ཞང་ཞུང་ཆོས་དབང་གྲགས་པ་

ཡོང་ཁུངས་Wikipedia

རྗེ་འདི་ཉིད་རབ་བྱུང་བདུན་པའི་ཤིང་སྤྲེལ(1404)ལོར་ཞང་ཞུང་གི་ཡུལ་དུ་སྐུ་འཁྲུངས། ཆུང་དུས་ནས་བསླབ་པར་བྱ་བའི་ཆོས་གང་དང་གང་ལའང་ཚེགས་མེད་དུ་མཁྱེན། དེ་རྗེས་དབུས་སུ་བྱོན་ཏེ་རྒྱལ་བ་ཡབ་སྲས་གསུམ་དང་མཚུངས་མེད་ཆོས་རྗེ་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ནས་མདོ་རྒྱུད་ཀྱི་བཤད་ལུང་དང་ཟབ་མོའི་དབང་ཁྲིད་རྗེས་གནང་བུམ་པ་གང་བྱོའི་ཚུལ་གྱིས་གསན་ཞིང་། སྒྲ་ཚད་སྙན་ངག་སོགས་ཐུན་མོང་གི་རིག་གནས་མཐའ་དག་ལ་ཡང་སྦྱངས་པ་མཐར་ཕྱིན་མཛད་པས། ཟླ་མེད་པའི་མཁས་པའི་གོ་འཕང་རྙེད་དེ་མུས་སད་པ་བློ་གྲོས་རིན་ཆེན་སེང་གེ་དང་འདི་བ་གཉིས་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་པ་གཉིས་སུ་གྲགས། དགུང་ལོ་སོ་ལྔ་པ་ས་རྟ(1438)ལོར《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》མཛད། དགུང་ལོ་ང་ལྔ་པ་རབ་བྱུང་བརྒྱད་པའི་ས་སྟག(1458)ལོར་ཐར་འདོད་སྐྱེ་བོའི་འཇུག་ངོགས་ཆབ་མདོ་བྱམས་པ་གླིང་ཞེས་གྲགས་པའི་ཆོས་སྡེ་ཆེན་པོའི་ཁྲི་ཐོག་གཉིས་པ་ལ་ཕེབས་ཏེ་ཕར་ཕྱིན་དང་རྒྱུད་སྡེ་རྒྱ་མཚོའི་འཁོར་ལོ་རྒྱ་ཆེར་བསྐོར། དགུང་ལོ་དྲུག་ཅུ་རེ་དྲུག་པ་རབ་བྱུང་བརྒྱད་པའི་ས་གླང(1469)ལོར་ནགས་ཤོད་སྤུས་མདའ་རྣམ་རྒྱལ་དཔལ་འབར་དུ་སྐུ་གཤེགས། རྗེ་འདི་ཉིད་ཀྱིས《རྣམ་ངེས་འཐད་ལྡན》གྱི་འགྲེལ་བཤད་དང་། 《དུས་འཁོར་གྱི་བསྐྱེད་རྫོགས》སོགས་ལྗགས་རྩོམ་མཛད་ཅིང་། མཁས་གྲུབ་རིན་པོ་ཆེའི་དུས་འཁོར་ཊིཀ་ཆེན་རྩོམ་འཕྲོ་ལུས་པ་མཇུག་རྫོགས་པར་མཛད། གཞན་ཡང་སྙན་ངག་གིས་ཡོངས་སུ་སྤུད་པའི་ལྷ་དང་བླ་མའི་བསྟོད་པ། རཱ་མ་ཎའི་རྟོགས་བརྗོད་ལ་སོགས་པ་གངས་ཅན་བོད་ཀྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ལྟར་གྱུར་བའི་སྙན་ངག་གི་ལམ་ནས་དྲངས་པའི་བཀའ་རྩོམ་ཡང་མང་པོ་མཛད།།