Jump to content

ཞེན་པ་

ཡོང་ཁུངས་Wikipedia

ཞེན་པ་ཞེས་པ་ནི་གང་ཡང་རུང་བའི་ཡུལ་ལ་སེམས་ཀྱིས་ཡིད་ཆེས་ཤིང་དགའ་བ་དང་འདོད་ཆགས་ཀྱིས་འཛིན་པའི་སེམས་ཀྱི་འདུ་ཤེས་ཤིག་ཡིན། སྤྱི་ཡོངས་སུ་དགེ་བ་ལ་མི་འཇུག་པའི་རྐྱེན་དང་། མི་དགེ་བའི་ལས་ལ་འཇུག་པའི་རྒྱུ་དང་། སེམས་ཀྱི་དམ་པའི་ཆོས་ལ་བློ་མི་གཏད་པའི་གེགས་བྱེད་ཅིང་། དམིགས་ཡུལ་གྱི་རིགས་ལ་ལྟོས་ནས་དབྱེ་བ་མི་འདྲ་བ་ཞིག་ཏུ་འབྱེད་ཐུབ་བོ། །

དབྱེ་བ།

[རྩོམ་སྒྲིག]

སྤྱོད་འཇུག་གི་འགྲེལ་བཤད་རིས་མེད་ཀྱི་གཞུང་ལུགས་རྣམས་ཀྱིས་ལེ་ལོའི་མི་མཐུན་ཕྱོགས་ཀྱི་སྒོ་ནས་ཞེན་པའི་དབྱེ་བ་གསུམ་དུ་ཕྱེས་ཏེ་བཤད་ཡོད།

སྙོམ་ལས་ཀྱི་བདེ་བ་ལ་ཞེན་པ།

[རྩོམ་སྒྲིག]

དང་པོ་ནི་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པ་སྟེ། "ལུས་དང་སེམས་ལས་སུ་མི་རུང་ཞིང་དགེ་བ་ལ་མི་སྦྱོར་བར་ད་དུང་ལོང་ཡོད་སྙམ་པའི་ཕྱི་བཤོལ་བྱེད་པའི་སྒོ་ནས་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ"[]ཞེས་གསུངས། འདི་ནི་ལུས་དང་སེམས་ལས་སུ་མི་རུང་ཞིང་དགེ་བའི་ལས་ལ་སྦྱོར་བ་མེད་པར་གནས་སྐབས་ཀྱི་བདེ་བ་ལ་ཞེན་ནས་དགེ་བ་སྒྲུབ་པ་ལ་བློ་མི་གཏད་པའི་ལེ་ལོ་ཞིག་ཡིན། "དགེ་བ་ལ་མི་བརྩོན་ཞིང་རྣམ་གཡེང་ལ་སོགས་པ་བདེ་བར་ཞེན་པས་སྙོམ་ལས་བདེ་བའི་རོ་ལ་མྱོང་བ་སྟེ་དེ་ལ་ཞེན་པ་"[]ཞེས་པ་ལྟར་རོ། །

བྱ་བ་ངན་པ་ལ་ཞེན་པ།

[རྩོམ་སྒྲིག]

གཉིས་པ་ནི་བྱ་བ་ངན་པ་ལ་ཞེན་པ་སྟེ། "མི་དགེ་བ་དང་རྒོད་པ་དང་སྒེག་པ་ལ་སོགས་པའི་བྱ་བ་དམན་པ་ལ་དགའ་ཞིང་ཆགས་པས་ཟིལ་གྱིས་ནོན་པ་ནི་བྱ་བ་ངན་པ་ལ་ཞེན་པ་ཉིད་ཀྱི་ལེ་ལོའོ། །"[]དང་། "བྱ་བ་ངན་པ་མཁས་པས་དམད་པའི་གནས་ལ་ཞེན་པ་"[]ཞེས་གསུངས། འདི་ནི་མི་དགེ་བའི་ལས་དང་རྒོད་པ། སྒེག་པ། ལུང་མ་བསྟན་གྱི་བྱ་བ་ངན་པ་རྣམས་ལ་སེམས་དགའ་ཞིང་ཆགས་ནས་དེ་དག་ལ་ལྷག་པར་མོས་པས་དགེ་བའི་ལས་སྒྲུབ་པ་ལ་འགོག་པ་བྱེད་པའི་ལེ་ལོ་ཞིག་ཡིན་ནོ།།

བདག་ཉིད་ལ་བརྙས་པའི་ཞེན་པ།

[རྩོམ་སྒྲིག]

