ཞང་ཞུང་གི་ཡི་གེར་དཔྱད་པ་
སྤྱིར་ན་གནའ་རབས་བོད་བཙན་པོའི་ལོ་རྒྱུས་ཡིག་ཆའི་ནང་དུ་གསལ་བ་ལྟར་ཞང་ཞུང་གི་ཡི་གེ་ནི་སྟག་གཟིག་གི་ཡི་གེ་ཞིག་ཡིན་གསུངས་པ་དང་། ལྷག་ཏུ་ཡིད་རྟོན་འཕེར་བའི་ཚད་ལྡན་གྱི་ཡིག་ཆ་བོན་གྱི་མཁས་དབང་ཆེན་མོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་གསུང་འབུམ་ནང་དུའང་ཞང་ཞུང་གི་ཡི་གེ་ནི་སྟག་གཟིག་གི་ཡི་གེ་ཞིག་ཡིན་པར་གསུངས་ཡོད། འོན་ཀྱང་དེང་གི་མཁས་པ་མང་པོས་མཁས་པ་ཤར་རྫས་གསུང་པ་དེར་བདེན་པ་མིན་ལུགས་དང་། ཁོང་གིས་གསུང་པ་དེ་ཡང་དག་པ་མི་ཚུལ་སོགས་བརྗོད་ཀྱི་ཡོད་རུང་དེ་ནི་གསེར་ར་གན་དུ་གཏོང་བའི་རིག་པ་ཞིག་ཡིན་པར་སེམས། རྒྱུ་མཚན་ནི། གནའ་རབས་བོད་ཀྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་གོང་གི་ཡིག་ཆ་དང་། དུས་རབས་བཅོ་བརྒྱད་པའི་ཆེས་ཞིབ་མི་སྣ་མཁས་པའི་དབང་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་སོགས་ཀྱིས་བདེན་དཔང་རྣམ་དག་ཡོད་པས་དེ་ལྟར་གསུངས་པར་ངེས་ལ། དེ་བཞིན་ཕྱིས་སུ་ལི་ཡུལ་ནས་རྙེད་པའི་ཁྲམ་ཤིང་ལ་སོགས་པའི་དངོས་པོའི་དཔང་རྟགས་ལའང་བརྟེན་ནས་དཔྱད་དཔག་བྱེད་ཆོག་པར་སེམས། འོ་ན་ཞང་ཞུང་གིས་བེད་སྤྱོད་པའི་ཡི་གེ་དེ་གང་ཡིན་ཟེར་ན། ཞང་ཞུང་གི་ཡི་གེ་དེ་ནི་ཁ་རོ་སྠིའི་ཡི་གེ་(佉卢文)ཞེས་པ་དེ་ཡིན་པར་སྙམ་ལ། ཡི་གེ་དེ་ནི་ཐོག་མར་གནའ་རབས་སྟག་གཟིག་པོ་སིའི་ས་ཆར་བེད་སྤྱོད་གཏོང་བའི་ཡི་གེ་ཞིག་ཡིན་པ་དང་། དེ་རྗེས་རིམ་བཞིན་ཉེ་འཁོར་གྱི་ས་ཆ་ཁག་ལའང་དར་ཁྱབ་བྱུང་བ་ཞིག་ཡིན་ཏེ། དཔེར་ན། པར་ཀི་སྠིན་དང་། ཨབ་གྷ་ནི་སྠིན་ལ་སོགས་སུ་དར་ཁྱབ་བྱུང་བ་ཡིན། དེ་བཞིན་སུམ་བྷ་དང་། ཞང་ཞུང་ལ་སོགས་པའི་ས་ཆ་ལའང་དར་ཁྱབ་བྱུང་བར་སེམས། འོ་ན་ཁ་རོ་སྠིའི་ཡི་གེ་དེ་ཇི་ལྟར་ཉམས་པ་ཡིན་ཅེས་ན་གནའ་རབས་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་གཅིག་མཚུངས་ལྟར་ཡི་གེ་བེད་སྤྱོད་བྱེད་མཁན་གྱི་མི་ཉུང་ཤས་ལས་མེད་དེ་ཆོས་ལུགས་སྤེལ་མཁན་གྱི་དབུ་ཁྲིད་དང་། རྒྱལ་པོ་ལ་སོགས་མི་ཉུང་ཤས་ཀྱིས་བེད་སྤྱོད་གཏོང་བ་ཙམ་ཡིན། དེས་ན་སྐད་ཡིག་སྐྱེ་འཆི་ནི་བེད་སྤྱོད་གཏོང་མཁན་མང་ཉུང་གི་དབང་གིས་བྱུང་བ་ཞིག་ཡིན་པས་ན་ཁ་རོ་སྠིའི་ཡི་གེ་ཡང་དེ་ལྟར་དུ་ཉམས་པར་སེམས། འོན་ཀྱང་རང་རིགས་ཤེས་ཡོན་པ་དང་། ཆེས་ཞིབ་མི་སྣ་ཚོས་མུ་མཐུད་དེ་དཔྱད་པར་འཚལ་ལོ། །