ཞི་བྱེད་པ།

ཡོང་ཁུངས་Wikipedia

༄༅།།ཞི་བྱེད་པ། རྩོམ་པ་པོ། ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

༄༅། ། དམ་པ་རྒྱ་གར་བོད་ལ་ཐུགས་བརྩེ་བས། ། སྡུག་བསྔལ་ཞི་བྱེད་ཆར་ཆེན་ལན་གསུམ་དུ། ། ཕབ་རྣམས་གཅིག་ཏུ་འཁྱིལ་བའི་གདམས་ངག་མཚོ། ། ཞི་བྱེད་ཅེས་གྲགས་གྲུབ་མཐའི་བྱུང་བ་གླེང་། ། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་ལ་དངོས་དང་། དེའི་ཡ་གྱལ་གཅོད་ལུགས་བྱུང་ཚུལ་གཉིས་ལས།

(༡) ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་དངོས།

༄༅། ། སྔ་མ་དག་ཞི་བྱེད་ཀྱི་སྒྲ་དོན་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་པའི་ཆོས་ཀྱི་མིང་ལ་བརྟེན་ནས་བཏགས་པ་སྟེ། ཆོས་འདིས་ཚེ་རབས་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པར་གྱུར་པ་དང་། ནད་བུ་ཅན་དང་། དབུལ་ཕོངས་དང་། མི་མ་ཡིན་པས་གཙེས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱའོ་ཟེར། འོན་ཀྱང་དེ་ཙམ་དུ་མི་གཟུང་སྟེ། ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ལ། གདམས་པ་འདིའི་སྙིང་པོ་ཡང་ཤེར་ཕྱིན་གྱི་ཉམས་ལེན་ཡིན་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན་གྱི། འཕྲལ་གྱི་རྐྱེན་ངན་ཙམ་ཞི་བར་བྱེད་པ་ལས་མེད་ན་གདམས་པ་ཁྱད་པར་ཅན་དུ་མི་འགྱུར་རོ། ། དེ་ཡང་། པསྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པ་ལ་བརྟེན་ནས་དེ་ལྟར་བཏགས་པར་བཞེད་ལས། གང་ལས་བྱུང་བའི་ཁུངས་ནི་ཕ་དམ་པ་སངས་རྒྱས་ཡིན་ནོ། །

འདི་ནི་རྒྱ་གར་ལྷོ་ཕྱོགས་ཙཱ་ར་སེང་གེའི་བྱེ་བྲག་ཁྲོན་པའི་གླིང་དུ་སྐུ་འཁྲུངས། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲི་མ་མེད་ཅིང་དགེ་བ་ལ་ངང་གིས་དགའ་བ་སྟེ། ཆུང་ངུ་ནས་སྒྲ་རིག་པ་སོགས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། བི་ཀྲ་མ་ལ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་བ་ལས་སེམས་བསྐྱེད། བླ་མ་མང་པོ་ལས་དབང་མནོས་པས་བསྡོམ་པ་གསུམ་དང་ལྡན། མཚན་ཉིད་དང་སྒྲ་རིག་པའི་བླ་མ་བཅུ་གཅིག ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་སྟེ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་གདམས་པ་མཐའ་དག་མནོས། བླ་མ་འདི་དག་གི་གྲངས་འདྲེན་ལ། ཨིནྡྲ་བྷྰུ་ཏི། ཀླུ་སྒྲུབ་སོགས་ཆེས་སྔ་བར་བྱོན་པ་དང་། དུས་ཕྱིས་སུ་བྱོན་པ་ཡང་ཅི་རིགས་ཤིག་བགྲངས་འདུག་པ་དུས་ཐོག་མི་མཉམ་པར་སྣང་བ་ནི། དམ་པ་སྐུ་ཚེ་ཤིན་ཏུ་རིང་བར་བཞུགས་པས་ཡིན་ནམ་སྙམ་ལ། དམ་པ་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཟེར་བ་རྒྱ་ནག་གི་ལོ་རྒྱུས་འགའ་ཞིག་ནའང་སྣང་བས་བདེན་པ་འདྲ་ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས། དམ་པས་ལོ་དྲུག་ཅུ་རེ་ལྔའི་བར་དུ་ཡུལ་ཐ་དད་དུ་བསྒོམས་པས། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་བགྲང་གིས་མི་ལང་བ་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས། མིག་སྨན། རྐང་མགྱོགས། རིལ་བུ། ས་འོག གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་ཀྱི་དངོས་གྲུབ་འགྲུབ། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་སུ་སྤྱོད་པ་མཛད་ནས་གྲུབ་ཐོབ་ཀྱི་སྙན་པས་མཚན་ཡང་སྣ་ཚོགས་སུ་སྒྲོགས་སོ། །

