ཞང་ཞུང་མེ་རི་སྙིང་ཐིག་
བདག་ཉིད་ལས་ཀྱི་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ། སྐུ་ལས་རིན་པོ་ཆེ་ཡི་གཤོག་པས་བརྒྱན་པ། སྐུ་མདོག་མཐིང་ལ་ནག་པ༑ གཡས་པ་གསུམ་ན་ཁམས་གསུམ་བསྲེགས་པའི་མེ་རི་བསྣམས་པ། གཡོན་པ་གསུམ་ན་སྲིད་གསུམ་བསྲེགས་པའི་མེ་རི་བསྣམས་པ། བ་སྤུའི་ཉག་མ་རེ་རེ་ལ་གསེར་གྱི་མེ་སྟག་གྲངས་མེད་པ་འཕྲོ་བ། ཐུགས་རྗེ་གཡུ་ཡི་དུད་པ་ནམ་མཁའ་ལ་ཐུལ་བ། དབལ་གྱི་མེ་རི་འབར་བའི་ཀློང་ནས་བཞུགས་པ། དེ་ལྟར་གསལ་བའི་ཐུགས་ཀ་ན། ཡི་གེ་རཾ་སེར་པོ་ལ་མེ་འབར་བ། སྟོང་གསུམ་འཇིག་རྟེན་ཐམས་ཅད་མེ་ལྕེས་ཁེངས་པར་གྱུར་ཏེ། བགེགས་དང་ལོག་འདྲེན་ཐམས་ཅད་བསྲེགས་པར་བསྒོམ། བསྭོ་ཨུ་རཾ་རཾ་མུ་མར་ནེ་རྒྱུང་ནེ་རཾ་རཾ་མར་རཾ་རཾ་མར་ཧྲིལ་ཧྲིལ་མ་ར་ཡ་ཕཊ། ལྷ་དེ་ཡི་ཐུགས་ཁ་ན་མུ་ལིང་ནེ་ཏིང་ཁཾ་རཾ་བྲུཾ། དེ་དག་ལས་འབྱུང་བ་རིམ་བརྩེགས་གཞལ་ཡས་ཁང་དང་བཅས་པ་བསྐྱེད། དེ་ཡི་ནང་དུ་གཞལ་ཡས་ཁང་གི་གདན་སྟེང་དུ། ཡི་གེ་ཨུ་ལས་སྤྲུལ་པའི་སྐུ། དབལ་ཆེན་གེ་ཁོད་དབུ་དགུ་ཕྱག་བཅོ་བརྒྱད་པ། ཞབས་རྣམ་པ་དྲུག་ཏུ་བགྲད་པ། སྐུ་མདོག་གསེར་བཙོ་མའི་མདོག་འདྲ་བ། དབུ་ཡི་གཙུག་ན་གསེར་གྱི་བྱ་ཁྱུང་གི་སྟེང་ན། ཡེ་ཤེས་ཀྱི་ལྷ་ཨ་ཏི་མུ་ཝེར། ཐུགས་ཁ་ན་རྫུ་འཕྲུལ་གྱི་ལྷ་ཀུ་བྱི་མང་ཀེ་གནས་པ། སྤྲུལ་པའི་འཁོར་བསམ་གྱི་མི་ཁྱབ་པ་བསྐོར་བར་བསམ། སྤྱན་འདྲེ་ནི། ཡི་དམ་མགོན་པོ་རྣམ་གསུམ་འཁོར་བཅས་རྣམས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །བསྭོ་ༀཱ་གེ་ཁོད་སད་ཝེར་དེ་མིན་གྱེར་སྤུངས་ཛ་ཛ། ཕྱག་ནི།། མགོན་པོ་རྣམ་གསུམ་འཁོར་བཅས་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །བསྭོ་ༀཱ་གེ་ཁོད་སད་ཝེར་དེ་མིན་གྱེར་སྤུངས་ཧེ་ཧེ་ན་མ། བཞུགས་གསོལ་ནི། མགོན་པོ་རྣམ་གསུམ་འཁོར་བཅས་རྣམས། །དགྱེས་ཤིང་བརྟེན་པར་བཞུགས་སུ་གསོལ། །བསྭོ་ༀཱ་གེ་ཁོད་སད་ཝེར་གྱེར་སྤུངས་ཏི་སྟ་ལྷན། བཤགས་པ་ནི། མི་དགེ་སྡིག་པའི་ལས་རྣམས་དང་། དམ་ཚིག་ཆགས་ཉམས་མཐོལ་ལོ་བཤགས། །བསྭོ་ༀཱ་གེ་ཁོད་སད་ཝེར་གྱེར་སྤུངས་ཤུད་དེྷ་ཤུད་དེྷ་ཡེ་སྭཧྭ། མཆོད་པ་ནི། མགོན་པོ་རྣམས་གསུམ་འཁོར་བཅས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