Jump to content

ཞེ་སྡང་

ཡོང་ཁུངས་Wikipedia

ཞེ་སྡང་ཞེས་པ་ནི་དེ་ནི་སེམས་ཅན་གྱི་སེམས་རྒྱུད་ལ་བདེ་བ་དང་ཞི་བ་མེད་པར་བྱེད་ཅིང་རང་གི་སེམས་རྒྱུད་ཀྱི་དགེ་བ་མཐའ་དག་འཇོམས་པ་དང་དམྱལ་བར་སྐྱེ་བའི་རྒྱུ་བྱེད་པའི་ཕྱིར་གཉེན་པོ་བཟོད་པ་བསྒོམ་པ་ལ་ནན་ཏན་དུ་བྱ་དགོས་སོ། །

སྒྲ་བཤད།

[རྩོམ་སྒྲིག]

སེམས་གཏིང་ནས་སམ་ཞེ་ཐག་པ་ན་གཞན་ལ་ཀུན་ནས་མནར་བསམ་པའི་སྡང་བས་ན་ཞེ་སྡང་ཞེས་བརྗོད་དོ། །

ནང་དོན།

[རྩོམ་སྒྲིག]

"སེམས་ཅན་རྣམས་དང་སྡུག་བསྔལ་དང་སྡུག་བསྔལ་གྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ་རེག་པར་མི་གནས་པ་དང་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་"[]ཞེས་གསུངས་པ་ལྟར། ཞེ་སྡང་ནི་སེམས་ཅན་དང་རང་ལ་བྱུང་བའི་སྡུག་བསྔལ། ཡང་ན་སྡུག་བསྔལ་འབྱུང་བའི་གནས་རྣམས་ལ་སེམས་ཀྱིས་བཟོད་མི་ཐུབ་པར་མནར་སེམས་ཤིང་། དེ་དག་ལ་གནོད་པ་བྱེད་འདོད་པའི་ཉོན་མོངས་པ་ཞིག་ཡིན།

མཚན་ཉིད།

[རྩོམ་སྒྲིག]

ཞེ་སྡང་གི་མཚན་ཉིད་ལ་སྤྱིར་ཉོན་མོངས་པའི་མཚན་ཉིད་ནི། "ཆོས་གང་འབྱུང་བ་ན་རབ་ཏུ་མ་ཞི་བའི་མཚན་ཉིད་དུ་འབྱུང་སྟེ་དེ་བྱུང་བས་སེམས་ཀྱི་རྒྱུད་རབ་ཏུ་མ་ཞི་བར་འབྱུང་བ་"[]ཞེས་ཀུན་བཏུས་ལས་གསུངས་པ་ལྟར། ཉོན་མོངས་པ་ཞིག་སེམས་ལ་སྐྱེས་པ་ན་དེའི་ཤུགས་ཀྱིས་སེམས་རབ་ཏུ་མ་ཞི་བར་བྱེད་དོ། ། ཁྱད་པར་ཞེ་སྡང་གི་མཚན་ཉིད་ནི་དམིགས་ཡུལ་གསུམ་ལ་དམིགས་ནས་མི་བཟོད་ཅིང་ཀུན་ནས་མནར་སེམས་པ་སེམས་རྩུབ་མོ་ཡུལ་དེ་རྣམས་ལ་གནོད་པ་བྱེད་འདོད་པ་ཡིན།

དབྱེ་བ།

[རྩོམ་སྒྲིག]

ཞེ་སྡང་གི་དམིགས་ཡུལ་གསུམ་ནི། "སེམས་ཅན་རྣམས་དང་རང་རྒྱུད་དུ་གཏོགས་པའི་སྡུག་བསྔལ་རྣམས་དང་སྡུག་བསྔལ་དེ་དག་གང་ལས་འབྱུང་བའི་གནས་རྣམས་ཡིན་"[]ཞེས་གསུངས་པ་ལྟར། ཞེ་སྡང་གི་དམིགས་ཡུལ་ནི་གསུམ་ཡོད་དེ། དང་པོ་སེམས་ཅན་རྣམས། གཉིས་པ་རང་རྒྱུད་ལ་བྱུང་བའི་སྡུག་བསྔལ་རྣམས། གསུམ་པ་སྡུག་བསྔལ་འབྱུང་བའི་རྒྱུ་གནོད་བྱེད་དང་མཚོན་ཆ་སོགས་སོ། །