བོད་དུ་ལན་ལྔ་བྱོན་པ་ལས། ལྔ་བའི་དུས་བོད་ནས་རྒྱ་ནག་ཏུའང་བྱོན་པས་དེར་ཡང་གྲགས་ཆེ། བོད་དུ་སློབ་མ་དཔག་ཏུ་མེད་པ་སྨིན་པར་མཛད་པ་ལས་གྲགས་ཆེ་བ་ཞི་བྱེད་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཁ་ཆེ་ཛྙཱན་གུ་ཧྱ་ལ། དེ་ཨོང་པོ་ལོ་ཙཱ་བས་བསྒྱུར་བ་ལ་ཟེར། བརྒྱུད་པ་བར་བ་རྨ་ཆོས་ཀྱི་ཤེས་རབ། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་དང་གསུམ་ལ་གདམས་ངག་གནང་ནས་འཕེལ་བ་ལ་ཟེར། བརྒྱུད་པ་ཕྱི་མ་ནི། དམ་པ་དིང་རི་གླང་སྐོར་དུ་བྱོན། སློབ་མའི་མཆོག་དམ་པ་ཕྱར་ཆེན། ཕྱར་ཆུང་། བཛྲ་ཀྲོ་ངྷ། ཀུན་དཀའ་བཞི་ལས། དམ་ཀུན་དགའ་གཙོ་བོ་སྟེ། སྐུ་ཚེ་ལྔར་དམ་པ་སངས་རྒྱས་ཀྱིས་རྗེས་སུ་བཟུང་། སྐུ་ཚེ་འདིར་དེའི་གདམས་ངག་གི་མཛོད་དུ་གྱུར་པས་སློབ་མ་པ་ཚབ་སྒོམ་པ་དང་། དེ་ནས་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་དང་ཞིག་པོ་ཉི་མ་སེང་གེ་སོགས་སྲོལ་འཛིན་མང་དུ་བྱོན་ནས་ཞི་བྱེད་དར་རྒྱས་སུ་མཛད་དོ། །

བརྒྱུད་པ་དེ་གསུམ་གྱི་གདམས་པའི་མཚན་ཙམ་སྨོས་ན། བརྒྱུད་པ་དང་པོ་ནི། ཞི་བྱེད་སྒྲོན་མ་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་སོ། ། བརྒྱུད་པ་བར་བ་ནི། རྨ། སོ། སྐམ་གསུམ་ཕྲན་དང་བཅས་པ་སྟེ། རྨའི་ཆོས་སྐོར་ནི་ཚིག་བརྒྱུད་དང་། དོན་བརྒྱུད་གཉིས་ལས། དོན་ཁྲིད་ནི་ལག་ཁྲིད་བཅུ་དྲུག ཚིག་བརྒྱུད་ནི་སེམས་བསྐྱེད་དང་སྟོང་ཐུན་དང་ཁ་འཐོར་དང་ཁར་ཕོག་སྣར་ཕོག་དང་མཐའ་རྒྱས་རྣམས་སོ། །

སོ་ལུགས་ཀྱི་ཆོས་ཀྱི་རྣམ་གྲངས་ནི། ཚིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། ཚིག་བརྒྱུད་ལ་ཡང་བརྒྱུད་པ་ཆེན་པོ་དང་བརྒྱུད་ཕྲན་གཉིས། ཆེན་མོ་ལ་དམ་པ་སྐྱེས་མཆོག ཆེ་བ་ང་བཞི། འབྲིང་སོ་གཉིས། ཆུང་བ་བཅུ་བདུན་ཏེ། དེ་ལ་གྲུབ་པ་ཐོབ་པ་རེ་རེའི་ལོ་རྒྱུས་དང་གདམས་པའི་ངོ་བོ་སློབ་མ་འཁྲིད་ལུགས་ཆ་ཚང་རེ་རེ་ཡོད་པས་བརྒྱུད་པ་ལྔ་བཅུ་རྩ་བཞིའམ། བརྒྱུད་པ་བརྒྱ་དང་གསུམ་དུ་འགྱུར་བས་བརྒྱུད་པ་ཆེན་མོ་ཞེས་བྱའོ། ། བརྒྱུད་ཕྲན་ནི། དོན་སྐོར་ལྔ་མ། རིམ་པ་བཞི་མ། བསམ་གཏན་གྱི་ཐུན་ཆེ་ཆུང་། གྲགས་པ་བརྒྱད། ཡབ་སྲས་གསུམ་མ། སྐྱོན་ཅན་སྐྱོན་མེད་ལ་སོགས་ཆོས་སྡེ་སུམ་ཅུ་རྩ་གཉིས་བཞུགས། དོན་བརྒྱུད་ལ་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བ་ལས། དང་པོ་ནི། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དོན་བརྒྱུད་ལྔ་བཅུ་རྩ་བཞི། བླ་མ་སུམ་ཅུ་རྩ་གཉིས་ལ་དོན་བརྒྱུད་སོ་གཉིས། དམ་པ་བཅུ་བདུན་ལ་དོན་བརྒྱུད་བཅུ་བདུན་བཞུགས། ཕྱོགས་སུ་མ་ལྷུང་བ་ལ་མིག་འབྱེད་ཀྱི་སྐོར་དང་། མཁའ་འགྲོ་མའི་སྐོར་ལས། དང་པོ་ལ་བུ་བཞི་མ་དང་ལྔ་སྟེ། དེ་ཡང་གཞུང་སྦས་པ་མིག་འབྱེད། དེའི་ཡན་ལག་ཏུ་དུས་དང་དུས་ཕྲན་ལ་གདམས་པ། ངོ་སྤྲོད་བརྒྱ་རྩ་དྲུག་པ། མ་འགགས་རྣམ་དག རྡོ་རྗེ་སེམས་དཔའི་གསང་ལམ་མོ། །