་མ་ལུས་འབུལ། །བསྭོ་ༀཱ་གེ་ཁོད་སད་ཝེར་ཟུར་ནམ་དེ་ཤོ་ཧ་ར་སད་ན་མ་ཕྱོད་ཕྱོད་སང་སང་ན་ག་ཏེ་ཡེ་སྭཧྭ། འཛབ་དང་སྐུ་བསྟོད་ནི།ཉེ་ལོ་ཡོ་རྦ་རྦ་རཾ་རཾ་ལིག་མིན་ཚར་གྱི་ཧོར་ཆ་རཾ་ཁྱིམ་འདུར་སྤོག་སེ་སྤུངས་སེ་རཾ། གེ་ཁོད་སྤོག་སེ་སྤུངས་སེ་རཾ། ཨུ་རཾ། ཀུ་རཾ། སྤེ་རཾ། མུ་ཏིང་རཾ། དུ་ཏྲི་རཾ། མར་ཞི་རཾ། ཡེ་ཤེས་ལྷ་ཆེན་ཨ་ཏི་མུ་ཝེར་ལ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །རྫུལ་འཕྲུལ་ལྷ་ཆེན་ཀུ་བྱི་མང་ཀེ་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །སྤྲུལ་པའི་ལྷ་ཆེན་དབལ་ཆེན་གེ་ཁོད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཡི་དམ་མགོན་པོ་རྣམས་གསུམ་འཁོར་བཅས་རྣམས། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། སྐྱོད་ཅིག་སྐྱིད་ཅིག་གནས་ན་སྐྱོད། །མ་རིག་ལོག་རྟོག་བཟུང་འཛིན་དང་། །ཉོན་མོངས་དུག་ལྔ་དུག་གསུམ་དང་། །བར་ཆད་ལོག་འདྲེན་འབྱུང་པོ་དང་། །མི་མཐུན་ལོག་པའི་ཕྱོགས་གྱུར་རྣམས། །མཁའ་ཀློང་དབྱིངས་སུ་བསྒྲལ་དུ་གསོལ། །བོན་ཉིད་ངང་དུ་ཐམས་ཅད་སྟིམས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཞང་ཞུང་ཛོ་ཕུར་གསེར་གྱི་ཡང་ཞུན་གསང་བ་འཛབ་ཀྱི་སྙིང་པོ། འཛབ་བསྐྱེད་ནི། བདག་ཉིད་ཛོ་ཕུར་ཐུགས་ཀར་རུ༑ པདྨ་ཉི་ཟླའི་སྟེང་དུ་རཾ། སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར། འཕྲོ་འདུས་མཐུ་དབང་བྱིན་རླབས་ཐོབ། བསྭོ་ༀཱ་ཉེ་ལོ་ཡོ་ནེ་རཾ་ཁྲོ་ཏ་ཀི་ལ་ཡ། མ་མ་ཧ་ལ་ན་ག་ཏིང་རོ་ཧུར། ལེན་ཀེ་ལོ་དེ་ནི་ཧཱུྃ་ཕཊ། ཅེས་བརྒྱ་སྟོང་ཁྲི་འབུམ་བྱེ་བ་བསྙེན། འཛབ་བསྟོད་ནི། བསྭོ་དབལ་ཆེན་གསང་བའི་དཀྱིལ་འཁོར་ལྷ། །སྙིང་པོ་འཛབ་ཀྱི་མཆོད་པ་འབུལ། །བསྒྲུབས་ཅིང་འགྲུབ་པའི་རྟགས་སྟོན་ལ། །བྱིན་རླབས་མཐུ་དབང་དངོས་གྲུབ་སྩོལ། །ཅེས་བསྟོད་ཅིང་རྒྱུན་དུ་བསྙེན་པར་བྱའོ། །བཀྲ་ཤིས།
ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།
རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། །བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །
གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །།