Jump to content

འཁོར་ལོས་སྒྱུར་

ཡོང་ཁུངས་Wikipedia

འཁོར་ལོས་སྒྱུར་ཞེས་པ་ནི་རྒྱལ་པོ་ཆེན་པོ་དམིགས་བསལ་ཞིག་ལ་གོ་སྟེ། འཁོར་ལོ་རིན་པོ་ཆེ་དང་ལྡན་པའི་ཕྱིར་དེ་སྐད་བརྗོད་དོ། །ནང་པའི་གཞུང་ལུགས་སུ་དབུ་མའི་ལམ་གྱི་འགྲེལ་བཤད་ནང་དུ་དཔེ་མཚོན་དུ་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། འཁོར་ལོས་སྒྱུར་གྱི་རྒྱལ་པོ་དེས་རིན་པོ་ཆེ་སྣ་བདུན་དང་དཔུང་གི་ཚོགས་བཞི་དང་ལྡན་པར་བཤད་དོ། །

སྒྲ་བཤད།

[རྩོམ་སྒྲིག]

འཁོར་ལོ་ཞེས་པ་ནི་རིན་པོ་ཆེའི་འཁོར་ལོ་ལ་གོ་ཞིང་། སྒྱུར་ཞེས་པ་ནི་འཁོར་བ་འམ་སྤྱོད་པ་ལ་གོ་སྟེ། འཁོར་ལོ་རིན་པོ་ཆེས་འཁོར་བསྒྱུར་ནས་རྒྱལ་ས་གང་དུ་ཕེབས་ཀྱང་མི་དེ་རྣམས་ཀྱིས་མགོ་བོས་ལེན་པའི་རྒྱལ་པོ་ལ་ཟེར་བ་ཡིན་ནོ། །

མཚན་ཉིད།

[རྩོམ་སྒྲིག]

འཁོར་ལོས་སྒྱུར་ཞེས་པ་ནི་རྒྱལ་ས་གང་དུ་ཕེབས་ཀྱང་མི་དེ་རྣམས་ཀྱིས་རང་ཁྱིམ་གྱི་རྒྱལ་པོ་ལྟར་བསྟེན་པའི་རྒྱལ་པོ་ཆེན་པོ་ལ་གོ་སྟེ། "འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལམ་གང་དང་གང་ནས་རྟག་ཏུ་འགྲོ་བའི་ལམ་དེ་དང་དེ་ཉིད་ལས་ནི་འཁོར་ལོ་ལ་སོགས་པའི་རིན་ཆེན་སྣ་བདུན་པོ་དང༌། རྟ་དང་རྐང་ཐང་དང༌། དམག་མི་དང་དཔུང་བུ་ཆུང་གི་ཚོགས་ཏེ། དཔུང་གི་ཚོགས་བཞི་པོ་ཀུན་འགྲོ་བ་དེ་བཞིན་"[]ཞེས་གསུངས་སོ། །

དབྱེ་བ།

[རྩོམ་སྒྲིག]

"གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ཞེས་གསུངས་པའི་འཁོར་ལོས་སྒྱུར་བ་བཞི་ལས་གང་ཡང་རུང་བ་"[]ཞེས་བཤད་པ་ལྟར། འཁོར་ལོས་སྒྱུར་ལ་རིགས་བཞི་ཡོད་དེ། གསེར་གྱི་འཁོར་ལོ་ཅན། གླིང་བཞིར་དབང་བའི་འཁོར་ལོས་སྒྱུར། དངུལ་གྱི་འཁོར་ལོ་ཅན། གླིང་གསུམ་ལ་དབང་བའི་འཁོར་ལོས་སྒྱུར། ཟངས་ཀྱི་འཁོར་ལོ་ཅན། གླིང་གཉིས་ལ་དབང་བའི་འཁོར་ལོས་སྒྱུར། ལྕགས་ཀྱི་འཁོར་ལོ་ཅན། གླིང་གཅིག་ལ་དབང་བའི་འཁོར་ལོས་སྒྱུར།

རིན་པོ་ཆེ་སྣ་བདུན།

[རྩོམ་སྒྲིག]