གསུམ་པ་ནི་བདག་ཉིད་ལ་བརྙས་པ་སྟེ། "དགེ་བའི་ཕྱོགས་དཀའ་བའི་ལས་སྒྲུབ་པ་ལ་སྲོ་ཤི་ཞིང་སྒྱིད་ལུག་ནས་བདག་ལྟ་བུས་སྒྲུབ་ག་ལ་ནུས་སྙམ་དུ་རང་ལ་སྨོད་པ་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོ་"[]དང་། "བདག་ཉིད་ལ་བརྙས་པས་ཞུམ་ཞིང་སྒྱིད་ལུག་པ་"[]ཞེས་གསུངས། འདི་ནི་དགེ་བའི་ཆོས་སྒྲུབ་པ་ལ་བདག་གིས་མི་ནུས་སྙམ་དུ་སྒྱིད་ལུག་ནས་རང་ཉིད་ལ་སྨོད་ཅིང་བརྙས་པས་ཞུམ་པའི་ལེ་ལོ་ཞིག་ཡིན་ནོ།།

མཚན་ཉིད།

[རྩོམ་སྒྲིག]

"བྱ་བར་འོས་པ་དུས་ལས་ཡོལ་བར་བྱེད་པའི་ཕྱིར་ལེ་ལོ་"[]ཞེས་གསུངས། ཡང་"བཟོད་པ་དང་ལྡན་པས་ན་བཟོད་པ་སྟེ། རང་གིས་གོམས་པར་བྱས་པའི་བཟོད་པའོ། བརྩོན་འགྲུས་བརྩམས་པ་ནི་བརྩོན་འགྲུས་ལ་འབད་པར་བྱ་བ་སྟེ། གཞན་དུ་སྡུག་བསྔལ་བཟོད་པར་མི་ནུས་པས་བརྩོན་འགྲུས་ཞེན་པར་འགྱུར་རོ། །"[]ཞེས་གསུངས། བྱ་བར་འོས་པའི་དགེ་བའི་ལས་དུས་ནས་ཡོལ་བར་བྱེད་པ་ནི་ལེ་ལོའི་མཚན་ཉིད་ཡིན། འདི་ལས་ཞེན་པ་ནི་དགེ་བའི་ཆོས་ལ་སེམས་མི་གཏད་པའི་རྒྱུ་རྐྱེན་དུ་གནས་པའི་སེམས་ཀྱི་གནས་སྟངས་ཤིག་ཡིན་པར་ཤེས་པར་བྱའོ།།

ཁྱད་ཆོས

[རྩོམ་སྒྲིག]

"ལུས་དང་ཡིད་ལས་སུ་མི་རུང་བ་སྙོམ་ལས་ཀྱི་བདེ་བ་ལ་ཞེན་པའི་ལེ་ལོ་དང་། བྱ་བ་ངན་པ་ལ་ཞེན་པ་དང་། དགེ་བ་བསྒྲུབ་པ་ལ་སྒྱིད་ལུག་ནས་ངས་མི་ནུས་སྙམ་དུ་བདག་ཉིད་ལ་བརྙས་པའོ། །"[]ཞེས་གསུངས་པ་ལྟར། ཞེན་པའི་ཁྱད་ཆོས་གཙོ་བོ་ནི་ལུས་དང་ཡིད་ལས་སུ་མི་རུང་བར་གནས་པ་དང་། མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ་ལ་ཆགས་པ། དགེ་བ་སྒྲུབ་པ་ལ་སྒྱིད་ལུག་པ་བཅས་ཡིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཞེན་པ་ཞེས་པ་ནི་ཡུལ་སོ་སོ་ལ་སེམས་ཀྱིས་ཆགས་ཤིང་དགའ་བ་སྐྱེས་པའི་སེམས་ཀྱི་འདུ་ཤེས་ཤིག་ཡིན། སྤྱོད་འཇུག་གི་འགྲེལ་བཤད་རྣམས་ཀྱིས་ལེ་ལོའི་མི་མཐུན་ཕྱོགས་ཀྱི་སྒོ་ནས་ཞེན་པ་གསུམ་དུ་དབྱེ་ཞིང་། སྙོམ་ལས་ཀྱི་བདེ་བ་ལ་ཞེན་པ། བྱ་བ་ངན་པ་ལ་ཞེན་པ། བདག་ཉིད་ལ་བརྙས་པའི་ཞེན་པ་བཅས་སུ་བཤད་ཡོད། འདི་དག་ནི་དགེ་བའི་ཆོས་ལ་བློ་མི་གཏད་པའི་རྒྱུ་རྐྱེན་དང་། བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སུ་གནས་པའི་སེམས་ཀྱི་གནས་སྟངས་ཡིན་པས་སྤང་བར་བྱ་བའི་ཉེས་པ་ཞིག་ཡིན་ནོ།།

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  4. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  7. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར།
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར།
  9. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར།
"https://bo.wikipedia.org/w/index.php?title=ཞེན་པ་&oldid=149967"ལས་སླར་རྙེད་སོང།