Jump to content

ཝཱ་རཱ་ཎཱ་སཱི་

ཡོང་ཁུངས་Wikipedia

གནས་ཆེན་བཞིའི་ཡ་གྱལ་གནས་མཆོག་ཝཱ་རཱ་ཎཱ་སཱིའི་ཁོངས་གཏོགས་དྲང་སྲོང་སྨྲ་བའི་རི་དྭགས་ནགས་སམ། སཱར་ནཱཐ་ (Sarnath) ནི། སངས་རྒྱས་ཀྱིས་འཁོར་ལྔ་སྡེ་བཟང་པོར་ཆོས་འཁོར་དང་པོ་བསྐོར་སའི་གནས་ཡིན་པ་དང་། ཝཱ་རཱ་ཎ་སཱི་ཞེས་པའི་མིང་ཐོགས་ཚུལ་ནི་གྲོང་ཁྱེར་འདི་ཉིད་གཙང་པོ་ཝཱ་རུ་ཎཱ་དང་ཨཱསྶཱི་གཉིས་ཀྱི་ནང་ཚུད་ལ་ཡོད་པས་མིང་དེ་ལྟར་ཐོགས་པར་གྲགས། ཝཱ་རཱ་ཎ་སཱིར་སངས་རྒྱས་ཀྱི་ཆོས་འཁོར་བསྐོར་པའི་རྒྱུ་མཚན་ནི། སྔར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་པའི་མཛད་པ་བསྟན་ནས་ཐུགས་ལ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོར་རྙེད། ། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། ། ཞེས་དེ་ལྟར་ཐུགས་ལ་དགོངས་ནས་ཞག་བདུན་ནམ་ཉིན་བཞི་བཅུ་ཞེ་དགུའི་རིང་ཆོས་མ་གསུངས་པར་ཚོང་དཔོན་ག་གོན་དང་བཟང་པོ་སོགས་ཀྱིས་མཆོད་ཅིང་བཞུགས་པ་ན། མི་མཇེད་འཇིག་རྟེན་གྱི་བདག་པོ་ཚངས་པ་ཆེན་པོས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་པ་ལྟར་འདུལ་བྱར་གཟིགས་སྐབས་སྔར་བཅོམ་ལྡན་འདས་དཀའ་བ་སྤྱད་པའི་དུས་ཀྱི་དྲང་སྲོང་ལྔར་གཟིགས་པས་དྲང་སྲོང་ལྔ་པོ་དག་སྐབས་དེར་ཡུལ་ཝཱ་རཱ་ཎ་སཱིར་ཡོད་པ་གཟིགས་ནས་སངས་རྒྱས་དྲང་སྲོང་སྨྲ་བའི་རི་དྭགས་ཀྱི་ནགས་སུ་བྱོན་ཏེ། བོད་ཟླ་དྲུག་པའི་ཚེས་བཞི་ཉིན་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་འཁོར་བསྐོར་བས། ཀུན་ཤེས་ཀཽའུ་དི་ན་ཡ་དགྲ་བཅོམ་པའི་གོ་འཕང་ཐོབ། དེ་རྗེས་རྟ་ཐུལ་དང༌། རླངས་པ། མིང་ཆེན། བཟང་ལྡན་བཅས་ཀྱིས་བདེན་པ་མངོན་སུམ་མཐོང་བ་སོགས་ཀྱི་ལོ་རྒྱུས་ཡོད་པའི་གནས་ངོ་མཚར་ཅན་དེ་ཡིན་ནོ།། །།