་ཉིད་ཀྱི་མདོ་དང་ཐར་པ།།

[མ་ངོས་ཞུ་དག]

ཆོས་འཁོར་དང་པོ་བསྐོར་ནས་ཞག་ལྔ་ལོན་པའི་ཚེ། སངས་རྒྱས་ཀྱིས་ལྔ་སྡེ་བཟང་པོ་ལ་ (Anattalakkhaṇa Sutta) གསུངས། མདོ་འདིའི་ནང་ཕུང་པོ་ལྔ་པོ་(གཟུགས་དང་། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་)དག་ནི་བདག་མ་ཡིན་པར་གསུངས་ནས། དངོས་པོ་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ། བདག་མེད་པ་བཅས་ཡིན་པའི་གནད་བསྟན། ཆོས་འདི་གསན་པ་ཙམ་གྱིས་འཁོར་ལྔ་སྡེ་བཟང་པོ་ཐམས་ཅད་ཉོན་མོངས་པ་ལས་གྲོལ་ཏེ་དགྲ་བཅོམ་པའི་གོ་འཕང་ཐོབ་པས། འཇིག་རྟེན་འདིར་དགྲ་བཅོམ་པ་དྲུག་(སངས་རྒྱས་དང་བཅས་པ)བྱུང་ངོ་། །

༡༠༽གནའ་རྫས་རིག་པའི་དཔང་རྟགས།

[མ་ངོས་ཞུ་དག]

འཁོར་ལྔ་སྡེ་བཟང་པོའི་མཛད་པ་རྣམས་ནི་དེང་སང་གི་ཝཱ་རཱ་ཎཱ་སཱིའི་གནས་མཆོག་ཝ་ཎ་(Sarnath)རུ་གསལ་བར་བཞུགས། ཅའོ་ཁན་དཱི་མཆོད་རྟེན། (Chaukhandi Stupa): སངས་རྒྱས་དང་འཁོར་ལྔ་སྡེ་བཟང་པོ་ཐོག་མར་ཞལ་འཛོམས་སའི་གནས་ཡིན། དྷ་མེ་ཁ་མཆོད་རྟེན། (Dhamek Stupa): སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་སའི་གནས་དངོས་དེ་ཡིན་པར་བཞེད།