ཞེ་སྡང་གི་ཉེས་དམིགས།

[རྩོམ་སྒྲིག]

དགེ་བ་འཇོམས་པ། "དགེ་རྩ་གཞན་གྱིས་རྣམ་སྨིན་ཤིན་ཏུ་ཡིད་དུ་འོང་བ་དཔག་མེད་འབྱིན་པ་འགོག་པས་ན་ཞེ་སྡང་ལྟ་བུའི་སྡིག་པ་ཆེན་པོ་གཞན་མེད་དོ། །"[]ཞེས་སྤྱོད་འཇུག་ལས་གསུངས་པ་ལྟར། ཞེ་སྡང་ལས་ཀྱང་ཆེ་བའི་སྡིག་པ་གཞན་མེད་དེ། ཞེ་སྡང་གིས་རྣམ་སྨིན་ཡིད་དུ་མི་འོང་བ་ཤིན་ཏུ་ཆེན་པོ་འབྱིན་པ་དང་དགེ་རྩ་འཇོམས་པ་གཉིས་ཀ་བྱེད་པའི་ཕྱིར་རོ། །མཐོང་ཆོས་ཀྱི་སྡུག་བསྔལ། "ལུས་སེམས་ལ་བདེ་བའི་སྐབས་མེད་པར་བྱེད་ཅིང་སྡུག་བསྔལ་དྲག་པོས་གདུང་བར་བྱེད་པའི་ཞེ་སྡང་ཉིད་ཟུག་རྫུ་ཡིན་"[]ཞེས་གསུངས་པ་ལྟར། ཞེ་སྡང་གིས་ཚེ་འདིར་ལུས་སེམས་ལ་བདེ་བའི་སྐབས་མེད་པར་བྱེད་ཅིང་། སེམས་ལ་ཡིད་མི་བདེ་བ་རབ་ཏུ་ཞི་བའི་དེ་བས་ཤིང་དགའ་བའམ་བཏང་སྙོམས་ཀྱི་ཚོར་བ་ཉམས་སུ་མི་མྱོང་ལ། རྟག་ཏུ་ཁོང་ཁྲོའི་མེ་འབར་བས་གདུང་བ་དྲག་པོ་སྐྱེད། སེམས་ཚོར་དགའ་བ་དང་ལུས་ཚོར་བདེ་བའང་སྔར་ཡོད་འཇིག་ཅིང་སྔར་མེད་གསར་དུ་ནམ་ཡང་མི་འཐོབ། མཚན་མོ་ཉལ་བའི་ཚེ་ཡང་བདེ་བར་གཉིད་ལོག་པའི་སྐབས་མི་འོང་ཞིང་། དུས་རྒྱུན་པར་སེམས་རྣལ་དུ་ཕེབས་པའི་བརྟན་པའང་ཉམས་ནས་མེད་པར་འགྱུར་རོ། །ཕྱི་མའི་འབྲས་བུ། ཞེ་སྡང་གི་འབྲས་བུ་ནི་དམྱལ་བའི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་ཡིན། "དེ་ལྟ་བུའི་ཞེ་སྡང་གི་འབྲས་བུ་ནི་དམྱལ་བའི་སྡུག་བསྔལ་བཟོད་པར་དཀའ་བ་རྣམས་ཡིན་ཏེ། དེས་ན་གནས་སྐབས་དང་མཐར་ཐུག་གཉི་གར་གང་དུ་འཇིགས་སུ་རུང་བའི་ཕྱིར། ཁྲོ་བ་བདེ་བར་གནས་པ་ནི་འགའ་ཡང་མེད་ལ།"[] ཞེས་གསུངས་པ་ལྟར། ཞེ་སྡང་གིས་ཕྱིར་མར་དམྱལ་བར་སྐྱེ་ཞིང་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་བར་འགྱུར་རོ། །

