ཟླ་མཚན་འགགས་པའི་ནད་ཀྱི་རྟགས་དང་བཅོས་ཐབས་

ཡོང་ཁུངས་Wikipedia

ཟླ་མཚན་འགགས་པ་ཞེས་པ་ནི། ལང་ཚོ་དར་ལ་བབས་པའི་བུ་མོ་ཞིག་ཡིན་ཕྱིན་ཟླ་མཚན་རྩ་བ་ནས་མི་ཡོང་བར་གཙོ་བོར་རྒྱུ་རྐྱེན་གསུམ་ཡོད་དེ། དང་པོ། བུ་སྣོད་མེད་པའམ་ཡོད་ཀྱང་བུ་སྣོད་ཀྱི་འཚར་ལོངས་ཞན་པ། གཉིས་པ། བསམ་བསེའུ་འཚར་ལོངས་ཞན་པ། གསུམ་པ། སྐྱེ་ལམ་མེད་པའམ་སྐྱེ་ལམ་ཟུམ་པ། ཡང་ན་ཟླ་མཚན་གྱི་དུས་འཁོར་ནང་མངལ་མ་སྦྲུམ་པའི་གནས་ཚུལ་འོག་ཟླ་བ་གསུམ་ཡན་ཆད་ལ་ཟླ་མཚན་མི་ཡོང་བ་བཅས་ལ་ཟེར། སློང་རྐྱེན། སློང་རྐྱེན་གཙོ་བོ་ནི། ནད་གཞིའི་རྐྱེན་གྱིས་ཟླ་མཚན་མི་ཡོང་བར་བུ་སྣོད་ཀྱི་ནང་སྐྱི་ལ་གཉན་ཚད་རྒྱས་པ་དང་། བསམ་བསེའུ་དང་ཡང་ན་རྩ་ཆེན་གཉིས་ཀྱི་ནང་དུ་རྨེན་སྐྲན་ཆགས་པ། སྐྱེས་འགོག་གི་གཤགས་བཅོས་བྱས་པའམ་ཡང་ན་བྱིས་པ་བཙས་རྗེས་མངལ་རྩ་གྲམ་ནས་རྩ་ཕྲན་དག་འགགས་པ། ཐུར་སེལ་རླུང་གི་ནུས་པ་ཉམས་ཏེ་མངལ་ཁ་ཕྱེ་མི་ཐུབ་པ་བཅས་ཀྱིས་ནད་གཞི་བྱུང་ནས་ཟླ་མཚན་འགགས་པ་རེད།

གཅིག བུ་སྣོད་མེད་པའམ་ཡོད་ཀྱང་བུ་སྣོད་ཀྱི་འཚར་ལོངས་ཞན་པ་ནི་བུད་མེད་དེ་ཉིད་ཀྱི་ལང་ཚོའི་ཆ་ཤས་ཡོངས་སུ་རྫོགས་ན་ཡང་། བུ་སྣོད་ཀྱི་ཆེ་ཆུང་དེ་བུད་མེད་ལོ་དགུ་ནས་བཅུ་བར་གྱི་ཚད་ཙམ་ལས་མེད་པ་དང་། B སྒྲ་རླབས་ལས་བརྟག་པ་ན་མངལ་སྐེ་རྒྱུན་ལྡན་ལས་རིང་བ། བུ་སྣོད་ཀྱི་རིང་ཚད་དང་ཞེང་ཚད་རྒྱུན་ལྡན་ལས་ཐུང་བ་ཡིན། (བུ་སྣོད་ཀྱི་རྒྱུན་ལྡན་གྱི་རིང་ཚད་ནི་ལིས་མུས་བདུན་ནས་བརྒྱད་དང་། ཞེང་ཚད་ལིས་མུས་བཞི་ནས་ལྔ། མཐུག་ཚད་ལིས་མུས་གཉིས་ནས་གསུམ། བུ་སྣོད་ཡོངས་ཀྱི་ལྗིད་ཚད་ཧའོ་ཧྲིན་ལྔ་ནས་དྲུག་བཅས་ཡོད།)

གཉིས། བསམ་བསེའུ་ཡི་ནུས་པ་ཞན་པ། དེ་ཡང་བུ་མོའི་ནུ་མ་ཆུང་བ་སྟེ་ནུ་མའི་འཚར་ལོངས་ཞན་པ་དང་འཕོངས་ཤ་སྐྱེས་པ་བཞིན་རྒྱས་མེད་པ། B སྒྲ་རླབས་ལས་བརྟག་ན་བསམ་བསེའུ་རྒྱུན་ལྡན་ལས་ཆུང་བ།

