Jump to content

ཞལ་བ་

ཡོང་ཁུངས་Wikipedia

ཁང་པའི་ནང་གི་ལྡེབས་ཞལ་རྒྱག་པའི་ལག་རྩལ་ནི་གནའ་རབས་སྤྱི་ལོའི་གོང་གི་ལོ་ཉིས་བརྒྱའི་སྔོན་ནས་དར་ཡོད། རྒྱལ་པོ་གཉའ་ཁྲི་བཙན་པོའི་དུས་ཕོ་བྲང་ཡུམ་བུ་བླ་སྒང་གི་ནང་ལྡེབས་བྲིས་ཡོད་པའི་གནས་ཚུལ་དེ་དང་། ལྡེབས་བྲིས་རི་མོ་དེ་ཡང་རྒྱལ་ཡོངས་བཅིངས་འགྲོལ་མ་གཏང་གོང་ཕྱི་རྒྱལ་གྱི་མིས་དཔར་བཤུས་བྱས་ཡོད་པས་གནས་ཚུལ་ཐོས་རྒྱུ་འདུག་པ་དེར་བརྟགས་ན། ལོ་ཉིས་སྟོང་ཙམ་གྱི་དུས་ཡུན་རིང་པོའི་ནང་མ་ཉམས་པར་གནས་ཐུབ་པའི་ལྡེབས་བྲིས་ཤིག་འབྲི་བར་འབྲི་བཞིའི་ལྡེབས་ཞལ་བཟོ་བོའི་ལག་རྩལ་ཆུ་ཚད་ངེས་ཅན་དགོས་ཡོད་པ་མཐོང་ཐུབ་ཅིང་། དེ་མིར་སྤྱིར་བཏང་གི་གྱང་ངོས་སུ་ལྡེབས་བྲིས་བྲིས་ན་ལོ་མང་པོ་གནས་མི་ཐུབ་པ་མཟད་གསལ་པོ་མཐོང་མི་ཐུབ་པ་ཞིག་ཡོང་མི་སྲིད། རིག་གནས་གསར་བརྗེ་ཆེན་པོའི་སྐབས་ལྷ་ས་ཉེ་འཁོར་གྱི་ར་མོ་ཆེ་དང་། དགོན་པ་ཁག་གི་ལྡེབས་བྲིས་པགས་པ་བཤུས་པའི་ཤུལ་དུ་ལྡེབས་ཞལ་ལ་རིམ་པ་གསུམ་མཐོང་རྒྱུ་ཡོད་པ་སྟེ། རྩིག་པའི་སྟེང་དུ་ཐོག་མར་རྩུབ་ཞལ་ཟེར་བ་བྱེ་མ་ཚགས་མ་རྒྱབ་པའི་བྱེ་ཧྲོབ་དང་ས་དཀྱུས་མ་བསྲེས་ནས་ཞལ་བ་བྱས་པ་དང་། དེ་ནས་དེའི་ཐོག་ཚགས་བརྒྱབ་པའི་བྱེ་ཞིབ་དང་ས་དཀར་བསྲེས་ནས་བར་ཞལ་ཟེར་བའི་ཞལ་བའི་རིམ་པ་གཉིས་པ་བཏང་། དེ་རྗེས་ས་དཀར་དང་ས་དམར་བསྲེས་པའི་ཞལ་བ་རིམ་པ་གསུམ་པ་བྱས་ཐོག རྡོ་དཀར་གོང་ངོས་སྙོམས་པ་ཞིག་གིས་འབུར་བརྡར་བྱས་ཏེ་ཁོད་སྙོམས་པོ་བཟོ་བ་དང་། འཇམ་ཤ་འདོན་པ་བཅས་བྱས་འདུག་སྟབས། གྲི་དང་ཚལ་ཏའོ་ཁྱེར་ནས་ལྡེབས་ཞལ་བཀོག་དུས་པགས་པ་རིམ་པ་གསུམ་ཙམ་བཤུས་རྒྱུ་ཡོད་པ་དེ་འདྲ་བའི་སྲ་བརྟན་དང་སྤུས་ཚད་ཧ་ཅང་མཐོན་པོ་འདུག པོ་ཏ་ལའི་ཕོ་བྲང་དམར་པོ་དང་། དཀར་པོའི་ལྡེབས་ཞལ་དང་། དེ་སྔོན་ཡོན་རྒྱལ་རབས་སྐབས་བཞེངས་པའི་གཙུག་ལག་ཁང་རྙིང་པོ་དེ་ཚོའི་ལྡེབས་ཞལ་རྣམས་ལག་རྩལ་ཆུ་ཚད་ཧ་ཅང་མཐོན་པོ་ཡོད། ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཞལ་བ་རྒྱག་མཁན་ལ་རིམ་པ་གསུམ་པ་རྒྱག་རྒྱུ་དང་། ཞལ་མཁན་བྱིངས་ལ་བཀོད་འདོམས་བྱེད་རྒྱུ་དེ་ཡིན། རིམ་པ་གཉིས་པ་ནི་བྱིངས་གྲས་ཡིན་ཅིང་། དེའི་ལས་འགན་ནི་བར་ཞལ་རྒྱག་རྒྱུ་དང་། དབུ་མཛད་ལ་ལས་རོགས་བྱེད་རྒྱུ། རིམ་པ་གསུམ་པ་ནི་དཀྱུས་མའི་གྲས་ཡིན་ཅིང་ཁོ་ཚོས་རྩིག་པའི་ཐོག་ལ་ཐོག་མའི་རྩུབ་ཞལ་གཏོང་རྒྱུ་དང་ཞལ་བ་ཁག་གི་འདམ་ཆུ་བཟོ་རྒྱུ། དབུ་མཛད་ལ་ལག་གཡོག་རྒྱུགས་རྒྱུ་སོགས་ཙག་ཙིག་ལས་ཀ་སྣ་ཚོགས་བྱེད་དགོས། ཕོ་བྲང་དམར་པོ་གསར་བཞེངས་སྐབས་ཞག་བ་རྒྱག་མཁན་དབུ་མཛད(རྒྱ་རི་ཙན་དན)མི་གཅིག་བྱིངས་གྲས(ཟ་དམ་བསམ་འགྲུབ་སོགས)མི་དགུ། དཀྱུས་མའི་གྲས་མི་བཅུ་གཉིས་བཅས་ཡོད། རྒྱ་ཁྱོན་ཆེ་བའི་ཁང་པ་འདི་འདྲར་ལྡེབས་ཞལ་སྤུས་ཚད་ཧ་ཅང་མཐོ་པོ་ཡོད་པ་དང་། མི་གྲངས་ཧ་ཅང་ཉུང་ཉུང་ཞིག་ལས་མེད་པ་འདི་ལ་བསམས་ན་ལྡེབས་ཞལ་རྒྱག་རྒྱུའི་ཞས་རྒྱུན་རིམ་པོ་འགོར་ཡོད་ཚོད་འདུག ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཞལ་བ་&oldid=109539"ལས་སླར་རྙེད་སོང།