ཞེ་སྡང་གི་རྒྱུ།

[རྩོམ་སྒྲིག]

ཞེ་སྡང་གི་རྒྱུ་ནི་ཡིད་མི་བདེ་བ་ཡིན། "བདག་དང་བདག་གི་བའི་ཕྱོགས་ལ་སྡུག་བསྔལ་སོགས་མི་འདོད་པ་བྱས་པ་དང་བདེ་བ་སོགས་འདོད་པ་འབྱུང་བ་ཡི་གེགས་བྱས་པ་ལས་བྱུང་བར་གྱུར་པའི་ཡིད་མི་བདེ་བ་དེ་ནི་ཞེ་སྡང་སྐྱེད་བྱེད་དང་འཕེལ་བྱེད་ཀྱི་ཟས་ཡིན་"[]ཞེས་གསུངས་པ་ལྟར། ཞེ་སྡང་གི་རྒྱུ་གཙོ་བོ་ནི་བདག་དང་བདག་གི་ཕྱོགས་ལ་སྡུག་བསྔལ་སོགས་མི་འདོད་པ་བྱས་པ་དང་། འདོད་པའི་བདེ་བ་འགྲུབ་པ་ལ་གེགས་བྱས་པ་ལས་བྱུང་བའི་ཡིད་མི་བདེ་བ་དེ་ཡིན། ཡིད་མི་བདེ་བ་དེ་ནི་ཞེ་སྡང་སྐྱེ་བ་དང་འཕེལ་བའི་ཟས་ལྟ་བུ་ཡིན་ཏེ། དཔེར་ན་ཟས་ཀྱིས་ལུས་རིམ་གྱིས་རྒྱས་པར་བྱེད་པ་ལྟར་ཡིད་མི་བདེ་བས་ཞེ་སྡང་ཆེར་བརྟས་ཏེ་བདག་ཉིད་འཇོམས་པར་བྱེད་དོ། །

གཉེན་པོ་བཟོད་པ།

[རྩོམ་སྒྲིག]