འཁོར་ལོས་སྒྱུར་གྱི་རྒྱལ་པོར་རིན་པོ་ཆེ་སྣ་བདུན་ཡོད་པར་བཤད་དེ། "འཁོར་ལོ་རིན་པོ་ཆེ་ལ་སོགས་པའི་རིན་ཆེན་བདུན་དང་། དམག་གི་དཔུང་ཚོགས་ཀུན་ཀྱང་འགྲོ་བར་འགྱུར་རོ། །"[]ཞེས་གསུངས་སོ། །

དཔུང་གི་ཚོགས་བཞི།

[རྩོམ་སྒྲིག]

འཁོར་ལོས་སྒྱུར་གྱི་རྒྱལ་པོར་དཔུང་གི་ཚོགས་བཞི་ཡོད་པར་བཤད་དེ། "དཔུང༷་གི་ཚོགས༷་བཞི་པོ་ཀུན༷་ཀྱང་འགྲོ་བ་བཞིན་དུ།"[] ཞེས་གསུངས་པ་ལྟར། དཔུང་གི་ཚོགས་བཞི་པོ་ནི་རྟ་དང་གླང་པོ་ཆེ་དང་ཤིང་རྟ་དང་དཔུང་བུ་བཞིར་ཤེས་པར་བྱའོ། །

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཔེ་མཚོན།

[རྩོམ་སྒྲིག]

ནང་པའི་གཞུང་ལུགས་སུ་འཁོར་ལོས་སྒྱུར་ཞེས་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཔེ་མཚོན་དུ་བེད་སྤྱོད་གཏོང་གི་ཡོད་དེ། "ལམ་གང་ནས་རྒྱལ་བ་རྣམས་ཀྱིས་རྟོགས་ནས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འགྲོ་བ་དེ་ཉིད་ནས་ནི་སྤངས་པ་དང་རྟོགས་པའི་ཡོན་ཏན་གྱི་ཆོས་ཀུན་ཀྱང་འགྲོ་བར་འགྱུར་རོ། །"[]ཞེས་གསུངས་པ་ལྟར། འཁོར་ལོས་སྒྱུར་གྱི་རྒྱལ་པོས་གང་དུ་འགྲོ་བའི་ལམ་དེ་ནས་རིན་པོ་ཆེ་སྣ་བདུན་དང་དཔུང་གི་ཚོགས་བཞི་རྗེས་སུ་འབྲང་བ་བཞིན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་དུ་ཡོད་པའི་སར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འབྱུང་བར་འགྱུར་བའི་དཔེ་མཚོན་དུ་བཤད་དོ། །

དཔེ་མཚོན་གྱི་དོན།

[རྩོམ་སྒྲིག]

"གང་དེ་བཞིན་དུ་ཕྱིན་ཅི་མ་ལོག་པའི་རང་བཞིན་གྱི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱལ་བ་རྣམས་ཀྱི་སྟེ། འགྲོ་བས་བདག་མེད་པ་རྟོགས་པ་རྒྱུད་ལ་རྣལ་འབྱོར་གྱིས་བསྐྱེད་དེ། དེའི་དབང་གིས་བྱུང་བ་མ་ཡིན་པའི་ཕྱིར་ཡོན་ཏན་ཀུན་ཏེ། བྱམས་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པས་རང་བཞིན་འཛིན་པའི་ཕྱིར་ཆོས་སོ། །"[]ཞེས་གསུངས་པ་ལྟར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ཀྱིས་ཆོས་ཐམས་ཅད་འདྲེན་ཅིང་སྐྱེད་པར་བྱེད་པའི་དོན་དུ་འཁོར་ལོས་སྒྱུར་གྱི་དཔེ་མཚོན་བཤད་པ་ཡིན་ནོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ལྕགས་དཔར། ཤོག་ངོས་ ༤༣
  2. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༥༡-༥༢
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༡༦a
  4. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད། ལག་བྲིས། ཤོག་ངོས་ ༢༤a
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ། ཤིང་དཔར། ཤོག་ངོས་ ༤༣
  6. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༥༢