མཁའ་འགྲོ་མའི་སྐོར་ལ། སོའི་སྐོར་མགོ་ཆེན་མོ་བཞི་སྟེ། མཆོག་སྒྲུབ་པ་ལ་བརྡ་སྐོར། ཐུན་མོང་སྒྲུབ་པ་ལ་ཡི་གེ་བཞི་བའི་སྐོར། གཉིས་ཀ་སྒྲུབ་པ་ལ་ཛ་ག་ཏའི་སྐོར། ཐུན་སྐོར་རོ། ། བརྡ་སྐོར་ལ་ཧེ་རུ་ཀའི་བརྡ་སྐོར། བདེ་བར་གཤེགས་པའི་བརྡ་སྐོར། རྡོ་རྗེ་དྲིལ་བུ་བའི་བརྡ་སྐོར། དམ་པའི་བརྡ་ཐོར་བུ་བའོ། ། ཐུན་མོང་སྒྲུབ་པ་ལ། དཀར་མོ་སྐུའི་སྒྲུབ་པ། དམར་མོ་གསུང་གི་སྒྲུབ་པ། ནག་མོ་ཐུགས་ཀྱི་སྒྲུབ་ཐབས་སོ། ། དེ་ལ་ཕག་མོ་ཆོས་སྐུའི་སྒྲུབ་ཐབས། ལོངས་སྐུའི་སྒྲུབ་ཐབས། སྤྲུལ་སྐུའི་སྒྲུབ་ཐབས་སོ། །

ཛ་ག་ཏའི་སྐོར་ནི། གཏུམ་མོ་འཁོར་ལོ་གཅིག་པ་ཡིན། ཐུན་སྐོར་ལ་སྤྱོད་ལམ། ཉམས་སྐྱོང་ལུགས་སོ། ། དེ་རྣམས་ཀྱི་རྩ་བའི་སྙིང་པོ་ལྟ་བུར་གྱུར་པ་ནི་རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་བརྒྱུད། ཆོས་སྐད་མ་བསྟུན་པ་བརྒྱུད་པ་བཞི་བ་ཡོངས་སུ་མ་གྲགས་པའི་དོན་བརྒྱུད། མཚང་མདོན་བསྡུས། སོའི་རིག་པ་སྲང་འཇུག སྙན་བརྒྱུད་བཞི་རྣམས་བཞུགས་སོ། །

སྐམ་ལུགས་ནི། སྐམ་ཡེ་ཤེས་རྒྱལ་མཚན་གྱིས་དམ་པའི་གདམས་ངག་བཞིན་དུ་མངོན་རྟོགས་བརྒྱད་ཀ་བཤད། སྡུད་པའི་སྟེང་དུ་མདོ་རྒྱས་འབྲིང་དྲངས་ནས་ཀྱང་བཤད་པས། སློབ་མ་ཡས་བརྒྱུད་མས་བརྒྱུད་གཉིས་བྱུང་བའི་ཡས་བརྒྱུད་ནི། འཁུན་དབང་ཕྱུག་རྡོ་རྗེ་དང་། རྒྱམས་ཤེས་རབ་བླ་མ་གཉིས་ལས་བརྒྱུད་པ་སྟེ། དེ་གཉིས་ཀ་དང་པ་ནད་པ་ཡིན་པ་སྐམ་གྱིས་ནད་ཐོག་ཏུ་ངོ་སྤྲད། གཞུང་སྐབས་དང་པོ། གདམས་ངག་བདེན་པ་བཞི། ལག་ལེན་ཐོར་བུ་དང་བཅས་པ་གསུངས་པ། ཕྱིས་སུ་རྒྱ་སྟོན་གཞོན་ནུ་སེང་གེས་སྐམ་ལུགས་ཀྱི་གདམས་པའི་ཡི་གེ་ཤེར་ཕྱིན་ཐུགས་བརྒྱུད། ལག་ལེན་སྙན་བརྒྱུད། རིན་ཆེན་ཕྲེང་བ། གཏན་ཚིགས་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་བརྩམས། ༈ མས་བརྒྱུད་ནི། སྒྲོ་ཆོས་བརྩོན་ལ་སྐམ་གྱིས་གང་ཟག་རིམ་དང་ཅིག་ཆར་གྱི་དབྱེ་བས་སྙིང་པོའི་དྲན་དང་མངོན་པར་རྟོགས་པ་གཉིས་སུ་ངོ་སྤྲད་ནས་མདོ་མ་ལུས་པ་རྟེན་འབྲེལ་གྱི་འགྲོས་བཞིས་འཆད་དེ། མས་བརྒྱུད་སྒོམ་ཐོག་ཏུ་སྐོར་བའི་གདམས་པའོ། །