ཞེ་སྡང་གི་གཉེན་པོ་ནི་བཟོད་པ་ཡིན། "རྒྱུ་མཚན་དེ་བས་ན་བཟོད་པ་བསྒོམ་པ་ལ་ནན་ཏན་དུ་བྱས་ཏེ་འཆད་པར་འགྱུར་བའི་ཐབས་རྣམ་པ་སྣ་ཚོགས་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ལ་འབད་དགོས་སོ། །"[]ཞེས་མདོ་ལས་གསུངས་པ་ལྟར། བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ཞིང་། བཟོད་པ་ལ་བསླབ་པ་ནི་མྱ་ངན་འདས་པ་ཐོབ་པའི་གཙོ་བོ་ཡིན་ནོ། །ཆོས་ལ་ངེས་པར་སེམས་པའི་བཟོད་པ། ཉོན་མོངས་ཀྱི་དབང་གིས་ཕ་རོལ་ལ་རང་དབང་མེད་པར་བསྟན་པ། "གནོད་བྱེད་ཀྱི་གང་ཟག་དེ་ལ་ཡང་ཁྲོ་མི་རིགས་ཏེ་དབྱུག་པ་སོགས་སྐྱེས་བུས་ཆད་པ་བཞིན་དུ་གནོད་བྱེད་ཀྱི་དགྲ་དེ་ཡང་ཉོན་མོངས་པ་ཞེ་སྡང་གིས་རང་དབང་མེད་པར་གནོད་པ་བྱེད་པ་ལ་བསྐུལ་ཞིང་རྦད་པས་ཉིས་ན་སྟེ་རྣམ་པ་གཅིག་ཏུ་ན་ཞེ་སྡང་ལ་ཁྲོ་བར་རིགས་ས་གཅིག་ཏུ་ན་ཁྲོ་མི་རིགས་སོ། །"[]ཞེས་གསུངས་པ་ལྟར། ཕ་རོལ་པོས་རང་ལ་གནོད་པ་བྱས་པ་ན་དངོས་སུ་གནོད་མཁན་ནི་དབྱུག་པ་དང་མཚོན་ཆ་སོགས་ཡིན་ལ། གལ་ཏེ་འཕེན་མཁན་ལ་ཁྲོ་ན། སྐྱེས་བུ་དེ་ཡང་ཞེ་སྡང་གིས་རང་དབང་མེད་པར་གནོད་པ་བྱེད་པ་ལ་བསྐུལ་ཞིང་རྦད་པས། ལྟ་ནའང་ཞེ་སྡང་ལ་ཁྲོ་བར་རིགས་ལ་གནོད་བྱེད་ཀྱི་གང་ཟག་ལ་ཁྲོ་མི་རིགས་སོ། །དཀོན་མཆོག་ལ་གནོད་པ་བྱེད་པ་ལ་ཁྲོ་བ་དགག་པ། "སངས་རྒྱས་སོགས་ཀྱི་སྐུ་གཟུགས་དང་མཆོད་རྟེན་བརྒྱུད་ལ་སོགས་པའི་མཆོད་རྟེན་དང་དམ་པའི་ཆོས་དང་ཆོས་ཀྱི་རྟེན་གླེགས་བམ་སྟེ་དེ་རྣམས་ལ་ངག་གིས་ཚུལ་དང་མི་མཐུན་པའི་སྐྱོན་བརྗོད་དེ་འཁྱལ་བའི་ཚིག་སྨྲ་ཞིང་ལུས་ཀྱིས་གཞོམ་ཞིང་འཇིག་པར་བྱེད་པ་རྣམས་ལའང་བདག་གིས་ཆོས་དང་མཐུན་པའི་སྙིང་རྗེ་དང་ཐབས་མཁས་ཀྱི་སྒོ་ནས་དེ་ལྟ་བུའི་ཉེས་པ་ཚབས་ཆེན་གསོག་པ་དེ་ལས་བཟློག་ནུས་ན་ལེགས་ཀྱི་དེ་ལྟར་མིན་པར་ཆོས་དང་མི་མཐུན་པའི་བསམ་པ་ཞེ་སྡང་དྲག་པོ་བསྐྱེད་ནས་སྦྱོར་བ་རྩུབ་མོས་བཟློག་ཐབས་ལ་བརྩོན་པ་ནི་མི་རིགས་ཏེ།"[༡༠] ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་སྐུ་གཟུགས་དང་མཆོད་རྟེན་དང་དམ་པའི་ཆོས་ལ་སྐྱོན་བརྗོད་ཅིང་འཇིག་པར་བྱེད་པ་རྣམས་ལ་སྙིང་རྗེ་དང་ཐབས་མཁས་ཀྱི་སྒོ་ནས་དེ་ལྟ་བུའི་ཉེས་པ་ཚབས་ཆེ་བ་དེ་ལས་བཟློག་ནུས་ན་ལེགས། གལ་ཏེ་ཞེ་སྡང་དྲག་པོ་བསྐྱེད་ནས་ཐབས་རྩུབ་མོས་བཟློག་འདོད་ན། དེ་ནི་མི་རིགས་ཏེ། ཡུལ་སངས་རྒྱས་བྱང་སེམས་ཉན་རང་འཕགས་པ་རྣམས་དང་དམ་པའི་ཆོས་སོགས་དཀོན་མཆོག་གསུམ་ལ་ཡིད་མི་བདེ་བའི་གནོད་པས་གཟིར་བ་སོགས་ཅུང་ཟད་ཀྱང་མི་མངའ་སྟེ། བདག་དང་བདག་གིར་མངོན་པར་ཞེན་པའི་ལོག་པར་རྟོག་པ་བཅོམ་པའི་ཕྱིར་དང་། སྐུ་གསུང་ཐུགས་རྟེན་རྣམས་ལའང་ཡིད་མི་བདེ་བའི་གནོད་པ་ཅུང་ཟད་ཀྱང་མི་མངའ་ལ། གནོད་བྱེད་ནི་སྙིང་རྗེའི་གནས་ཡིན་པས་དེ་ལ་བྱམས་ཤིང་བརྩེ་བའི་སྒོ་ནས་རྗེས་སུ་གཟུང་རིགས་ཀྱི་ཁོང་ཁྲོ་བསྐྱེད་པར་མི་བྱའོ། །གཉེན་བཤེས་ལ་ཆགས་པ་སྤང་བ། "གཉེན་བཤེས་སོགས་ལ་གཞན་གྱིས་གནོད་པ་བྱས་པ་ན་དེའི་རྐྱེན་གྱིས་གཉེན་བཤེས་སོགས་དེ་དག་གི་རྒྱུད་ལ་ཞེ་སྡང་གི་མེ་ཆེན་པོ་འབར་ནས་བསོད་ནམས་དགེ་བའི་ཚོགས་རྣམས་ཚིག་པར་གྱུར་པ་ན།"[༡༡] ཞེས་གསུངས་པ་ལྟར། གཉེན་བཤེས་སོགས་ལ་གཞན་གྱིས་གནོད་པ་བྱས་པ་ན། རང་ཡང་དེ་དག་ལ་ཞེན་པའི་སྒོ་ནས་ཞེ་སྡང་གི་མེ་མཆེད་ནས་བསོད་ནམས་དགེ་བའི་ཚོགས་འཚིག་པར་དོགས་པ་ཡིས་ཆགས་པའི་གཞི་གཉེན་བཤེས་སོགས་དེ་ནི་དེ་མ་ཐག་དོར་བར་བྱ་རིགས། དཔེར་ན་ཁྱིམ་ཚིག་པར་གྱུར་པའི་མེ་ཁྱིམ་གཞན་ཞིག་ཏུ་སོང་ནས་ནི་རྩྭ་དང་ཤིང་ལ་སོགས་གང་ལ་མཆེད་ནས་ཁྱིམ་ནོར་དང་བཅས་པ་ཚིག་པར་བྱེད་པར་གྱུར་ན། ཁྱིམ་ནོར་དང་བཅས་པ་བསྲུང་བའི་དོན་དུ་རྩ་ལ་སོགས་པའི་དེ་ནི་ཕྱུང་སྟེ་དོར་བར་རིགས་ཀྱི་ཆགས་པར་མི་རིགས་པ་བཞིན་ནོ། །

