Jump to content

ཞི་གནས་

ཡོང་ཁུངས་Wikipedia

ཞི་གནས་ཞེས་པ་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྒོམ་གྱི་ཐབས་གཙོ་བོ་ཞིག་ཡིན། སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ཞིག་ཡིན་ལ། བསམ་གཏན་གྱི་རྒྱུར་གྱུར་པ་དང་ལྷག་མཐོང་གི་རྟེན་དུ་འགྱུར་བའི་གསང་ཆེན་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

ཞི་གནས་ཞེས་པའི་སྒྲ་འདིར། ཞི་ཞེས་པ་ནི་སེམས་ཀྱི་རྣམ་གཡེང་དང་ཉོན་མོངས་པ་རྣམས་ཞི་ཞིང་ཉེར་ཞི་བ་ལ་གོ་བ་ཡིན། གནས་ཞེས་པ་ནི་སེམས་དམིགས་པ་ལ་རྩེ་གཅིག་ཏུ་མི་གཡོ་བར་གནས་པ་ལ་གོ་དགོས། མདོར་ན་ཞི་གནས་ནི་ལྷག་མཐོང་གི་རྟེན་དུ་གྱུར་པའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་ཟེར།

མཚན་ཉིད།

[རྩོམ་སྒྲིག]

སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཏེ། "ཞི་གནས་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ཡིན་"[]ཞེས་གསུངས་པ་ལྟར། སེམས་ཀྱི་རྣམ་གཡེང་དང་བྲལ་ཞིང་དམིགས་པ་གཅིག་ལ་གནས་པ་ལ་གོ །

རང་བཞིན།

[རྩོམ་སྒྲིག]

ལུས་སེམས་ལས་སུ་རུང་བར་བྱེད་པ་སྟེ། "ལུས་སེམས་ལས་སུ་རུང་ན་བྱང་ཆུབ་ཀྱི་སེམས་སོགས་གང་བསྒོམ་པ་ཐམས་ཅད་ལེགས་པར་འབྱོར་ཞིང་འོང་བར་འགྱུར་"[]ཞེས་གསུངས།

ལྷག་མཐོང་དང་འབྲེལ་བ།

[རྩོམ་སྒྲིག]

ཞི་གནས་ནི་ལྷག་མཐོང་གི་གཞི་རྟེན་ཡིན་པ་སྟེ། "ཞི་གནས་སྔོན་དུ་མ་བསྒྲུབ་པར་ལྷག་མཐོང་སྐྱེ་མི་སྲིད་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། ལྷག་མཐོང་སྐྱེ་བའི་རྒྱུར་གྱུར་པ་ཞིག་ཡིན།

ཞི་གནས་སྒྲུབ་ཐབས།

[རྩོམ་སྒྲིག]

འཇིག་རྟེན་ལ་ཆགས་པ་སྤངས་ནས་མངོན་པར་དགའ་བས་འགྲུབ་པ་སྟེ། "ལྷག་མཐོང་གི་རྒྱུར་གྱུར་པའི་ཞི་གནས་ཀྱི་ཏིང་ངེ་འཛིན་དེ་ཡང་ནི་ཕྱི་ནང་གི་འཇིག་རྟེན་ལ་ཆགས་པ་མེད་ཅིང་བསམ་གཏན་སྒོམ་པ་ལ་མངོན་པར་དགའ་བས་འགྲུབ་"[]ཅེས་གསུངས།

ཞི་གནས་ཀྱི་ཕན་ཡོན།

[རྩོམ་སྒྲིག]

ལུས་སེམས་ཤིན་ཏུ་སྦྱངས་པ་འཐོབ་པ་སྟེ། "ཞི་གནས་གྲུབ་པ་ནི་ལུས་སེམས་ཤིན་ཏུ་སྦྱངས་པ་འཐོབ་པར་འགྱུར་ཏེ་སྐྱིལ་མོ་ཀྲུང་གཅིག་གིས་ལོ་ཟླར་འདས་ཀྱང་ཟུག་རྔུ་མེད་ཅིང་ཁམ་གྱི་ཟས་ལ་མ་ལྟོས་པ་དང་སེམས་ལས་སུ་རུང་བས་ཤིན་ཏུ་ཐུལ་བ་གཉེན་པོའི་རང་དབང་ཅན་དུ་འགྱུར་བ་ཡིན་ནོ། །"[]ཞེས་གསུངས་ལུས་སེམས་གཉིས་ལ་བདེ་བ་དང་རང་དབང་ཐོབ་ཡོང་།

ཉོན་མོངས་པ་འཇོམས་པའི་གཉེན་པོར་འགྱུར་བ། "ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་བག་ཆགས་དང་བཅས་པ་མཐའ་དག་རྣམ་པར་འཇོམས་པར་བྱེད་ནུས་"[]ཞེས་གསུངས་པ་ལྟར་ཉོན་མོངས་སྤོང་བའི་གཉེན་པོར་འགྱུར།

བསམ་གཏན་དང་འབྲེལ་བ།

[རྩོམ་སྒྲིག]

འདི་གཉིས་ནི་མིང་མི་འདྲ་ཡང་རང་བཞིན་གཅིག་སྟེ། "ཞི་གནས་ནི་སེམས་ལ་སེམས་འཇོག་པ་རྩེ་གཅིག་པ་སྟེ་བསམ་གཏན་དངོས་ཡིན་ལ་"[]ཞེས་གསུངས་པ་ལྟར། ཞི་གནས་ནི་བསམ་གཏན་གྱི་དངོས་ཡིན་ལ། སེམས་རྩེ་གཅིག་ཏུ་འཇོག་པའི་ཐབས་སུ་གྱུར།

བསྡུས་དོན།

[རྩོམ་སྒྲིག]

གོང་གསལ་ལྟར། ཞི་གནས་ཞེས་པ་ནི་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ཞིག་སྟེ། འཇིག་རྟེན་ལ་ཆགས་པ་སྤངས་ནས་སྒོམ་པ་ལ་མངོན་པར་དགའ་བའི་སྒོ་ནས་སྒྲུབ་པ་ཞིག་ལ་གོ །དེའི་ཕན་ཡོན་ནི་ལུས་སེམས་ལས་སུ་རུང་བར་བྱེད་ཅིང་། ཤིན་ཏུ་སྦྱངས་པ་འཐོབ་པ། ཉོན་མོངས་སྤོང་བའི་གཉེན་པོར་འགྱུར་བ། ལྷག་མཐོང་སྐྱེ་བའི་གཞི་རྟེན་དུ་འགྱུར་བ་བཅས་ཡིན། དེ་ལྟ་བུའི་ཞི་གནས་ནི་ནང་པའི་ལམ་རིམ་གྱི་ནང་གསེས་གལ་ཆེ་བའི་ཉམས་ལེན་ཞིག་ཡིན།

ལུང་ཁུངས།

[རྩོམ་སྒྲིག]
  1. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས། ༢༢༠
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས། ༤༥༨
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས། ༡༨༥
  4. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༧༤༠
  5. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༢༤༦
  6. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས། ༧༣༩
  7. དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས། ༢༣༢