ཡང་བར་དུ་བྱུང་བའི་བརྒྱུད་ཕྲན་ལ་གྲྭ་བ་དང་། ལྕེ་དང་། ལྡང་ལུགས་གསུམ་སྟེ། དགེ་བཤེས་གྲྭ་བ་ལ་དམ་པས་ཞི་བྱེད་སྒྲོན་མ་དགུ་སྐོར་གྱི་གདམས་པ་གནང་སྟེ། མན་ངག་སྐུའི་སྒྲོན་མ། དེ་བཞིན་དུ་ཐེག་པ་གསུང་གི། གསང་ཐུགས་ཀྱི། ཡང་དག་ལྟ་བའི། རིན་པོ་ཆེ་སྒོམ་པའི། བྱང་ཆུབ་སྤྱོད་པའི། མཉམ་ཉིད་གཞིའི། རྣལ་འབྱོར་ལམ་གྱི། དངོས་གྲུབ་འབྲས་བུའི་སྒྲོན་མ་རྣམས་སོ། ། ལྕེ་ཙནྡྲ་ཀིརྟི་ལ་དམ་པས་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ་གནང་སྟེ། མདོ་སྡུད་པ་དང་རྒྱུད་མཚན་བརྗོད་སྦྱར་ནས་ཕར་ཕྱིན་གྱི་གདམས་པ་དང་། སྔགས་ལ་གྲུབ་ཐོ་ཕོ་མོ་ལྔ་བཅུ་རྩ་བརྒྱད་ཀྱི་གདམས་པ་རྣམས་སོ། ། ལྡང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་པ་གནང་སྟེ། ངོ་སྤྲོད་ཀྱི་མཚང་གཅིག་ལས་མེད་ཟེར། བརྒྱུད་པ་ཐོར་བུ་བ་ནི་འབྲོ་སྒོམ་ལ་མཚན་བརྗོད་གསེར་གྱི་ཐུར་མ་གནང་། གུ་སྒོམ་ལ་ལས་རྒྱའི་གདམས་པ། ཆུ་སྒོམ་ལ་སྙིང་གཏམ་ལྷུག་པའི་གདམས་པ། སྒོམ་པ་དམར་སྒོམ་ལ་ཆིག་ཆོད་གསུམ་གྱི་གདམས་པ། གཉགས་ལོ་ཙཱ་བ་ལ་བདེ་མཆོག་དཔའ་བོ་གཅིག་པའི་གདམས་པ། ལྕེ་མོ་དཔལ་སྒྲོན་མ་ལ་གྲུབ་ཐོབ་ཉམས་ཀྱི་ཆོས་སྡེ་བཅུ་དྲུག་པ། གཉལ་སྟོད་ངོར་རྗེ་སྒོམ་པ་ལ་ལྷན་ཅིག་སྐྱེས་སྦྱོར། ཆུ་བར་གྱི་གནས་བརྟན་འབྱུང་གྲགས་ལ་ཤེས་རབ་སྙིང་པོའི་གདམས་པ། སྔགས་བཤད་ཤེས་རབ་རྒྱལ་མཚན་ལ་དུས་འཁོར་གྱི་གདམས་པ། ཤངས་པ་དབུ་སྡེབས་ལ་ཡི་གེ་བཞི་བའི་གདམས་པ། སྙེ་མོའི་རྒྱ་སྟོན་སྐྱི་རྩེགས་ལ་དགྱེས་པ་རྡོ་རྗེའི་གདམས་པ། ཞག་སག་ཆུང་བ་ལ་ཕག་མོའི་གསང་སྒྲུབ། བླ་མ་དགོན་དཀར་བ་ལ་ཕྱག་ན་རྡོ་རྗེའི་གདམས་པ། སྐྱིད་ཤོད་ཀྱི་འབན་གུང་རྒྱལ་བ་བདེ་མཆོག་སྙན་བརྒྱུད། མ་གཅིག་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་སྟེ། དེ་རྣམས་ནི་བརྒྱུད་པ་བར་མའི་སྐོར་རོ། །

བརྒྱུད་པ་ཕྱི་མའི་ཆོས་རྣམས་ལ་ཕྱག་རྒྱ་ཆེན་པོ་དྲི་མེད་ཐིག་པ་ཕྱག་ཞེས་ཀྱི་སྐོར་ཞེས་མཚན་འདོདས་ཏེ། ཕྱག་རྒྱ་ཆེན་པོ་ནི་དམ་པ་སངས་རྒྱས་མེེ་ཏྲི་བའི་དངོས་སློབ་ཡིན་པས། མེེ་ཏྲི་བའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཡིན། དྲི་མེད་ནི་དམ་པའི་གསུང་རབ་རྣམས་ལ་བྱ། ཕྱག་བཞེས་ནི་བསྟན་པ་གཞན་རྣམས་དང་ཅུང་ཟད་མི་འདྲ་བའི་སྒྲུབ་པའི་སྲང་ཡོད་པ་ལ་ཟེར། དེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་གསང་སྔགས་དང་རྗེས་སུ་མཐུན་པ་ཞེས་བྱ་སྟེ། མེེ་ཏྲེ་བའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར་ཡང་ལུགས་དེ་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱ་ཚུལ་ཀྱེ་རྡོ་རྗེ་ལས་བཤད་པ་དང་འདྲ་བ་ཞིག་བྱུང་། ལྷའི་རྣལ་འབྱོར་ལ་བརྟེན་པ་མ་ཡིན་ཞིང་། ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བ་མེད་པས་གསང་སྔགས་ནི་མ་ཡིན་ནོ། ། ཞེས་གསུངས་པ་དེ་དང་མཐུན་པར་སྣང་། དེ་ཡང་ཐུན་མོང་དུ་གྲགས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་ཀྱི། དམ་པས་ཕྱར་ཆེན་དང་། འབན་གུང་རྒྱལ་ལ་དུས་ཀྱི་འཁོར་ལོའི་དབང་གནང་བར་གྲགས་ཤིང་། ལས་རྒྱའི་གདམས་པའང་མང་པོ་ལ་གནང་བས་དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ལ་གསང་སྔགས་གཏན་མེད་པ་ནི་མ་ཡིན་ནོ། ། གསང་སྔགས་རྗེས་མཐུན་པར་བཤད་པ་ཉིད་ཀྱིས་ན་ཨཱ་ལི་ཀཱ་ལིའི་བྱིན་རླབས་ལ་སོགས་པ་ཡང་གསང་སྔགས་དང་རྗེས་སུ་མཐུན་པ་སྟེ། དངོས་ནི་མ་ཡིན་པས་ན་འདི་ལ་ལོག་པར་བརྟག་པར་མི་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་ནས་ཡི་གེ་བཞི་བཅུ་རྩ་གཉིས་གཟུངས་ཀྱི་སྒོ་བཤད་པ་དང་འདྲ་བའི་ཕྱིར་རོ། ། ཆོས་སྐོར་འདི་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ཆོས་སྡེ་གཉིས་ལས། ཐུན་མོང་ལ་མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཏིག་དང་བཅས། དར་ཚགས་བཤད་འབུམ་དང་བཅས་པའོ། །