བསྡུས་དོན།

[རྩོམ་སྒྲིག]

ཞེ་སྡང་ནི་སེམས་ཅན་དང་སྡུག་བསྔལ་དང་དེའི་གནས་རྣམས་ལ་ཀུན་ནས་མནར་སེམས་ཤིང་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པ་ཞིག་ཡིན། དེ་ནི་སྡིག་པ་ཆེན་པོ་སྟེ་དགེ་བ་འཇོམས་པ་དང་མཐོང་ཆོས་ལ་སྡུག་བསྔལ་དྲག་པོ་སྐྱེད་པ། ཕྱི་མར་དམྱལ་བའི་སྡུག་བསྔལ་འབྱུང་བར་བྱེད། དེའི་གཉེན་པོ་ནི་བཟོད་པ་བསྒོམ་པ་ཡིན་ཏེ། ཉོན་མོངས་ཀྱི་དབང་གིས་ཕ་རོལ་ལ་རང་དབང་མེད་པར་རྟོགས་པ། དཀོན་མཆོག་ལ་གནོད་པ་བྱེད་པ་ལ་སྙིང་རྗེས་ལྟ་བ། གཉེན་བཤེས་ལ་ཆགས་པ་སྤོང་བ། ལུས་ལ་ཆགས་པ་སྤོང་བ་སོགས་ཀྱི་ཐབས་ཀྱིས་ཞེ་སྡང་སྤོང་ནུས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  2. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  6. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤོག་གྲངས།
  7. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  8. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤོག་གྲངས།
  9. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  10. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།
  11. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤོག་གྲངས།