གསུམ། སྐྱེ་ལམ་མེད་པ་ཟེར་བ་ནི་སྐྱེ་ལམ་རྩ་བ་ནས་མེད་པ་ཞིག་མིན་པར་མང་ཆེ་བ་ནད་པ་རང་ཉིད་ཀྱིས་སོར་བཞི་ལྔ་ཙམ་གྱི་རིང་ཚད་ལས་མེད་པ་དང་།དེའི་ཡན་དུ་ཤ་སྐྱེས་ནས་མངལ་ཁ་བཀག་ཡོད་པས་ཟླ་མཚན་འབབ་མི་ཐུབ་པ་དང་། ཡང་ཁ་ཅིག་བུ་སྣོད་དུ་ཤ་སྐྱེས་མེད་ཀྱང་དང་པོ་ནས་མངལ་ཁ་མེད་པས་ཟླ་མཚན་དེ་བུ་སྣོད་དུ་སྐྲན་དུ་གྱུར་བར་ཡང་བསྐྱར་རྩ་ཆེན་གཉིས་བརྒྱུད་དེ་ལུས་ལ་ཁྱབ་པ་རེད། ནད་རྟགས།

བུ་སྣོད་ཀྱི་ནང་སྐྱི་ལ་གཉན་ཚད་རྒྱས་པའི་ནད་རྟགས་ནི། རྒྱུ་ཞབས་ཡོངས་ལ་ཚ་ཤུར་རྒྱག་པ་དང་། མཁལ་སྐེད་ན་བ། ལུས་ལ་ཚ་རྒྱག་པ། ནད་པ་མང་ཆེ་བར་ཟླ་མཚན་རྒྱུན་ལྡན་ལྟར་འབབ་དཀའ་བ་དང་བབས་ཀྱང་ཟླ་མཚན་གྱི་མདོག་ནག་པ། གྲང་དཀར་རྒྱུན་ལྡན་ལས་མང་བ་དང་མདོག་སེར་བ། རྩ་རྒྱུད་ཕྲ་ལ་གྲིམས་པ། ཆུ་མདོག་དམར་སེར་ཅན་ལ་ཝུ་བ་མང་བ་དང་སངས་མྱུར་བ་ཡིན།

བསམ་བསེའུ་ལ་རྨེན་སྐྲན་ཡོད་པའི་ནད་རྟགས་ནི། རྨེན་སྐྲན་ཡོད་པའི་རྒྱུ་ཞབས་ངོས་སུ་ན་ཟུག་མངོན་གསལ་མེད་པ་དང་ན་ཟུག་ཆེ་དུས་རྩའི་ནང་གི་སྐྲན་ཆེ་རུ་འགྲོ་བཞིན་ཡོད་པས། འབྲེལ་ཡོད་སྨན་ཁང་དུ་སོང་ནས་མྱུར་བར་བརྟག་དཔྱད་བྱས་ན་བཟང་བ་ལས་ནད་འགོར་འགྱངས་བྱས་ན་རྨེན་སྐྲན་དང་ཡང་ན་ཆུ་སྐྲན་གནས་སའི་རྩ་དེ་གཅུས་འདྲིལ་ཐེབས་ཏེ་རྩ་བརྡོལ་ནས་ཁོང་དུ་ཁྲག་ཤོར་ནས་ནད་པའི་སྲོག་ལ་གནོད་པ་ཡིན།

མངལ་རྩ་གྲམ་ནས་རྩ་ཕྲན་འགགས་པའི་ནད་རྟགས་ནི། རྒྱུ་ཞབས་ཡོངས་ལ་ན་ཟུག་གཏོང་བ་དང་གཅིན་ཁ་སྙི་ཞིང་གྲང་བ་མདོག་དཀར་སེར་དྲི་ངན་ཅན་མང་དུ་ཡོང་བ་དང་། སྐབས་སུ་ནད་པའི་བརླ་གཉིས་སུ་ཐུར་དུ་ཚ་ཤུར་རྒྱག་པ།