དང་པོ་ནི། སྤྱི་མདོ་ཆུ་ཀླུང་མངོན་པར་རོལ་བའི་མདོ། སྒོས་མདོ་ཤེས་རབ་སྙིང་པོ། སྤྱི་རྒྱུད་སྡེ་སྣོད་གསལ་བྱེད། སྒོས་རྒྱུད་ཆུ་ཀླུང་ཆེན་པོ། ཕྱག་ལེན་ནི། དབང་འཁོར་ཆེ་འབྲིང་དང་ལམ་རིམ་ཆེ་ཆུང་གསུམ། བཀའ་བབས་སྙན་བརྒྱུད་ནི། བཀའ་བབས་བཞི། དེའི་ལམ་སློང་སྙན་བརྒྱུད་བཞི། དྲི་མེད་ཕྲ་ཏིག་ནི། དྲི་མེད་ལ་ཆོས་ཟུག་པ་རྩ་བའི་སྐོར་ལ་སོགས་པ་དྲུག ཕྲ་ཏིག་པ་ནི་པ་ཚབ་ཀྱིས་ཀུན་དགའ་ལ་མ་བདེ་བའི་གེགས་རྣམས་དྲིས་པའི་གདམས་པའོ། །

དར་ཚགས་བཤད་འབུམ་ནི་དར་ཚགས་ཞལ་གདམས་བདུད་རྩིའི་སྐོར་ལ་སོགས་པ་བརྒྱད་ཡོད་དེ། པ་ཚབ་ཀྱི་འཕྲལ་གཏམ་ཏེ་ནེས་ཡི་གེར་བཏབ་པོ། ། བཤད་འབུམ་ནི་ཏེ་དང་ཞིག་པོ་དང་སྙེ་མདོ་བ་ལ་སོགས་པས་མཛད་པའི་བཤད་པ་རྣམས་སོ། ། ཐུན་མོང་མ་ཡིན་པའི་ཆོས་སྡེ་ལ་རྒྱུད་སྟོན་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། གསང་མཛོད་གསུམ། བེའུ་བུམ་བརྒྱད་དོ། །

གསང་མཛོད་གསུམ་ནི། བླ་མ་གསང་མཛོད། ཡི་དམ་གསང་མཛོད། མཁའ་འགྲོ་གསང་མཛོད་དོ། །

ལམ་སྐོར་ལྔ་ནི། བིརཱུ་པའི་ཐབས་ལམ་སྒོ་བཞིའི་ལམ་སྐོར། ས་ར་ཧའི་ཐབས་ལམ་ཡུལ་བཞིའི་ལམ་སྐོར། གསེར་གླིང་བའི་ལམ་སྐོར་བརྒྱད་པ། ཨཱཪྻ་དེ་བའི་ལམ་སྐོར་བརྒྱད་པ། ནཱ་རོ་བའི་ཟུང་འཇུག་བཞིའི་ལམ་སྐོར་རོ། །

བེའུ་བུམ་བརྒྱད་ནི། ཟབ་མོ་དབང་གི་བེའུ་བུམ། ངོ་སྤྲོད་རྩ་བའི་བེའུ་བུམ། སྙམ་བརྒྱུད་ཁྲིད་ཀྱི་བེའུ་བུམ། སྒོ་བཞི་གནད་ཀྱི་བེའུ་བུམ། སྣ་ཚོགས་རྫུ་འཕྲུལ་གྱི་བེའུ་བུམ། ཟབ་མོ་སྔགས་ཀྱི་བེའུ་བུམ། བཀའ་སྲུང་མཁའ་འགྲོའི་བེའུ་བུམ། མན་ངག་རྒྱལ་ཆ་གསུམ་བེའུ་བུམ་རྣམས་སོ། ། དེ་རྣམས་ནི་བཀའ་རྒྱ་ཅན་ཐུན་མོང་མ་ཡིན་པའི་ཆོས་སྡེའོ། །

ཞི་བྱེད་ཀྱི་ཆོས་ཀྱི་སྙིང་པོར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ལུས་པ་ཉམས་སུ་ལེན་པའི་མན་ངག་ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་བྱ་བ་ཉིད་ཡིན་ལ། དེ་ཡང་སྤྱིར་དམ་པ་སངས་རྒྱས་ལ་ཤེར་ཕྱིན་གྱི་བརྒྱུད་པའི་བཀའ་བབས་དྲུག་མངའ་སྟེ། དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ། ཀླུའི་ཡུལ་ནས་བརྒྱུད་པ། ཨུ་རྒྱན་ནས་བརྒྱུད་པ། རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ནས་བརྒྱུད་པ། ལྷོ་ཕྱོགས་བྷེ་ཏ་ལ་ནས་བརྒྱུད་པ། ལྷོ་བྷི་ཤོ་ཀོ་ཏ་ཙན་དན་གྱི་གླིང་ནས་བརྒྱུད་པའོ། ། བཀའ་བབས་དྲུག་པོའི་སྙིང་པོའི་དོན་གྱི་བཅུད་བསྡུས་ནས་སྟོན་པའི་ཤེར་ཕྱིན་གྱི་ལམ་ཉམས་སུ་ལེན་པའི་མན་ངག་ནི་སངས་རྒྱས་མར་མེ་མཛད་ཀྱིས་ཤཱཀྱ་ཐུབ་པ་ལ། དེས་ཀུན་དགའ་བོ་ལ། དེ་ནས་དགེ་སློང་སེང་གེའི་བར་བརྒྱུད་པ་སུམ་ཅུ་སོ་དྲུག་སོང་བའི་དུས་སུ། རྒྱལ་པོ་གདུག་པ་ཅན་གྱིས་རབས་བཅད་དོ། ། དེ་ནས་འཕགས་པ་ཐོགས་མེད་ཀྱིས། ཤཱཀྱ་ཐུབ་པ་ལ་དངོས་སུ་གསན་པ་བྱམས་པ་ཡིན་པར་དགོངས་ནས་བྱམས་པ་བསྒྲུབས་པས་ཞལ་གཟིགས་ཏེ་ཤེར་ཕྱིན་གྱི་གདམས་པ་དངོས་སུ་གསན་ནས་གཅུང་དབྱིག་གཉེན་ལ་གནང་། དེས་དམ་པའི་ཞང་པོ་ཨཱརྱ་དེ་བ་ལ། དེས་དམ་པ་ལ་གདམས་སོ། ། ཞེས་འཆད། གདམས་པ་དེ་ནི་ཡུམ་གྱི་དོན་བསྟན་བཅོས་མངོན་རྟོགས་རྒྱན་གྱི་མན་ངག་བཞིན་ཉམས་ལེན་དུ་དྲིལ་ནས་འཆད་པའི་ངོ་མ་ཚང་བ་ཞིག་སྟེ། དེའི་ཚུལ་ཚིག་ཉུང་ངུས་སྟོན་མི་ནུས་ཤིང་རྒྱས་པར་བཤད་ན་ཧ་ཅང་མང་བར་འགྱུར་བས་འདིར་མ་བྲིས་སོ། །

བཤད་རྒྱུན་ཡང་ཕྱིས་ཀྱི་བར་བྱུང་འདུག་ཀྱང་ད་ལྟ་རྒྱུན་ཆད་པ་འདྲའོ། །

ཞི་བྱེད་ཀྱི་ལྟ་བའི་ཁུངས་ནི་ཤེར་ཕྱོགས་ཀྱི་མདོ་ལ་གཏུགས་པར་འདུག་ཅིང་། གདམས་ངག་གི་ཡི་གེ་རྣམས་སུ་ཀླུ་སྒྲུབ་ལ་ཚད་མར་མཛད་པ་དང་། དིང་རི་བརྒྱད་ཅུ་བར་ཡང་། སྟོང་པའི་ངང་དུ་རིག་པ་མདུང་སྐོར་བྱ། ། ལྟ་བར་ཐོགས་རྡུག་མེད་དོ་དིང་རི་བ། ། ཞེས་ལྟ་བ་མཐའ་བྲལ་དུ་གསུངས་པའི་ཕྱིར་ན་དབུ་མའི་ལྟ་བ་ལས་མ་འདས་པར་སེམས་སོ། ། འོན་ཀྱང་ཕྱི་རབས་ཀྱི་ཡི་གེ་རྣམས་སུ་ནི་ཉ་དང་ཉུང་མ་བསྲེས་པ་མང་དུ་ཡོད་པ་གོར་མ་ཆགས་སོ། ། ཞི་བྱེད་ཀྱི་གྲུབ་མཐའ་འདི་ལ་སྔོན་གྱི་དུས་སུ་གྲུབ་པ་བརྙེས་པའི་སྐྱེས་བུ་གྲངས་ལས་འདས་པ་བྱོན་འདུག་ལ། ཆོས་སྡེ་གྲགས་ཆེ་བ་ནི། སྐྱེས་མཆོག་བསམ་གཏན་དཔལ་གྱིས་བཏབ་པའི་ཡབ་ཆོས་སྡིངས་དང་། སྒོ་མོ་ཆོས་སྡིངས་གཉིས་ཡིན། དེར་སྐྱེས་མཆོག་པའི་རྗེས་སུ་བྱང་སེམས་པ་པོ་ཆེའི་ཡོངས་འཛིན་ཆོས་རྗེས་དོན་རིན་པ་ཀྱང་གདམས་ངག་གསན་པར་སྣང་། དེང་སང་ནི་ཞི་བྱེད་ཀྱི་གདམས་པ་དབྱངས་གསལ་དང་རྟེན་སྙིང་གི་བྱིན་རླབས་དང་། ལྷ་ཆེན་ཨཾ་གྷོ་རའི་རྗེས་གནང་། མཁྱུད་དཔྱད་སོགས་གདམས་ངག་ཐར་ཐོར་གྱི་ལུང་ཙམ་ལས་གདམས་ངག་འགངས་ཆེ་བ་རྣམས་ཀྱི་གླེགས་བམ་བཞུགས་པ་མ་གཏོགས་ཆོས་རྒྱུན་ཐམས་ཅད་ནུབ་པར་འདྲའོ། །

(༢)ཞི་བྱེད་པའི་ཡ་གྱལ་གཅོད་ལུགས།

༄༅། ། དེ་ཡང་གཅོད་ཅེས་བྱ་བའི་སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས་ལ། ཡང་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ། ། གདམས་པ་འདི་ཡང་ཐོག་མར་དམ་པ་སངས་རྒྱས་ལས་བྱུང་བ་སྟེ། དམ་པ་བོད་དུ་ལན་གསུམ་པ་བྱོན་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནས་བླ་མ་དང་། ཡར་ལུང་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་། སྨ་ར་སེར་པོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་། དེས་རྩེ་སྟོན་སུམ་སྟོན་གཉིས། རྩེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང་། དེ་དག་ལས་མཆེད་པ་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་སྟེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་སོ། །