ཐུར་སེལ་རླུང་གི་རྒྱུ་བ་ཉམས་པའི་ནད་རྟགས་ནི། སེམས་མི་སྐྱིད་པ་དང་། ལུས་ཉོབ་པ། ཟླ་མཚན་ལྡན་ཡང་ཉིན་གཅིག་གམ་གཉིས་ལ་ཉུང་ཙམ་བཞུར་བ་དང་ཁ་མདོག་ནག་ཅིང་དྲི་ངན་པ། མགོ་ཡུ་འཁོར་བ། ལུས་སྨད་ཀྱི་རུས་པ་དང་ལྷག་པར་དུ་དཔྱི་སྐད་ཀྱི་རུས་པར་་གྲང་བསིལ་བྱེད་པ། དྲི་ཆུའི་མདོག་དཀར་ལ་ཝུ་བ་ཆེ་བ། རྩ་རྒྱུད་བྱིང་སྟོང་ཅན་དང་མནན་ན་ཅུང་གྲིམས་ཤས་ལྡན་པ། ལྕེ་མདོག་སྐྱ་གླེགས་ཅན་དང་ཁ་ཅིག་ལྕེ་སྟེང་དུ་ཅུང་གས་ཡོད་པ་ཡིན། གསོ་ཐབས། བུ་སྣོད་ནང་སྐྱི་ལ་གཉན་ཚད་རྒྱས་པར་གཉེན་པོ་ཉིན་གཅིག་ལ་གཉན་འཇོམས་དྲུག་པ་ཐེངས་གསུམ་བཏང་བས་ཆོག་པ་དང་། བསམ་བསེའུ་སྐྲན་དང་། རྩ་ཆེན་གཉིས་ཀྱི་སྐྲན་ལ་གཉེན་པོ་གཉན་འཇོམས་དྲུག་པ། སྐྲན་བཤིག་ལྔ་པ། ཨ་ཁྱུང་། རུ་ཁྱུང་། ཨ་རུ་བཅུ་པའི་སྟེང་ཁྱུང་ལྔ་བསྣན་པ་སོགས་ནད་གཞི་དང་བསྟུན་ནས་སྨན་བཅོས་བྱེད་དགོས། གལ་ཏེ་སྨན་བཏང་ཡང་སྐྲན་གཏོར་མ་ཐུབ་ན། གཤགས་བཅོས་བྱས་ཏེ་སྐྲན་བཀོག་དགོས་པ་དང་། བུད་མེད་བྱིས་པ་སྐྱེས་མ་མྱོང་བ་ཞིག་ལ་གཤགས་བཅོས་བྱས་ན་རྗེས་ཕྱོགས་སུ་བྱིས་པ་སྐྱེས་དཀའ་བ་རེད།

མངལ་རྩ་གྲམ་ནས་རྩ་ཕྲན་འགགས་པར་གཉེན་པོ་བསམ་ནོར་དང་། ཨ་ཁྱུང་། ཉི་ཟླ་གྱེན་ཟློག ཚ་སྦྱོར་ཆེན་མོ། སླེ་འཕྲུལ་ཐང་བཅས་གཏོང་དགོས།

ཐུར་སེལ་རླུང་གི་ནུས་པ་ཉམས་ནས་མངལ་ཁ་ཕྱེ་མ་ཐུབ་པའི་གཉེན་པོ་ནི། རྩ་བ་ལྔའི་སྨན་མར་དང། ཨ་གར་སོ་ལྔ། སྨྱུག་རྩི་དྲུག་ཐང་ནས་གཡེར་མའི་འབྲུ་རྡོག་གསུམ་ཙམ་བསྲེས་ཏེ་ཡུན་རིང་དུ་བསྐོལ་ནས་སུམ་ཆའི་གཉིས་ལ་སླེབས་རྗེས་གཏོང་དགོས།

བསམ་བསེའུ་འཚར་ལོངས་ཞན་པར་དམིགས་བསལ་གྱི་གཉེན་པོ་མེད་པས་གཙོ་ཆེ་བ་ཁ་ཟས་བཅུད་ཅན་དང་རྩ་བ་ལྔའི་སྨན་མར་བཏང་ན་བསམ་བསེའུ་འཚར་ལོངས་རྒྱས་པར་ཅུང་ཕན།

སྐྱེ་ལམ་མེད་པའམ་ཁ་ཟུམ་པར་མིས་བཟོས་སྐྱེ་ལམ་གཤགས་བཅོས་བྱེད་པ་ལས་ཐབས་གཞན་མེད།

གོང་སྨྲོས་ཀྱི་ནད་དེ་དག་ལ B སྒྲ་རླབས་ལ་སོགས་པས་གཞོགས་འདེགས་བརྟག་དཔྱད་བྱས་ཏེ་ནད་གཞི་གཏན་འཁེལ་བྱེད་ཐུབ་ན་རབ་ཡིན། B སྒྲ་རླབས་ཀྱིས་བརྟག་དཔྱད་མ་བྱས་གོང་། ནད་པར་ཆུ་ཁོལ་མང་དུ་འཐུང་དུ་བཅུག་ནས་ལྒང་ཕུག་ཁེངས་སུ་བཅུག་ན་བུ་སྣོད་ཡར་འདེགས་ཡོང་བས། B སྒྲ་རླབས་ནང་བུ་སྣོད་ནང་དུ་ཡོད་པའི་ནད་གཞི་དག་གསལ་བོར་མཐོང་ཐུབ་པའི་རམ་འདེགས་བྱེད་ཐུབ།།