མ་གཅིག་ལབ་ཀྱི་སྒྲོན་མ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་སོགས་ནས་ལུང་བསྟན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་གཟུགས་སུ་བྱོན་པ་སྟེ་གཅོད་ཀྱི་གདམས་པས་བོད་ཡུལ་ཐམས་ཅད་ཁྱབ་པར་མཛད་དོ། ། མ་གཅིག་ལ་སྲས་དང་སྲས་མོ་འགའ་བྱུང་བ་ལོ་རྒྱུས་རྣམས་སུ་འདྲེན་ལུགས་མི་འདྲ་བར་སྣང་བ་ལས། ཐོད་སྨྱོན་བསམ་འགྲུབ་ནི་ལ་ལས་མ་ཅིག་གི་སྲས་དང་། འགའ་ཞིག་གིས་ཚ་བོ་དང་ཡང་ཚར་བཤད་ཀྱང་ལོ་རྒྱུས་ཁུངས་མ་ཕལ་ཆེར་ན་སྲས་ཡིན་པ་བྱས་འདུག གང་ལྟར་ཡང་གྲུབ་ཐོབ་ཆེན་པོར་གྱུར་པས་སློབ་མ་གྲུབ་ཐོབ་ཕོ་མོ་ཉི་ཤུ་རྩ་གཅིག སྲས་མོ་གྲུབ་ཐོབ་བཅོ་བརྒྱད་སོགས་བྱོན་ཅིང་། དེ་དག་ལས་གདམས་པ་རྒྱ་ཆེར་དར་བར་གྱུར་ཏོ། ། ལབ་སྒྲོན་ལ་སློབ་མ་མཆོག་བཞི་ཟེར་ཡང་། གདམས་པའི་རྒྱུན་ཁུ་སྒོམ་ཆོས་སེང་ལས་བརྒྱུད་པ་དར་ཆེ་ཞིང་། དེང་སང་གི་བར་དུ་མ་ནུབ་པར་བཞུགས་སོ།།

ཕྱིས་སུ་གཏེར་ནས་བཏོན་པའི་གཅོད་ཀྱི་གདམས་པ་འགའ་ཞིག་ཀྱང་བྱུང་འདུག་ཅིང་། རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་ངག་སྣང་དུ་མ་ཅིག་དང་མཇལ་ནས་གནང་བ་རྒྱལ་ཐང་ལུགས་དང་། རྟོགས་ལྡན་སྣ་ཚོགས་རང་གྲོལ་ལ་གནང་བ་སྙན་བརྒྱུད་ལམ་ཟབ་སོགས་མང་པོ་ཞིག་དར་རོ། །

རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བརྩལ་པའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ་རྒྱལ་བ་དབེན་ས་བ་ནས་རིམ་པར་བརྒྱུད་དེ་དེང་སང་རང་ཕྱོགས་སུ་དར་རྒྱས་ཆེ་བ་འདི་ཉིད་དོ། །

གཅོད་ཀྱི་གདམས་པའི་ངོ་བོ་ནི། ཤེས་རབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ལྷག་པར་དུ་མདོ་སྡུད་པ་ཡིན་པར་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་ཅིང་། ཁྱད་པར་དུ་སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། ། བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། ། སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། ། ཇི་སྐད་སྨྲས་བཞིན་བྱེད་དང་བདེ་བཤེགས་བྱིན་རླབས་ཅན། ། ཞེས་གསུངས་པའི་རྒྱུ་བཞི་ནི། སྟོང་པར་གནས་པ། སེམས་ཅན་མི་གཏོང་བ། ཇི་ལྟར་སྨྲས་བཞིན་བྱེད་པ། བདེ་གཤེགས་ཀྱིས་བྱིན་གྱིས་བརླབས་པ་བཞི་སྟེ། དེ་ལས་དང་པོ་ནི། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་དང་། གཉིས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། དེ་གཉིས་ཞི་གཅོད་ཀྱི་ཉམས་ལེན་གྱི་དངོས་གཞིའོ། ། གསུམ་པ་ནི། ལམ་གྱི་རྩ་བཤེས་གཉེན་བསྟེན་པ་དང་། བཞི་བ་ནི། སྐྱབས་འགྲོ་ཚོགས་ཞིང་ཡན་ལག་བདུན་པ་མཎྜལ་དབུལ་བ་རྣམས་ཏེ་དེ་གཉིས་ནི་ཉམས་ལེན་གྱི་སྔོན་འགྲོའོ། ། བདུད་བཞིས་ཐུབ་པར་དཀའ་བ་ནི་མཐར་ཐུག་གི་ཆོད་ཚད་དང་། བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། ། ཞེས་པ་གདམས་པ་འདི་བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཉམས་ལེན་སྲིད་ཞིའི་རྒུད་པ་འཇོམས་པའི་སྟོབས་དང་ལྡན་པའོ། ། ཞེས་བསྟན་ནོ། ། སྔགས་དང་ཇི་ལྟར་རྗེས་སུ་མཐུན་ན། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། ། མ་མོའི་ཁྱིམ་དང་མཚན་མོ་དང་། ། ཡང་ན་དབེན་པའི་བས་མཐའ་རུ། ། བསྒོམ་པ་བཟང་བར་བརྗོད་པར་བྱ། ། ཞེས་གསུངས་པ་དང་། ལུས་ཀྱི་སྦྱིན་པ་སྦྱིན་བྱས་པས། ། ཕྱི་ནས་སྤྱོད་པ་ཡང་དག་སྤྱད། ། ཅེས་པ་དང་། ངེས་པར་སྔོན་དུ་ལྷ་མིན་དང་། ། བརྒྱ་བྱིན་ལྟ་བུར་འོངས་ན་ཡང་། ། དེ་ལ་འཇིགས་པར་མི་བྱ་སྟེ། ། སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། ། ཞེས་གསུངས་པ་རྣམས་དང་མཐུན་པ་སྟེ། ལུང་དེ་དག་གིས་གང་དུ་ཉམས་སུ་བླང་བའི་གནས། ཇི་ལྟར་ཉམས་སུ་ལེན་པའི་ཚུལ། ཉམས་སུ་བླངས་པ་ལ་བརྟེན་ནས་སློང་དང་ཆོད་ཚད་འབྱུང་ཚུལ་བཅས་པ་རིམ་པ་བཞིན་བསྟན་པའི་ཕྱིར་རོ། །

ལྟ་བ་ནི། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་སྡུད་པ་ལ་ཐུག་པས་ན། དབུ་མ་ཐལ་འགྱུར་བའི་ལྟ་བ་ལས་མ་འདས་ཤིང་། ལབ་སྒྲོན་གྱི་གསུང་ཡིན་ངེས་རྣམས་སུའང་དེ་བཞིན་འབྱུང་མོད། བར་སྐབས་སུ་གདམས་པ་འཛིན་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་འཆད་མ་ཤེས་པར་ཟེར་སྒྲོས་སྣ་ཚོགས་པ་བསྲེས་པ་དང་། གཅོད་འདི་གྲུབ་མཐའ་རིས་མེད་ལ་དར་བས་རང་རང་གི་གྲུབ་མཐའི་ཞེན་གྱིས་ལྟ་བ་སྒོམ་ཚུལ་ཅི་རིགས་སུ་བཤད་པ་བྱུང་སྣང་ངོ་། །

གང་གང་གི་རྣམ་རྟོག་མི་མངའ་ཡང་། གང་ལ་གང་འདུལ་སྤྲུལ་པའི་རོལ་གར་གྱིས། ། གང་ལ་གང་འཚམས་མཛད་པ་མཐའ་ཡས་པས། ། གང་ལ་གང་འདོད་དངོས་གྲུབ་སྟེར་མཛད་པ། ། ཕ་རྒན་དམ་པ་སངས་རྒྱས་ཞེས་གྲགས་པས། ། ཕ་རོལ་ཕྱིན་པའི་ལམ་གྱི་སྙིང་པོ་དང་། ། ཕ་མའི་རྒྱུད་ཀྱི་མན་ངག་མཐར་ཐུག་པ། ། ཕ་མཐའ་ཡས་པ་གངས་ཅན་པ་ལ་གསུངས། ། མ་ལུས་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་བཅུད། ། མ་ལུས་འདུས་པའི་དམ་ཆོས་སྨན་མཆོག་འདི། ། མ་ལུས་འགྲོ་བའི་སྡུག་བསྔལ་ཞི་བྱེད་ཅེས། ། མ་ལུས་མཁས་པས་མགྲིན་གཅིག་བསྔགས་པར་བྱེད།། ཨ་ཏི་ཤ་ཡི་སྲོལ་དང་རྗེས་མཐུན་པ། ། ཨ་དོན་སྐྱེ་མེད་བསྒོམ་པའི་གདམས་པ་མཆོག། ཨ་མ་ལབ་ཀྱི་སྒྲོན་མའི་གཅོད་འདི་ཡང་། ། ཨ་ཧོ་ཐེག་ཆེན་ཆོས་ཀྱི་ཉིང་ཁུར་སེམས། ། རྣམ་མང་གྲུབ་མཐའི་ནགས་ཀྱི་ཀློང་། ། ཞི་བྱེད་བྱུང་བ་བརྗོད་པའི་གཏམ། ། ཁུ་བྱུག་མགྲིན་པའི་རོལ་མོ་ཡིས།། རྣ་བའི་བཅུད་ལེན་རྒྱས་པར་བྱས།

གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་བཤད་ཟིན་ཏོ། །

《ཐུའུ་བཀྭན་གྲུབ་མཐའ》ལས་བཏུས།

ཞི་བྱེད་པའི་གྲུབ་མཐའི་མིང་བྱུང་ཚུལ། དེ་ཡང་ཞི་བྱེད་པའི་གྲུབ་མཐའ་ནི་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སང་ས་ རྒྱས་ནས་དར་བ་ཡིན་ཞིང་། ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྲིད་ཞིའི་ སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ལ་གདམས་པ་འདིའི་སྙིང་པོ་ཡང་ཤེར་ ཕྱིན་གྱི་ཉམས་ལེན་ཡིན་པའི་ཆ་ནས་དང་། སྡུག་བསྔལ་ཐམས་ཅད་རབ་ཏུ་ ཞི་བར་བྱེད་པ་ལ་བརྟེན་ནས་ཞི་བྱེད་པའི་གྲུབ་མཐའ་ཞེས་མིང་ཏུ་བཏགས། ཞི་བྱེད་པའི་ཆོས་སྡེ་གྲགས་ཆེ་བ་ནི་སྐྱེས་མཆོག་བསམ་གཏན་དཔལ་གྱིས་ བཏབ་པའི་ཡབ་ཆོས་སྡིངས་དང་། སྒོ་མོ་ཆོས་སྡིངས་གཉིས་སོ། དེ་ནི་ཆོས་ རྗེ་དོན་གྲུབ་རིན་ཆེན་གྱི་བླ་མ་ཡིན། ཞི་བྱེད་པའི་ཡ་གྱལ་གཅོད་ཀྱི་གདམས་ པ་ཡང་དམ་པ་སངས་རྒྱས་ཀྱིས་སྤེལ་བ་ཡིནལ་དེ་ཡང་གཅོད་ཅེས་བྱ་བའི་ སྒྲ་དོན་ནི་གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ་བྱམས་སྙིང་ རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་ འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས ལ་ཡང་ན་སྤྱོད་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་ སྤྱོད་པས་དེ་ལྟར་དུ་གྲགས།